གཙོ་ངོས།>> དམངས་སྲོལ།>>རྒྱན་གོས།

རྩོམ་པ་པོ།:ཕག་གྲུ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།མཚོ་སྔོན་པོའི་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༡ཚེས་༠༦ཉིན།

༄༅།།རིན་པོ་ཆེ་སྤོས་ཤེལ་བཤད་པ།

 སྤོས་ཤེལ་རྙིང་པ།

1 གོ་དོན་དང་འབྱུང་ཁུངས།

      སྤོས་ཤེལ་ནི་གནའ་དུས་སུ་གསོམ་ཤུག་གི་ཐང་ཆུ་ས་འོག་ཏུ་སོང་ནས་རིམ་གྱིས་ལོ་ཁྲི་ཕྲག་མང་པོ་འདས་པའི་འགྱུར་རྡོ་འཇམ་པོ་ཞིག་སྟེ། ཕྱི་རྡར་བྱས་ནས་ངར་ན་རྡུལ་ཕྲན་ནམ་རྩྭའི་སྦུར་མ་སོགས་འཐེན་ལེན་བྱེད་ཐུབ་པས་སྦུར་ལེན་ཡང་ཟེར་རོ། འདིའི་ངོ་བོ་ནི་སྤོས་དཀར་ཀྱི་རིགས་སུ་འགྲོ་བས་སྤོས་ཤེལ་དང་། ཆུ་ཁར་གཡེང་ཐུབ་པས་ཁ་རྒྱུན་དུ་འཛམ་གླིང་ཐོག་ཆེས་ཡང་བའི་ཕ་ལམ་ཞེས་ཟེར་སྲོལ་ཡོད། དྲི་ཞིམ་གྱི་རྫས་དང་སྨན་དུ་དཀོལ་ཆོག་པའི་རིན་པོ་ཆེ་ཞིག་ཡིན་ལ། བོད་རིགས་རྣམས་ཆེས་དགའ་བའི་རྒྱན་ཆ་རྩ་ཆེན་ཞིག་ཀྱང་ཡིན། དྭངས་འཐིབ་འདྲེས་པ་སེར་སྨུག་དྭངས་པའི་ནང་དུ་སེར་སྐྱའི་སྤྲིན་རིས་འདྲེས་པ་སོགས་རང་བྱུང་གི་ཉམས་དང་ལྡན་པ་ཞིག་ཡིན་ནོ།། སྤྱིར་བཏང་རྡོ་སོལ་ཡོད་ས་ནས་ཐོན་པ་མང་བ་དང་། ཐོན་ཁུངས་གཙོ་བོ་ནི་སྤོ་རོ་རྒྱ་མཚོའི་རྒྱུད་དང་། ལོ་མ་ཉི་ཡ་དང་། སི་སི་རི་གླིང་ཕྲན། འབར་མ་སོགས་ནས་ཡིན་ཞིང་། རྒྱ་ནག་གི་ས་གནས་ཁག་ཅིག་དང་། བོད་ལྗོངས་ཀྱི་ནག་ཆུ་ས་ཁུལ་བཅས་ནས་གཏེར་དངོས་ཐོན་གྱི་ཡོད་པ་རེད། །
རང་བྱུང་གི་སྤོས་ཤེལ།

     

སྤོས་ཤེལ་སྦྱར་མ།

2 ཁ་དོག་དང་གྲུབ་ཆ།

      དེང་དུས་གཏེར་དངོས་རིག་པ་བས་སྦོས་ཤེལ་ནི་སྦོས་དཀར་གྱི་རྒྱུ་རང་ཡིན་ལ་ལེགས་མིན་འདིའང་རང་བྱུང་གི་གཏེར་རྒྱུའི་དབང་གིས་དང་། འགྱུར་རྡོ་སྨིན་པའི་ཡུན་རིང་ཐུང་གི་དབང་གིས་དབྱིབས་དང་ཁ་དོག་མི་འདྲ་བ་འབྱུང་བ་སྟེ། དབྱིབས་ཕལ་ཆེར་ཟླུམ་འཇོང་དང་སྒོར་མོ་སོགས་ཆེ་ཆུང་མ་ངེས་པ་ལ། ཁ་དོག་སེར་དཀར་དང་། དམར་སེར་ཅི་རིགས། རང་བཞིན་འགའ་ཞིག་དྭངས་ལ་འགའ་ཞིག་འཐིབ་པ། འགའ་ཞིག་དྭངས་འཐིབ་འདྲེས་པ་མར་ཁུའི་སྐག་ཞུན་ཞུ་དང་མ་ཞུ་འདྲེས་པ་འདྲ་བ། འགའ་ཞིག་སེར་སྨུག་དྭངས་པའི་ནང་དུ་སྤྲིན་པའི་གཟུགས་འདྲེས་པ་སོགས་རང་བྱུང་གི་ཉམས་དང་ལྡན་པ། གྲུབ་ཆ་གཙོ་བོ་ནིC10H15Oཡོད་པ། སྲ་ཚད2.5~3ºདང་། བསྡུར་ལྗིད་ཁེ1.05~1.09ཡོད་པ། དེ་མིན་རྡུལ་ལེན་པ། སྤོས་དཀར་གྱི་དྲི་མནམ་པ། སྙི་ཞིང་ཁྲོབ་པས་ཆག་སླ་བ། ཕྱེ་མས་སོ་མི་སེག་པ། མེར་བསྲེགས་ན་འཇུ་སླ་བ། དུ་བ་དཀར་པོ་འཐུལ་ཞིང་ཐང་ཆུའི་དྲི་མནམ་པ། ཚིག་རོ་སོལ་ཐལ་གྱི་སྙིགས་མ་མི་སྡོད་པ་བཅས་སོ། །

      ཁོ་པཱ་ཤིང་ཚིལ་གྱིས་བཟོས་པའི་སྤོས་ཤེལ།

3 ཕན་ནུས་དང་བརྟག་ཐབས།

      སྦོས་ཤེལ་ནི་རྡོ་ཡི་རིགས་ལས་བྱུང་བའི་རིན་པོ་ཆེ་སེར་པོ་ཞིག་སྟེ། དེས་དངོས་པོ་གཞན་དག་ལ་འགོས་པའི་རྡུལ་ལེན་ཐུབ་པ་དང་། གནའ་རབས་སྤྱི་ཚོགས་རྙིང་པའི་སྐབས་བོད་ཀྱི་བུད་མེད་འབྱོར་པ་ཆེ་བ་རྣམས་ཀྱིས་སྐེ་རྒྱན་ལ་སྤོས་ཤེལ་རྡོག་ཆེ་ཆུང་སྣ་ཚོགས་པའི་མཛེས་རྒྱན་སྤྲོས་པར་བྱེད་སྲོལ་ཡོད་ལ། དེ་ཡང་སྤོས་ཤེལ་ནི་མིག་ལ་ཕན་པ་དང་སྲོག་རླུང་གི་ནད་སེལ་བར་བྱེད་པ་སོགས་ཀྱི་ཕན་ནུས་ཡོད་པའི་རྒྱུ་མཚན་གྱིས་ཡིན། དེ་མིན་རོ་ནུས། རོ་མངར། ཞུ་རྗེ་སྙོམས། ནུས་པས་མིག་གསལ། མིག་གི་རབ་རིབ་སེལ། དུག་འཇོམས། གཟའ་གདོན་དང་བརྒྱལ་གཟེར་ལ་ཕན། གཞན་སྐུ་གསུང་ཐུགས་ཀྱི་ཕྲ་རྒྱན་དང་མནཊ་རྫས་སུ་ཕུལ་པའི་ཕན་ཡོན་ལ་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་གསོག་པར་གསུང་ལ། གདུ་བུ་དང་མཛུབ་དཀྲིས་སོགས་རྒྱན་ཆའི་རྣམ་པ་ལུས་ལ་བཅངས་ན་གཟུགས་གཞི་བདེ་ཐང་སོགས་ལ་ཕན་པའི་དགེ་མཚན་ཡོད། རིག་འཛིན་འཇིགས་མེད་གླིང་པས་མཛད་པའི《གཏམ་ཚོགས》ལྕགས་དཔར་མའི་ཤོག་གྲངས109ལས། སྤོས་ཤེལ་ལ་ཡང་རང་བྱུང་བཅོས་བུ་གཉིས། ། རང་བྱུང་ཐང་ཆུ་རྒྱ་མཆོར་ལྷུང་ནས་བྱུང༌། ། ཁ་ཆེ་ཤིང་ཏོག་སྨིན་འདྲ་སེར་ལ་ལུམ། ། ཞེས་གསུངས་པ་གསོམ་ཤུག་གི་ཐང་ཆུ་རྒྱ་མཚོའི་ནང་དུ་ལྷུང་ནས་ཡུན་རིང་སོང་རྗེས་རྡོའི་རིགས་སུ་གྱུར་པ་ནི་རང་བྱུང་གི་སྤོས་ཤེལ་ཡིན་པས་རབ་དང༌། ཁ་ཆེའི་ཡུལ་ནས་ཐོན་པའི་སྤོས་ཤེལ་ནི་སྨིན་ཟིན་པའི་ཤིང་ཏོག་གི་མདོག་དང་འདྲ་བར་སེར་ཁ་དྭངས་ལ་ལུམ་ཆགས་པ་ལྟ་བུ་ཞིག་ཡོད་པ་དང༌། དམར་ལ་སེར་ཤས་དང་པོ་དེ་ཙམ་མེད་པ་ནི་སྟོད་ཧོར་གྱི་ཡུལ་ནས་ཐོན་པ་དང༌། མདོག་སེར་སྐྱ་སྤྲིན་རིས་ཆགས་པ་ནི་སོག་པོའི་ཡུལ་ནས་ཐོན་པ་ཡིན་པར་གསུངས། སྤོས་ཤེལ་བཅོས་མ་ནི། ཐང་ཆུ་དང༌། ཁ་ཆེ་གུར་གུམ། ག་བུར་གསུམ་བསྲེས་ནས་བཟོས་པ་ཡིན་ཞིང་འགའ་ཞིག་གི་ནང་སྦྲང་མ་སོགས་ཚུད་པའམ་ཚུད་པའི་ཤུལ་ཡོད་པ་དང༌། སྦུར་མའི་རིགས་དང་ཐག་ཉེ་ཙམ་བྱས་ན་སྦུར་མ་ཚུར་འཐེན་པའི་ཤུགས་ཡོད་པ་ཞིག་ཡིན་པར་གསུངས་ཡོད། ཀློང་རྡོལ་བླ་མ་རིན་པོ་ཆེའི་བརྟག་ཐབས་ནང་སྤོས་ཤེལ་ལ། སྤོས་ཤེལ་སྦུར་ལེན་ཁ་ཆེ་མོང་གོལ་དང༌། ། མངའ་རིས་མཚོ་དང་མོན་གྱི་ཡུལ་ནས་འབྱུང༌། ཁ་ཆེ་གུར་གུམ་མདོག་འདྲ་བཟང་བ་དང༌། ། དཀར་སྐྱ་ཆུ་སྦུར་འདྲ་དང་དམར་ནག་ངན། ། རྫུས་མ་ག་བུར་སྤོས་དཀར་བསྡུས་པའི་བཅོས། ། ཕྱི་ཡི་རྒྱ་མཚོ་བཅུད་བསྡུས་བཟང་ཤོས་ཡིན། ། འདམ་སོགས་དུག་ཆུ་ལས་ཐོན་ངན་པ་ཡིན། ། ཞེས་སོ། ། མདོར་ན་སྤོས་ཤེལ་དང་བྱུ་རུ། གཡུ་མུ་མེན་མུ་ཏིག་སོགས་ནི་གསར་རྙིང་གང་ཡིན་རུང་རིན་པོ་ཆེ་ཡིན་མོད། འོན་ཀྱང་དེང་སང་རྫས་འགྱུར་དང་སྤོས་འགྱིག་ལ་བརྟེན་ནས་རྫུན་མ་བཟོ་བ་དང་ཁ་དོག་བསྒྱུར་བ། རྡོ་རིགས་ཕལ་བ་འཐག་རྗེས་སྤྱིན་ལ་བརྟེན་ནས་སྦྱར་མ་བཟོ་བ་སོགས་ཤིན་ཏུ་མང་བས། ཆེ་ཤེལ་ལ་བརྟེན་ནས་ལེགས་པར་བརྟག་དགོས། སྤོས་འགྱིག་དང་སྦོས་ཤེལ་གྱི་གྲུབ་ཆ་མི་འདྲ་བའི་དབང་གིས་ལག་པས་འཕུར་ན་རང་བྱུང་གི་སྤོས་ཤེལ་ལ་ཐང་དྲི་ཞིམ་པོ་ཡོང་བ་དང་། རྫས་འགྱུར་གྱིས་ཁ་མདོག་བསྒྱུར་བ་དང་སྤོས་འགྱིག་གིས་བཟོས་པར་ཐང་དྲི་མེད་ལ་མདོག་ཅུང་ཡུབ་པ་དང་བཀྲག་མདངས་མེད་པ་ཤ་སྟག་ཡིན། གང་ལྟར་ལེགས་ཤོས་ནི་ཚོས་གཞི་དམར་སེར་ཡིན་པ་ནང་དུ་སྤྲིན་པའི་གཟུགས་ལྟ་བུ་ཡོད་ཅིང་། སྦྱར་མ་དག་ནི་ནང་གི་རི་མོ་གྲལ་དག་པ་དང་སྤོས་ཤེལ་གྱི་རི་མོ་ནི་རང་བྱུང་གི་སྤྲིན་རིས་ལྟར་ཉམས་དང་ལྡན་པ་ཞིག་གོ། གཞན་ཁོ་པཱ་ཤིང་གི་ཆུ་ཚིལ་ལ་བརྟེན་ནས་གསར་བཟོ་བྱས་ཡོད། ཁོ་པཱ་ཤིང་གི་ཆུ་ཚིལ་ནི་རང་བྱུང་གི་ཤིང་ཚིལ་ཞིག་ཡིན་མོད། འོན་ཀྱང་སྦོས་ཤེལ་དང་བསྡུར་ན་མདོག་སྐྱ་བོ་དང་ཕྱི་ངོས་འཇམ་པོ་མེད་ལ། སེན་མོས་འབྲད་ན་ཕྱི་ངོས་ལ་མྱུར་བར་རྗེས་ཤུལ་མངོན་གསལ་ཐོན་ཐུབ། དེ་མིན་རང་བྱུང་གི་སྤོས་ཤེལ་ལ་རྡུལ་ལེན་པ། སྤོས་དཀར་གྱི་དྲི་མནམ་པ། སྙི་ཞིང་ཁྲོབ་པས་ཆག་སླ་བ། ཕྱེ་མས་སོ་མི་སེག་པ། མེར་བསྲེགས་ན་འཇུ་སླ་བ། དུ་བ་དཀར་པོ་འཐུལ་ཞིང་ཐང་ཆུའི་དྲི་མནམ་པ། ཚིག་རོ་སོལ་ཐལ་གྱི་སྙིགས་མ་མི་སྡོད་པ་བཅས་ཀྱི་ཁྱད་ཆོས་མངོན་གསལ་ཡོད་དོ། །


39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1