ཐོན་མིའི་ཡིག་ཕུད་གླེང་བ།

སྐ་ཕུག་ཕག་མོ་ཚེ་བརྟན། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-06


[གནད་བཏུས] ཁུངས་བཙུན་ཡིག་ཆ་དག་ལ་གཞིགས་ན། བོད་ཀྱི་ཐོན་མིའི་ཡིག་ཕུད་སྙན་ངག་ཐོག་མ་འདིར་བརྗོད་བྱའི་ནང་དོན་ཐད་སངས་རྒྱས་ཆོས་ལུགས་ཀྱི་ལྟ་བ་དྲངས་ནས་བརྩམས་ཡོད་ཚུལ་དང་། སྒྱུ་རྩལ་གྱི་ཕྱོགས་ནས་སྙན་ངག་གི་སྒྲ་རྒྱན་ལས་བྱ་དཀའ་བ་དབྱངས་ཨ་ངེས་པའི་རྒྱན་སོགས་ཀྱིས་སྤྲས་ཚུལ་དང་། ཡིག་ཕུད་སྙན་ངག་འདི་ཐོན་མི་སམ་བྷོ་ཊའི་ལྗགས་རྩོམ་དངོས་ཡིན་མིན་གྱི་དོགས་སློང་དང་བཅས། རྗོད་བྱེད་ཀྱི་ཚིག་དང་། བརྗོད་བྱའི་དོན། རྒྱན་གྱི་ཉམས་སོགས་ཕྱོགས་གང་ཐད་ནས་བོད་ཀྱི་རྩོམ་རིག་ལོ་རྒྱུས་སྟེང་གོ་གནས་གལ་ཆེན་ཞིག་བཟུང་ཡོད་པའི་སྙན་རྩོམ་ཚིག་ཉུང་དོན་འདུས་ཤིག་ཡིན་པར་བརྗོད་ཡོད།

[གནད་ཚིག] ཐོན་མིའི་ཡིག་ཕུད། ནང་དོན། སྒྱུ་རྩལ། དོགས་སློང་།

  ཐོན་མིའི་ཡིག་ཕུད་སྙན་ངག་ཐོག་མ་འདི་ནི། བོད་རྗེ་སྲོང་བཙན་སྒམ་པོ་གསེར་གྱི་ཁྲི་ལ་མངའ་གསོལ་རྗེས། དམ་པའི་ལྷ་ཆོས་ཀྱི་ཁྲིམས་དང་འཇིག་རྟེན་མི་ཆོས་ཀྱི་ཁྲིམས་ཏེ་ཞི་དྲག་ཟུང་གི་ཁྲིམས་ལུགས་རྒྱས་པར་མཛད་ནས། ནང་གི་སོ་ཁ་བསྙམས་ཤིང་ཕྱི་ཡི་སོ་ཁ་བཙན་པར་བྱས་པ་དང་། ཡུལ་དུས་དང་འཚམས་པའི་སྲིད་ཇུས་གསར་པ་སྣ་ཚོགས་སྤེལ་པས་སྲིད་འབྱོར་རིག་གསུམ་ལ་སྔ་ན་མེད་པའི་འཕེལ་རྒྱས་གསར་པ་བྱུང་བ་སོགས་ཀྱིས་རྒྱལ་པོ་སྲོང་བཙན་སྒམ་པོའི་མཚན་སྙན་དེ་མཐའ་བཞིའི་རྒྱལ་ཁག་རྣམས་ལ་གྲགས་ཆེ་བར་གྱུར་པས། མཐའ་བཞིའི་རྒྱལ་པོ་རྣམས་ཀྱིས་ཕོ་ཉ་མངགས་ཏེ་ལེགས་སྐྱེས་དང་ཡི་གེ་ཕུལ། འོན་ཀྱང་། བོད་ལ་ཡི་གེ་མེད་པས་ཐག་པ་ལ་མདུད་པ་དང་ཤིང་ལ་རྟགས་བཏབ་སྟེ་བཀའ་ལན་གནང་བ་ཙམ་ལས་ཐབས་གཞན་མེད་སྟབས་ཉམས་དམའ་བར་མངོན། དེར་བརྟེན་རྒྱལ་པོ་སྲོང་བཙན་སྒམ་པོས་ཐོན་མི་ཨ་ནུའི་བུ་སམ་བྷོ་ཊ་སོགས་བོད་ཕྲུག་བློ་རྣོ་བ་བཅུ་དྲུག་ལ་གསེར་ཕྱེ་བྲེ་གང་དང་གསེར་གྱི་པ་ཊ་སོགས་རིག་བྱེད་སྨྲ་བའི་སྟོན་པ་ཡིད་དབང་འཕྲོག་པར་བྱེད་པའི་སྐྱེས་དང་བཅས་རྒྱ་གར་འཕགས་པའི་ཡུལ་དུ་ཡི་གེ་སློབ་པར་མངགས། དེར་སམ་བྷོ་ཊ་རིག་པའི་གནས་ལྔ་ལ་མཁས་པར་གྱུར་ཐོག བོད་དུ་ཕྱིར་ཕེབས་ནས་བོད་ཀྱི་སྐད་དང་མཐུན་པའི་སྒྲ་སྦྱོར་ཡི་གེ་འདིའི་སྲོལ་བཏོད་རྗེས་བློན་པོ་ཐོན་མིས་བོད་རྒྱལ་སྲོང་བཙན་སྒམ་པོར་ཞུ་འབུལ་གྱི་ཡིག་ཕུད་ཀྱི་ཐོག་མ་བརྩམས་པར་གྲགས་ཤིང་། གཞན་དུ་བོད་ལྗོངས་སྟག་རྩེ་ས་ཁུལ་གྱི་ངག་རྒྱུན་དུའང་བཙུན་མོའི་ཚལ་དགོན་དུ་རྡོ་ལ་བརྐོས་པའི《ཡིག་ཕུད་སྙན་ངག》འདི་ནི་རྒྱལ་པོ་སྲོང་བཙན་སྒམ་པོའི་བཀའ་ལྟར་ཐོན་མི་སམ་བྷོ་ཊ་རྒྱ་གར་འཕགས་ཡུལ་དུ་སློབ་གཉེར་དུ་ཕེབས་ནས་རིག་གནས་སྣ་ཚོགས་ལ་མཁས་པར་སྦྱངས་ཤིང་བོད་སྐད་ཀྱི་ཁྱད་ཆོས་དང་མཐུན་པའི་བོད་ཡིག་འདི་ཉིད་གསར་གཏོད་མཛད་དེ་ཕྱིར་ལོག་དུས། རྒྱལ་པོ་སྲོང་བཙན་ཡབ་ཡུམ་གཉིས་ལྷ་ས་ནས་བཙུན་མོ་ཚལ་དགོན་པར་སྤྲོ་འཆམ་དུ་ཕེབས་ཡོད་པས་ཁོང་རང་ཡང་དེར་བསླེབས་ནས་རྗེ་སྲོང་བཙན་སྒམ་པོ་ལ་ལེགས་སྐྱེས་སུ་ཡིག་ཕུད་དུ་ཕུལ་བ་ལ་ས་དེའི་བོད་མི་རྣམས་ཀྱིས་དོན་དེ་ལ་རྗེས་དྲན་བྱེད་ཆེད་དུ། རྗེས་སུ་ཡིག་ཕུད་འདི་ཉིད་ལོ་རྒྱུས་ཀྱི་རྡོ་རིང་ངོས་སུ་བརྐོས་པ་བཅས་ཐོག་མར་ཕུལ་ས་དང་བཤད་ཚུལ་རེ་འགའ་ལགས་པ་གང་ལྟར་ཡང་ཐོན་མིའི་ཡིག་ཕུད་སྙན་ངག་འདི་ནི་ཀུན་ལ་གྲགས་ཆེ་བས། ཁོ་བོས་གཤམ་དུ་མཁས་པའི་གསུང་རྒྱུན་གྱི་རྨང་གཞིའི་སྟེང་རང་བློའི་ལྕོགས་ཚོད་ཀྱིས་ཅུང་ཟད་གླེང་བར་འདོད་དོ། །

དང་པོ། 《ཐོན་མིའི་ཡིག་ཕུད》ཀྱི་བརྗོད་བྱའི་ནང་དོན།
མདོ་ཕྱོགས་དང་སྔགས་ཕྱོགས་སོ་སོའི་ཐ་སྙད་ཀྱི་སྟེང་ནས་འགྲེལ་ཚུལ་རེ་རེ་ཡོད་པ་ལ་འདིར་མཁས་དབང་ཚེ་ཏན་ཞབས་དྲུང་ཚང་གིས་འགྲེལ་བ་ལས་ལྷག་པ་མེད་པས་ཚིགས་བཅད་དང་པོར་སྦྱོར་འགོད་ཀྱི་སྒོ་ནས་ཚིག་དོན་འགྲེལ་བ་བྱས་ཡོད་པ་ཇི་བཞིན་དུ་བཀོད་ན་འདི་ལྟ་སྟེ།གཅིག ཤོ་ལོ་ཀ་དང་པོ་ནི་ཚེག་བར་དགུ་མའི་རང་བཞིན་ཅན་གྱི་དབྱངས་ཨ་ངེས་པའི་སྙན་ངག་གི་བྱ་དཀའ་བའི་རྒྱན་གྱིས་བཅིངས་ཡོད་ལ། བརྗོད་དོན་ནི།“སོ་སྐྱེའི་ས་ལས་རིང་དུ་སོང་བས་ན་འཕགས་པ་དང་། བདུད་བཞིའི་གཡུལ་ངོ་ལས་རྣམ་པར་རྒྱལ་བས་མ་ཕམ་པ་སྟེ། དགའ་ལྡན་གྱི་མགོན་པོ་རྗེ་བཙུན་བྱམས་པ་ཆོས་ཅན། མཚན་ཉིད་ཐམས་ཅད་ཡང་དག་པར་ལྡན་པའི་འདྲེན་པ་དམ་པ་ལགས་ཏེ། སྐུ་གསུང་ཐུགས་གསུམ་གྱི་ཡོན་ཏན་ལས་ཐོག་མར་སྐུ་ཡི་ཡོན་ཏན་གྱི་ཆ་ནས་ཞལ་རས་ཏེ་བཞིན་གྱི་དཀྱིལ་འཁོར་དག་ཅིང་གསལ་ལ། ཕལ་བའི་ཚོན་གྱིས་བསྒོས་པ་མ་ཡིན་པར་ལྷན་སྐྱེས་སུ་གྲུབ་པའི་ཞལ་གྱི་གཟི་མདངས་བཟང་བར་མ་ཟད། ཐ་མལ་བའི་གདོང་ལྟར་ལྐོག་ཏུ་ལྷུང་བ་དང་། ཞོམ་པ་ལ་སོགས་པའི་སྐྱོན་དང་བྲལ་བ་ནི། དཔེར་ན། ཟླ་བ་ཉ་གང་བའི་ཚུལ་ལྟར་མཚན་བཟང་དང་ལྡན་པའི་ཕྱིར། ཡང་རྗེ་བཙུན་བྱམས་པ་ཆོས་ཅན། ཁྱེད་ལ་གསུང་གི་ཡོན་ཏན་ཁྱད་པར་དུ་འཕགས་པ་ཡང་ཡོད་དེ། གདུལ་བྱ་རྣམས་ཐར་པའི་ལམ་དུ་བཀྲི་བའི་གདམས་ངག་ཟབ་མོའི་ལམ་གྱི་རིམ་པ་གདུལ་བྱའི་སྐལ་བ་དང་འཚམ་པར་རྒྱུན་མ་ཆད་པའི་གསུང་ཚངས་པའི་དབྱངས་དེ་ནི། ལྷ་དང་བཅས་པའི་འཇིག་རྟེན་པའི་རིས་ཐ་དད་པའི་མོས་པ་བཞིན་དུ་ཆོས་ཀྱི་རང་སྒྲ་ལྷང་ལྷང་དུ་སྒྲོགས་པར་མཛད་པའི་ཕྱིར། ཡང་རྗེ་བཙུན་བྱམས་པ་ཆོས་ཅན། ཁྱེད་ལ་ཐུགས་ཀྱི་ཡོན་ཏན་ཁྱད་པར་དུ་འཕགས་པ་ཡོད་དེ། རང་དོན་མཐར་ཕྱིན་པ་བརྙེས་པའི་ཚེ་ན་ལས་དང་ཉོན་མོངས་པ་ངན་སོང་ངན་འགྲོའི་རྒྱུར་གྱུར་པ་གང་ཇི་སྙེད་ཅིག་ཡོད་པ་ཀུན་དང་། དེར་མ་ཟད་ཉོན་མོངས་པའི་བག་ཆགས་དང་བཅས་པ་ཐམས་ཅད་སླར་མི་འབྱུང་བའི་ཚུལ་གྱིས་བསལ་བ་སྟེ་རྒྱང་རིང་དུ་དོར་བར་མཛད་པ་དང་། གཞན་དོན་མཐར་ཕྱིན་པར་བརྙེས་པའི་རྟགས་སུ་འགྲོ་བ་རིགས་དྲུག་པོའི་རྒྱུད་ཀྱི་ལས་ངན་གྱིས་བཞག་པའི་སྒྲིབ་གཉིས་ཀྱི་བག་ཆགས་ཐམས་ཅད་བསལ་ནས། སངས་རྒྱས་ཀྱི་ས་ལ་འགོད་པར་མཛད་པའི་ཕྱིར། རྐང་པ་ཐ་མ་མགོར་ལེན་དོན་ནི། ཚིག་གི་སྡེབ་སྦྱོར་གྱི་ལྷུ་འགྲིག་པ་དང་འགྲེལ་སླ་བའི་དོན་དུའོ། །”①ཞེས་འགྲེལ་བ་གསལ་པོ་གསུངས་ཡོད།

གཉིས། ཤོ་ལོ་ཀ་གཉིས་པ་ནི་ཚེག་བར་བདུན་མར་གནས་ལ་ཚིག་རྐང་རིམ་པ་བཞིན་དུ་བྱ་དཀའ་བའི་སྙན་ངག་གི་དབྱངས་ཨེ་ངེས་པ་དང་། ཨི་ངེས་པ། ཨོ་ངེས་པ། ཨུ་ངེས་པའི་སྒོ་ནས་རྩོམ་ཕུད་དུ་མཛད་པ་ཞིག་ཡིན། བརྗོད་དོན་ནི། ལམ་བདེ་བ་ནས་འབྲས་བུ་བདེ་བར་གཤེགས་པའི་རྒྱལ་བ་རྣམས་ནི། བདེན་གཉིས་དབྱེར་མེད་ཀྱི་རྣལ་འབྱོར་ལ་བརྟེན་ནས་འཐོབ་བྱ་མཐར་ཐུག་ཏུ་ངེས་པའི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྐུ་བརྙེས་ཤིང་། མཉམ་རྗེས་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་གྱི་སྒོ་དཔག་ཏུ་མེད་པ་ལ་ངང་གིས་འཇུག་པ་དང་། རྟག་ཆད་ཀྱི་མཐའ་གཉིས་ཞི་བ་སྟེ་བྲལ་བའི་དེ་ཁོ་ན་ཉིད་མངོན་སུམ་དུ་རིག་ཅིང་ཀུན་རྫོབ་བདེན་པས་བསྡུས་པའི་ཆོས་རྣམས་ཀྱང་གསལ་བར་གཟིགས་པ་དང་། ཉོན་མོངས་དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པའི་ཚོགས་སླར་མི་ལྡོག་པའི་ཚུལ་གྱིས་བཅོམ་ཞིང་། སྐྱེ་དགུ་མ་ལུས་པ་འཁོར་བ་སྤྱི་དང་བྱེ་བྲག་གི་སྡུག་བསྔལ་ལས་སྐྱོབ་པའི་མགོན་པོ་ཀུན་གྱི་མཆོག་ཏུ་གྱུར་པ་གང་ཉིད་ཀྱིས་གདུལ་བྱའི་རྒྱུད་ཀྱི་འདོད་ཆགས་སོགས་དུག་གསུམ་དང་། ཉོན་མོངས་པའི་བདུད་ལ་སོགས་པའི་བདུད་བཞིའི་དགྲ་རྣམས་འདུལ་བར་མཛད་ཅིང་སྒྲིབ་གཉིས་བག་ཆགས་དུས་ཀུན་ཏུ་གཏན་དུ་ཐུལ་བའི་འགོག་པའི་བདེན་པ་མངོན་སུམ་དུ་མཛད་པའི་དོན་ལ་ངང་གིས་འཇུག་པའི་འཕྲིན་ལས་ནམ་མཁའ་དང་མཉམ་པ་ཡིན་ནོ། ། ཞེས་འགྲེལ་ཡང་ཆོག་པར་འདོད་ལ། ཡང་ན།“ལམ་བདེ་བ་ནས་འབྲས་བུ་བདེ་བར་གཤེགས་པའི་རྒྱལ་བ་རྣམས་ནི། དོན་དམ་བདེན་པ་དང་ཀུན་རྫོབ་བདེན་པ་གཉིས་ངོ་བོ་དབྱེར་མེད་ཀྱི་རྣལ་འབྱོར་བསྒོམ་པ་ལ་བརྟེན་ནས་སངས་རྒྱས་ཀུན་གྱི་བགྲོད་པའི་ལམ་གཅིག་པུ་སྟེ། མཐར་ཐུག་ཏུ་ངེས་པའི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྐུ་བརྙེས་ཤིང་།འོད་གསལ་དོན་དམ་པའི་ཏིང་ངེ་འཛིན་རྟག་ཆད་ཀྱི་མཐའ་གཉིས་ཞི་བ་ཉིད་དེ་གཏན་བྲལ་དུ་གྱུར་པས་ཆོས་ཀྱི་དབྱིངས་སྟོང་པ་ཉིད་མངོན་སུམ་དུ་རིག་ཅིང་སྒྲིབ་མེད་དུ་གཟིགས་པའི་ཐུགས་དག་པ་དོན་གྱི་འོད་གསལ་ཆོས་ཀྱི་སྐུ་དང་། ཤིན་ཏུ་ཕྲ་བའི་གཉུག་མའི་རླུང་སེམས་ལས་གྲུབ་པའི་མཚན་དཔེ་གསལ་རྫོགས་ཀྱི་སྐུ་ཉོན༷་མོངས༷་ཕྲ་རགས་ཀྱི་ཚོགས༷་ཀུན༷་ནས་བཅོམ༷་པའི་བསྐལ་ཆེན་གྲངས་མེད་གསུམ་གྱི་ཚོགས་ཀྱི་དོད་ཐུབ་པའི་སྐུ་དག་པ་སྒྱུ་མའི་གཟུགས་ཀྱི་སྐུ་སྟེ། སྐུ་ཐུགས་ཟུང་དུ་འཇུག་པའི་དང་པོའི་མགོན༷་པོ་མཆོག༷་ཏུ་དངོས་གནས་སུ་བཞེངས་པའི་སྐུ་དེ་ཉིད་ཀྱིས་དུག་གསུམ་གྱིས་དྲངས་པའི་སྒྲིབ་གཉིས་ཀྱི་བདུད༷་འདུལ༷་བ་ལ་ཐབས་མཁས་དང་ལྡན་ཞིང་། བདུད་དེ་ཉིད་རྣམ་པ་ཀུན༷་ཏུ༷་སླར་མི་འོང་བའི་ཚུལ་གྱིས་ཐུལ༷་པར་མཛད་པ་སྟེ་ཚར་བཅད་པའི་ཕྱིར་རོ”ཞེས་འགྲེལ་ན་ཡང་ཆོག་པར་བསམ།

མདོར་ན། ལྷན་སྐྱེས་སུ་གྲུབ་པའི་བཞིན་གྱི་དཀྱིལ་འཁོར་དག་ཅིང་གསལ་ལ་ཞལ་གྱི་གཟི་མདངས་བཟང་བའི་སྐུ་དང་། གདུལ་བྱ་རྣམས་ཐར་ལམ་དུ་འགོད་པར་གདམས་ངག་ཟབ་མོའི་ལམ་གྱི་རིམ་པ་གདུལ་བྱའི་བློ་ཁ་དང་འཚམ་པར་རྒྱུན་མ་ཆད་པའི་གསུང་ནི་དབྱངས་ཅན་ངག་དང་། རང་དོན་ཕར་ཕྱིན་དྲུག་ཡོངས་སུ་རྫོགས་ཤིང་གཞན་དོན་བསྡུ་བའི་དངོས་པོ་བཞི་ལ་དབང་འབྱོར་པའི་ཐུགས་རབ་གང་དག་མངའ་བའི་རྗེ་བཙུན་བྱམས་པ་མགོན་པོ་ཉིད་ནི། བདེན་གཉིས་དབྱེར་མེད་ཀྱི་རྣལ་འབྱོར་ལ་བརྟེན་ནས་རྒྱལ་བ་ཀུན་གྱི་བགྲོད་པའི་ཐར་བའི་ལམ་གཅིག་པུར་ངེས་པའི་ལྷན་སྐྱེས་ཀྱི་ཡེ་ཤེས་རྒྱུད་ལ་མངའ་བརྙེས་ཤིང་། འོད་གསལ་དོན་དམ་པའི་ཏིང་ངེ་འཛིན་རྟག་ཆད་ཀྱི་མཐའ་གཉིས་དང་བྲལ་བས་ཆོས་དབྱིངས་སྟོང་བ་ཉིད་མངོན་སུམ་སུ་མཐོང་བ། ཉོན་མོངས་ཕྲ་རགས་ཀྱི་ཚོགས་ཀུན་ནས་བཅོམ་པ་སྟེ། དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ཅིང་། བར་དུ་བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་བསགས་པའི་སྐུ་ནི་སྒྱུ་མའི་གཟུགས་ཀྱི་སྐུ་སྟེ། དུག་གསུམ་གྱིས་དྲངས་པའི་བདུད་འདུལ་བ་ལ་ཐབས་རབ་ཏུ་མཁས་ཤིང་། དེ་དག་རྣམ་པ་ཀུན་ཏུ་སླར་མི་འོང་པའི་ཚུལ་གྱིས་ཐུལ་བ་བཅས་ཀྱི་ཡོན་ཏན་ནི་བོད་རྗེ་སྲོང་བཙན་སྒམ་པོ་ལ་མངའ་བར་བསྟན་ནོ། །

གཉིས་པ། 《ཐོན་མིའི་ཡིག་ཕུད》ཀྱི་སྒྱུ་རྩལ་ཁྱད་ཆོས།

དེ་ཡང་ཡིག་ཕུད་སྙན་ངག་གི་སྒྱུ་རྩལ་ཁྱད་ཆོས་སྐོར་ལ་རྒྱན་གྱི་ཆ་ནས་དཔྱད་པ་ཞིག་བཏང་ཚེ། གོང་དུ་བརྗོད་ཟིན་པ་ལྟར་ཡིག་ཕུད་འདི་ཉིད་བློན་པོ་ཐོན་མི་སམ་བྷོ་ཊས་རྒྱ་གར་གྱི་ཡི་གེ་དང་སྒྲ་ཚད་སྙན་ངག་སོགས་ལ་ལེགས་པར་སྦྱངས་ཤིང་བོད་ལ་སྒྲ་སྦྱོར་ཡི་གེ་འདིའི་སྲོལ་བཏོད་པ་དང་ཆབས་ཅིག་རྩོམ་པ་གནང་བ་ཡིན་པས། དེའི་རྩོམ་ལུགས་ཀྱང་ཤོ་ལོ་ཀ་དང་པོ་ནི་རྒྱ་གར་གྱི《སྙན་ངག་མེ་ལོང》མའི་ནང་གསེས་གསུམ་པ་སྒྲ་རྒྱན་ལས་བྱ་དཀའ་བ་དབྱངས་ཨ་ངེས་པའི་རྒྱན་གྱིས་སྤྲས་པ་དང་། མགོ་འདོགས་ཅན་གྱི་ཡི་གེ་དང་དབྱངས་ཨེ་ཨོ་ཅན་མེད་པར་འཇམ་པའི་ཡི་གེ་ཤས་ཆེ་ལ། ཚེག་ཁྱིམ་དགུ་མའི་ཚིག་སྦྱོར་བཞིན་སྤེལ་བས་སྒྲ་གདངས་འཇམ་ཞིང་ཚིག་སྦྱོར་ལྷོད་ལ་སྙན་འཇེབས་ཡིད་དུ་འོང་བའི་སྒྲ་ཉམས་དང་ལྡན་པ་དང་། རྩོམ་པ་པོས་རྗེ་བཙུན་བྱམས་པ་མགོན་པོ་ལ་བསྟོད་པའི་ཐུགས་འདུན་དང་བསྔགས་པའི་དོན་དང་ཡང་ཡོངས་སུ་མཐུན་པར་སྣང་བའོ། །

ཤོ་ལོ་ཀ་གཉིས་པ་ནི་རྩོམ་པ་པོས་ཚིག་རྐང་སོ་སོའི་བར་སྒྲ་ཉམས་ཐོན་ཆེད། བསམ་བཞིན་དུ་དབྱངས་བཞིའི་རིམ་པ་ལུགས་འབྱུང་ལས་ལྡོག་སྟེ་ཚིག་རྐང་དང་པོ་དབྱངས་ཨེ་ངེས་པ། གཉིས་པ་དབྱངས་ཨི་ངེས་པ། གསུམ་པ་དབྱངས་ཨོ་ངེས་པ། བཞི་པ་དབྱངས་ཨུ་ངེས་པའི་བྱ་དཀའ་བའི་སྙན་ངག་གི་རྒྱན་ཞིག་ཡིན་ཏེ། ཚིག་རྐང་སོ་སོའི་དབྱངས་ངེས་མི་འདྲ་བ་ལས་ཐོན་པའི་སྒྲ་གདངས་ལ་བརྗོད་བྱའི་དོན་ཏེ། སངས་རྒྱས་འཕགས་པ་རྣམས་ཀྱི་ཡོན་ཏན་སྟོན་པའི་དོན་དང་མཐུན་པའི་སྙན་ངག་གི་སྒྲ་ཉམས་ཁྱད་པར་བ་ཞིག་ལྡན་པར་མ་ཟད། ཚད་ངེས་ཅན་ཞིག་གི་སྟེང་ནས་རྩོམ་པ་པོའི་རྩོམ་རྩལ་དང་བོད་ཀྱི་སྒྲ་སྦྱོར་ཡི་གེའི་ཡོན་ཏན་ཡང་གསལ་ལེར་མངོན་འདུག དེ་མིན། རྩོམ་པ་པོས་བྲམ་ཟེ་ལི་བྱིན་དང་པཎྜི་ཏ་ལྷ་རིག་པའི་སེང་གེ་སློབ་དཔོན་དུ་བསྟེན་ནས་རྒྱ་གར་གྱི་རིག་གནས་སྣ་ཚོགས་དང་ཆོས་ལུགས་ལ་གསན་སྦྱོང་མཛད་པ་ལས་རྗེ་བཙུན་བྱམས་པ་མགོན་པོའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དང་། སངས་རྒྱས་འཕགས་པ་རྣམས་ཀྱི་ཡོན་ཏན། ནང་བསྟན་ཆོས་ལུགས་ཀྱི་ཆེ་བ་རྣམ་པར་མཁྱེན་པས་དེ་དག་ལ་དད་འདུན་ཆེ་ཞིང་རྗེས་སུ་ཕྱོགས་པའི་ཐུགས་ཀྱི་འགྱུར་བ་དྲག་ཏུ་བརྡོལ་བའང་སྒྱུ་རྩལ་གྱི་ཐབས་དང་རྩལ་ལས་མངོན་པར་མཚོན་ཡོད།

མདོར་ན། ཐོན་མིའི་ཡིག་ཕུད་སྙན་ངག་ཐོག་མ་འདིར་རྗོད་བྱེད་ཚིག་གི་དྲག་ཞན་རན་ཅིང་། བརྗོད་བྱའི་དོན་གྱི་ཟབ་གནད་གོང་བུ་གཅིག་ཏུ་འདུས་ལ། བརྗོད་ཚུལ་གྱི་གོ་རིམ་གསལ་ཞིང་མ་ནོར་བ། རྩོམ་ཚུལ་གྱི་ཐད་ལ་སྒྲ་རྒྱན་ལས་བྱ་དཀའ་བ་དབྱངས་ཨ་ངེས་པའི་རྒྱན་གྱིས་སྤྲས་པའི་ཤོ་ལོ་ཀ་དང་པོ་སྟེ། ཚེག་ཁྱིམ་དགུ་མའི་ཚིག་སྦྱོར་གྱི་ལམ་ནས་སྒྲ་གདངས་འཇམ་སྙན་ཡིད་འོང་གི་ཉམས་དང་ལྡན་ལ། ཤོ་ལོ་ཀ་གཉིས་པ་ནི་ཚེག་བར་བདུན་མའི་ལམ་ནས་དབྱངས་བཞི་རིམ་པ་ལས་ལྡོག་སྟེ་དབྱངས་ཨེ་ཨི་ཨོ་ཨུ་ངེས་པའི་བྱ་དཀའ་བའི་སྙན་ངག་གི་རྒྱན་གྱིས་བཅིངས་ཏེ། ཚིག་རྐང་རེ་རེར་དབྱངས་བཞིའི་རྩ་དོན་དང་ལྡན་ལ་བརྗིད་ཉམས་དེ་ལས་ཆེ་བར་མ་ཟད། ཚིག་རྐང་སོ་སོའི་ཡི་གེའི་སྦྱོར་བ་དམ་པ་སོགས་ཀྱི་ཁྱད་ཆོས་ཀྱང་རང་ཤུགས་སུ་མངོན་ཡོད་པའི་སྒྱུ་རྩལ་གྱི་ཀུན་ནས་ཕྱུག་པའི་སྒྲ་རྒྱན་ངོ་མཚར་ཅན་ཞིག་ཡིན།

གསུམ་པ། 《ཐོན་མིའི་ཡིག་ཕུད》དང་དོགས་སློང་།

དེ་ཡང་ཐོན་མི་སམ་བྷོ་ཊས་བོད་རྗེ་སྲོང་བཙན་ལ་ཕུལ་བའི་ཡིག་ཕུད་སྙན་ངག་ཤོ་ལོ་ཀ་འདི་གཉིས་གླེང་སྐབས། ནམ་རྒྱུན་གནའ་དེང་མཁས་པ་སོ་སོར་ལྟ་ཚུལ་མི་འདྲ་བ་རེ་ཡོད་དེ། ཁ་ཅིག་གིས་ཡིག་ཕུད་སྙན་ངག་ཤོ་ལོ་ཀ་འདི་གཉིས་ཐོན་མི་སམ་བྷོ་ཊའི་ལྗགས་རྩོམ་དངོས་མིན་པར་སེམས་ཏེ། རྒྱུ་མཚན་གང་ཞེ་ན། ཡིག་ཕུད་སྙན་ངག་ཤོ་ལོ་ཀ་འདི་གཉིས་ཀྱི་ཉམས་དང་ཚིག་སྦྱོར་གང་ཐད་ནས་དཔྱད་ན་དེང་རྩོམ་ཞིག་དང་ཁྱད་པར་མེད་པ་དང་། མ་མཐའ་ཡང་ས་པཎ་གྱི་རྗེས་སུ་བརྩམས་པའི་སྙན་ངག་ཅིག་ཡིན་པ་ལས་ཐོན་མི་རང་གིས་བརྩམས་པའི་རྩོམ་ཡིག་ཅིག་མིན་པར་འདོད།ཡང་ལ་ལས་ཡིག་ཕུད་སྙན་ངག་ཤོ་ལོ་ཀ་འདི་གཉིས་ལ་མཚོན་ན་བྱ་དཀའ་བའི་སྙན་ངག་གི་རྒྱན་ཞིག་ཡིན་པ་དང་། ཐོན་མི་སམ་བྷོ་ཊ་འཚོ་བཞུགས་གནང་བའི་སྐབས་དེར་བོད་རང་ལ་བྱ་དཀའ་བའི་སྙན་ངག་གི་རྒྱན་གྱི་རྩོམ་ཚུལ་འདི་མེད་དེ། རྩོམ་ཚུལ་འདིའི་འབྱུང་ཁུངས་རྒྱ་གར་གྱི《སྙན་གཞུང་མེ་ལོང་མ》ཞེས་པ་ཡིན་པས། ཡིག་ཕུད་སྙན་ངག་ཤོ་ལོ་ཀ་འདི་གཉིས་ཐོན་མི་སམ་བྷོ་ཊས་མཛད་པའི་རང་རྩོམ་གཤའ་མ་ཞིག་མིན་པར་སེམས་པའི་དོགས་པ་ཡོད།གཞན་ཁ་ཅིག་གིས་ཡིག་ཕུད་སྙན་ངག་ཤོ་ལོ་ཀ་འདི་གཉིས་ནི་ས་སྐྱ་པཎ་ཆེན་རྗེས་ཀྱི་མཁས་པ་ཞིག་གིས་བརྩམས་རྗེས་ཐོན་མི་སམ་བྷོ་ཊའི་ཆེ་བ་བརྗོད་ཆེད་ཐོན་མིས་མཛད་པ་ཡིན་ཟེར་བ་མིན་ནམ་ཞེས་བསམ་ཚུལ་དང་འདོད་ཚུལ་རིགས་གསུམ་ཡོད་དོ། །
མདོར་ན། སྙན་ངག་ནི་ས་སྐྱ་བའི་སྐབས་རྒྱ་གར་གྱི་སྙན་གཞུང་མེ་ལོང་མ་བོད་ལ་བསྒྱུར་བའི་རྗེས་སུ་ཡོད་པ་ཞིག་ཡིན་པ་དང་། ཐོན་མི་དང་ས་སྐྱ་པཎ་ཆེན་གཉིས་ཀྱི་བར་ལ་དུས་ཀྱི་ཁྱད་པར་ཆེན་པོ་ཡོད་པས་སོ་ཟེར་ན། དེ་ལ་ཐོན་མི་དང་ས་པཎ་གཉིས་ཀྱི་བར་ལ་དུས་ཀྱི་ཁྱད་པར་ཡོད་པ་བདེན་མོད་ཀྱང་། འོན་ཏེ་ཤེས་དགོས་པ་ཞིག་ནི་ཐོན་མི་རྒྱ་གར་སོགས་སུ་ཕེབས་ཏེ་རྒྱ་གར་གྱི་རིག་གནས་ཐམས་ཅད་བྱང་ཆུབ་རྗེས་བོད་དུ་ཕྱིར་ཕེབས་ནས་བོད་རང་གི་སྐད་དང་མཐུན་པའི་ཡི་གེ་གསར་བཟོ་མཛད་པ་ཡིན་པས། ཐོན་མི་སམ་བྷོ་ཊས་རྒྱ་གར་གྱི་སྙན་ངག་མེ་ལོང་མ་དང་སངས་རྒྱས་ཆོས་ལུགས་ཀྱི་གཞུང་སོགས་ལ་སྦྱངས་པ་མཐར་ཕྱིན་མཛད་པ་ཡང་བཤད་མ་དགོས་པ་ཞིག་རེད། དེས་ན་ཐོན་མིས་ཡིག་ཕུད་སྙན་ངག་ཤོ་ལོ་ཀ་འདི་གཉིས་རྒྱ་གར་པའི་སྙན་ངག་མེ་ལོང་མའི་སྦྱོར་སྲོལ་དང་སྦྱར་ནས་བརྩམས་པ་ཞིག་ཡིན་ཞེས་བརྗོད་ཚེ་སྐབས་དེའི་ལོ་རྒྱུས་གནས་ཚུལ་དང་མཐུན་པར་མ་ཟད་འགལ་བ་ཅི་ཡང་མེད་པར་འདོད།

མཇུག་སྡུད་པ།

ཡིག་ཕུད་སྙན་ངག་འདི་བརྩམས་ནས་ད་ལྟའི་བར་དུ་མི་ལོ685འདས་ཡོད་པ་ནི་སུས་ཀྱང་ཁས་ལེན་ཏེ་དཔེར་ན།“ཞལ་རས་གསལ་ལ་རང་མདངས་གང་བ་བཟང་། ། ་་་་་་འཕགས་པ་མ་ཕམ་ཡང་དག་དམ་པ་ལགས། ། བདེ་བཤེགས་བདེན་ངེས་ཡེ་ཤེས་ཏེ། ། ་་་་་དུག་གསུམ་བདུད་འདུལ་ཀུན་ཏུ་འཐུལ། ། ཐོན་མིའི་ཡིག་ཕུད་འདི། ཛེན་ཁོག་སྣ་རྡོའི་ལྷ་ཁང་ལ་བྲག་ལ་བརྐོས་ནས་ཡོད་དོ། །”②ཞེས་གསལ་བ་དང་། རྒྱལ་རབས་གསལ་བའི་མེ་ལོང་གི་རྩོམ་པ་པོ་ནི་ས་སྐྱ་བསོད་ནམས་རྒྱལ་མཚན་ཡིན་པ་དང་། ཁོང་སྤྱི་ལོ1312ལོ་སྟེ་རབ་བྱུང་ལྔ་པའི་ཆུ་བྱི་ལོར་འཁྲུངས་པ་ནས་ད་ལྟའི་བར་མི་ལོ685འདས་ཡོད་པས། མི་ལོ685ཡར་སྔོན་དུ་རྗོད་བྱེད་ཀྱི་ཚིག་སྙན་ཞིང་འཇེབས་པ་དང་བརྗོད་བྱའི་དོན་ཟབ་ཅིང་རྒྱ་ཆེ་བའི་སྙན་རྩོམ་འདི་ལྟ་བུ་ཞིག་ཡོད་པ་ནི་ཧ་ཅང་ཡ་མཚན་དགོས་པ་ཞིག་རེད། ང་ཚོས་རྩོམ་བྱུང་གི་ལོ་རྒྱུས་ཐད་ནས་དཔྱད་པ་བཏང་ན་ཡང་། ཡིག་ཕུད་སྙན་ངག་ཤོ་ལོ་ཀ་འདི་གཉིས་སྐབས་དེའི་རྩོམ་རིག་བང་མཛོད་ཀྱི་མཁའ་དབྱིངས་སུ་འོད་དུ་འཚེར་བའི་སྐར་མ་འོད་ཆེན་རྣམ་གཉིས་ཡིན་ལ། རྩོམ་རིག་ལོ་རྒྱུས་ཀྱི་ཆ་ནས་ཡིག་ཕུད་སྙན་ངག་ཤོ་ལོ་ཀ་འདི་གཉིས་ཀྱི་རྗོད་བྱེད་ཀྱི་ཚིག་དང་། བརྗོད་བྱའི་དོན། རྒྱན་དང་ཉམས་སོགས་ཕྱོགས་གང་ཐད་ནས་རྩོམ་རིག་ལོ་རྒྱུས་ཀྱི་གོ་གནས་ངེས་ཅན་ཞིག་བཟུང་ཡོད་པ་ཡང་གོར་མ་ཆག་གོ །

དཔྱད་གཞིའི་ཡིག་ཆ།

[1] རྗེ་བཙུན་འཇིགས་མེད་རིགས་པའི་བློ་གྲོས་མཆོག་གི་གསུང་འབུམ། གླེགས་བམ༤པ།[M]མི་རིགས་དཔེ་སྐྲུན་ཁང་། 2007

[2] ས་སྐྱ་བསོད་ནམས་རྒྱལ་མཚན། རྒྱལ་རབས་གསལ་བའི་མེ་ལོང་།[M]མི་རིགས་དཔེ་སྐྲུན་ཁང་། 2015

[3] ཆབ་འགག་རྡོ་རྗེ་ཚེ་རིང་སོགས། བོད་ཀྱི་རྩོམ་རིག་ལོ་རྒྱུས་དེབ་དང་པོ།[M]བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2009

[4] ཚེ་ཏན་ཞབས་དྲུང་། སྙན་ངག་སྤྱི་དོན།[M]ཀན་སུའུ་མི་དམངས་དཔེ་སྐྲུན་ཁང་། 1981

[5] ཆབ་འགག་རྟ་མགྲིན་གྱི་ཆེད་རྩོམ་ཕྱོགས་བསྒྲིགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2003


① རྗེ་བཙུན་འཇིགས་མེད་རིགས་པའི་བློ་གྲོས་མཆོག་གི་གསུང་འབུམ། [M] མི་རིགས་དཔེ་སྐྲུན་ཁང་། གླེགས་བམ་བཞི་བ། 2007:345.


② ས་སྐྱ་བསོད་ནམས་རྒྱལ་མཚན། རྒྱལ་རབས་གསལ་བའི་མེ་ལོང་། མི་རིགས་དཔེ་སྐྲུན་ཁང་། 1982:72.


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1