ཝེ་ནེ་ཙུའེ་ལཱའི་སྐབས་གསར་བའི་གྲོས་ཁང་དངོས་སུ་བཙུགས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 01-08


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས་ལྔ་ཉིན། ཝེ་ནེ་ཙུའེ་ལཱའི་སྐབས་གསར་བའི་གྲོས་ཁང་དངོས་སུ་བཙུགས་ཏེ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས་པ་དང་། གྲོས་མི་ཡོངས་ཀྱིས་ཚང་འཛོམས་གྲོས་ཚོགས་སྟེང་དམ་བཅའ་བཞག་སྟེ་ལས་འགན་ཁུར་བར་མ་ཟད་བརྡས་ཐག་བཅད་དེ་སྐབས་གསར་བའི་མགོ་ཁྲིད་རིམ་པ་བདམས་ཐོན་བྱུང་། 
        གྲོས་ཚོགས་ནས་ཁྱབ་སྒྲོག་བྱས་དོན། སྔོན་ཆད་ཀྱི་གསར་འགྱུར་འཕྲིན་གཏོང་པུའུ་ཀྲང་ལོ་ཏི་ལི་ཀི་སི་ཡིས་གྲོས་ཁང་གི་ཀྲུའུ་ཞིའི་འགན་ཁུར་བ་དང་། སྔོན་ཆད་ཀྱི་བཙོན་ཁང་ཞབས་ཞུའི་པུའུ་ཀྲང་པཱ་ལོས་ལཱ་ཡིས་ཀྲུའུ་ཞི་གཞོན་པ་དང་པོའི་འགན་ཁུར་ཡོད་ལ། སྔོན་ཆད་ཀྱི་ཨ་ལཱ་བཀའ་མངའ་སྡེ་ཡི་འགོ་གཙོ་པའོ་ལེ་ཝ་ཨར་གྱིས་ཀྲུའུ་ཞི་གཞོན་པ་གཉིས་པའི་འགན་ཁུར་ཡོད། 
        ལོ་ཏི་ལི་ཀི་སི་ཡིས་བདམས་ཐོན་བྱུང་རྗེས་གཏམ་བཤད་སྤེལ་ཏེ། གྲོས་མི་ཡོངས་ཀྱིས་རྒྱལ་ནང་གི་འགྲིག་མཐུན་མངོན་འགྱུར་བྱས་ཏེ་མི་དམངས་ལ་སྔར་ལས་བཟང་བའི་མ་འོངས་པ་གསར་སྐྲུན་བྱེད་པའི་དམིགས་འབེན་ཐད་འབད་བརྩོན་བྱེད་དགོས་པའི་འབོད་སྐུལ་བཏང་། ཁོས་བཤད་རྒྱུར། གྲོས་ཁང་གསར་བས་རྒྱལ་ནང་གི་ཆབ་སྲིད་གྲོས་མོལ་ལ་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་སླར་གསོར་ཡར་སྐུལ་བཏང་སྟེ། མཐའ་གཅིག་ཏུ་རྒྱལ་ཁབ་ཀྱི་ཞི་བདེ་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན། ཁོས་གྲོས་མི་ཚང་མ་སྲང་ལམ་དུ་སོང་ནས་མི་དམངས་ཀྱི་སེམས་སྒྲར་མང་དུ་གསན་པ་དང་མང་ཚོགས་ཀྱི་དགོས་མཁོར་རྒྱུས་ལོན་བྱེད་དགོས་པར་མ་ཟད། དེའི་རྨང་གཞིའི་སྟེང་བཅའ་ཁྲིས་བཟོ་བཅོས་དང་གཏན་འབེབས་བྱེད་དགོས་པའི་སྐུལ་མ་བཏང་། 
        ཝེ་ནེ་ཙུའེ་ལཱ་ཡིས་ན་ནིང་ཟླ་བཅུ་གཉིས་པའི་ཚེས་དྲུག་ཉིན་གྲོས་ཁང་འདེམ་བསྐོའི་བྱ་འགུལ་སྤེལ་བ་དང་། སྲིད་འཛིན་ཏང་འགྲན་རྩོད་མནའ་འབྲེལ་ལ་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་སྟེ། གྲོས་ཁང་གི་ལས་གནས་ཉིས་བརྒྱ་དང་དོན་བདུན་ཁྲོད་ཀྱི་ཉིས་བརྒྱ་དང་ང་གསུམ་ཐོབ་ཡོད། སྐབས་གསར་བའི་གྲོས་ཁང་གི་འགན་ཡུན་ནི་ཉིས་སྟོང་ཉེར་གཅིག་ལོ་ནས་ཉིས་སྟོང་ཉེར་དྲུག་ལོའི་བར་ཡིན་པ་རེད། 
        ཝེ་ནེ་ཙུའེ་ལཱའི་ངོ་རྒོལ་ཕྱོགས་ཁག་མནའ་འབྲེལ་ལ་ཉིས་སྟོང་བཅོ་ལྔ་ལོའི་གྲོས་ཁང་འདེམ་བསྐོའི་ཁྲོད་ལས་གནས་མང་ཆེ་བ་ཐོབ་ཀྱང་། སྒྲིག་འགལ་གྱི་བྱ་སྤྱོད་རབ་དང་རིམ་པའི་དབང་གིས་སྐབས་སྔོན་མའི་གྲོས་ཁང་དེ་ཝེ་ནེ་ཙུའེ་ལཱའི་ཆེས་མཐོའི་ཁྲིམས་ཁང་གིས་ཁྲིམས་འགལ་དུ་གཏན་འཁེལ་བྱས་ཡོད་སྟབས། རྒྱུན་ལྡན་ངང་ཁྲིམས་འཛུགས་དབང་ཆ་ལག་བསྟར་ཐུབ་མེད། ཉིས་སྟོང་བཅུ་བདུན་ལོ་ནས་ཉིས་སྟོང་ཉི་ཤུ་ལོའི་ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན་བར། ཁྲིམས་འཛུགས་དབང་ཆ་དེ་ཝེ་ནེ་ཙུའེ་ལཱའི་རྩ་ཁྲིམས་གཏན་འབེབས་ཚོགས་ཆེན་གྱིས་ལག་བསྟར་བྱས་པ་རེད།  །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1