མཚོ་བོད་མཐོ་སྒང་གི་ཐེག་ཚད་ཆེས་ཆེ་བའི་ཟོག་འདྲེན་མཁའ་ལམ་དངོས་སུ་ཤར་གཏོང་ཐུབ་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 01-08



    ཟླ་1ཚེས་6ཉིན་གྱི་ཆུ་ཚོད་9དང་སྐར་མ་15ཡི་ཐོག་སྦྲག་སྲིད་མཁའ་འགྲུལ་CF9051དུས་གཏན་གནམ་གྲུ་ཟི་ལིང་ཚའོ་ཅ་པའོ་རྒྱལ་སྤྱིའི་གནམ་ཐང་དུ་བརྟན་པོའི་ངང་བབས་ཤིང་། དེས་མཚོ་བོད་མཐོ་སྒང་གི་ཐེག་ཚད་ཆེས་ཆེ་བའི་ཟོག་འདྲེན་མཁའ་ལམ་དངོས་སུ་ཤར་གཏོང་ཐུབ་པ་མཚོན་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། མཁའ་ལམ་དེ་ནི་ཟི་ལིང་ནས་ནན་ཅིང་བར་ཡིན་པ་དང་། B737-800Fཟོག་འདྲེན་གནམ་གྲུ་སྤྱད་དེ་ཉིན་རེར་འཕུར་སྐྱོད་ཐེངས་རེ་བྱེད་ཀྱི་ཡོད། དུས་བཅད་ཟླ་བ་གཅིག་ཡིན་པ་དང་། དུས་གཏན་གནམ་གྲུ་རེར་ཏུན14ཙམ་ཐེག་ཐུབ། ཟོག་ཁུངས་གཙོ་བོ་ནི་སྦྲག་རྫས་དང་། མྱུར་སྐྱེལ་དངོས་པོ། ཚགས་ཤ་དང་ལུག་ཤ་སོགས་མཚོ་སྔོན་ས་གནས་དེ་གའི་ཁྱད་ལྡན་ཐོན་རྫས་ཡིན་པ་རེད།

   ཀྲུང་གོ་ནུབ་རྒྱུད་གནམ་ཐང་ཚོགས་པ་མཁའ་འགྲུལ་དངོས་ཟོག་སྐྱེལ་འདྲེན་ཚད་ཡོད་ཀུང་སིའི་མཚོ་སྔོན་ཡན་ལག་ཀུང་སིའི་སྤྱི་ཁྱབ་ཅིང་ལིའི་ལས་རོགས་ཧུའུ་ཁང་གིས།མཁའ་ལམ་དེ་ཤར་གཏོང་ཐུབ་པ་བྱས་པ་དེས་མཚོ་སྔོན་ས་གནས་ཀྱི་ཁྱད་ལྡན་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་ཐེབས་ཏེ་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཞིང་འབྲོག་ལས་རིགས་འཕེལ་རྒྱས་བྱ་བར་འདེགས་སྐྱོར་ནུས་ལྡན་ཐུབ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།


    མཁའ་ལམ་དེས“མཚན་མོར་གནམ་གྲུ་གཏོང་བའི”བསྡུ་འགྲེམས་མ་དཔེ་སྤྱད་དེ།སྦྲག་སྲིད་མྱུར་སྐྱེལ་དངོས་རྫས་ནན་ཅིང་བསྡུ་འགྲེམ་ལྟེ་གནས་སུ་ཐད་ཀར་སླེབས་པ་མ་ཟད། ནན་ཅིང་ཉིད་བསྡུ་འགྲེམ་གྱི་ལྟེ་བར་བྱས་ཏེ་ཀྲུང་གོའི་ཧྭ་བྱང་དང་།ཧྭ་ཤར།བྱང་ཤར།ཧྭ་དབུས།ཧྭ་ལྷོ། ལྷོ་ནུབ། ནུབ་བྱང་བཅས་ས་ཁུལ་7ལ་ཁྱབ་པའི་རྒྱལ་ནང་གི་མཁའ་འགྲུལ་དྲ་རྒྱར་གྱུར་པས་རྒྱལ་ཡོངས་ཀྱི་གྲོང་ཁྱེར་99ལ་ཉིན་གཉིས་པར་སྐྱེལ་ཐུབ་པ་དང་གྲོང་ཁྱེར་114ལ་དེའི་ཕྱི་ཉིན་སྐྱེལ་ཐུབ་པ། མཚོ་སྔོན་ཞིང་ཆེན་གྱི“ནོར་ལུག་ཤ་སོས་པ་”ཐོན་རྫས་དེ་བས་བདེ་འཇགས་དང་སྤུས་ལེགས་མགྱོགས་མྱུར་བཅས་ཀྱི་ཐོག་ནས་དུད་ཚང་ཁྲི་སྟོང་མང་པོར་སྐྱེལ་ཐུབ་པ་བྱ་རྒྱུ་རེད། 
   ཀྲུང་གོ་སྦྲག་སྲིད་ཚོགས་པ་ཀུང་སིའི་མཚོ་སྔོན་ཞིང་ཆེན་ཡན་ལག་ཀུང་སིའི་གཉེར་སྐྱོང་དོ་དམ་པུའི་སྤྱི་ཁྱབ་ཅིང་ལི་ཧྲུའུ་ཀྲི་རུང་གིས“2018ལོར་མཚོ་སྔོན་སྦྲག་སྲིད་ཀྱིས་ཞིང་འབྲོག་བོད་འབྲེལ་ས་ཁུལ་གྱི་ནོར་ཤ་ལུག་ཤ་བསྐུར་བའི‘ཆེས་མྱུར་སོས་པ་’ལས་སྒོ་གསར་སྤེལ་བྱས་པ་དེས་བོད་འབྲེལ་ས་ཁུལ་གྱི་ཁྱད་ལྡན་དཔལ་འབྱོར་འཕེལ་རྒྱས་བྱ་བར་སྐུལ་འདེད་ནུས་ལྡན་བཏང་ཡོད། ལོ་གསུམ་རིང་། ལས་སྒོ་དེ་རྒྱུན་ཆད་མེད་པར་གནད་སྨིན་འཐུས་ཚང་བྱུང་བ་དང་བསྟུན་སྦྲག་ཐོག་སྐུར་བའི་ལས་སྒོའི་ཁྱབ་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་། ‘ ཆེས་མྱུར་སོས་པ’ལས་སྒོའི་གྲངས་འབོར་ལོ་རེ་བཞིན་མང་དུ་ཕྱིན་ཡོད་པ་རེད།2021ལོའི་དཔྱིད་གསར་དུས་ཆེན་འཆར་ལ་ཉེ་མཚམས་སུ། རྒྱལ་ཡོངས་ས་གནས་ཁག་ཏུ་མཚོ་སྔོན་གྱི་ཚགས་ཤ་དང་ལུག་ཤ་མཁོ་འདོན་བྱེད་ཚད་ཀྱང་རྒྱུན་ཆད་མེད་པར་མང་དུ་ཕྱིན་ངེས་ཡིན་ཀྱང་མཁའ་ལམ་དེར་གནམ་གྲུ་ཤར་གཏོང་ཐུབ་པ་དེས་ མཁའ་འགྲུལ་སྐྱེལ་འདྲེན་གྱི་ནུས་པ་མི་འདང་བ་གསབ་ཐུབ་ཡོད”ཅེས་བཤད་པ་རེད།
   “མཁའ་ལམ་དེ་ནི་མཚོ་བོད་མཐོ་སྒང་གི་ཐེག་ཚད་ཆེས་ཆེ་བའི་ཟོག་འདྲེན་མཁའ་ལམ་ཞིག་ཡིན་པ་མ་ཟད།2021ལོར་མཚོ་བོད་མཐོ་སྒང་གི་ཟོག་འདྲེན་མཁའ་ལམ་ཤར་གཏོང་ཐུབ་པ་དང་པོ་དེའང་ཡིན་པས་དོན་སྙིང་ཆེན་པོ་ལྡན་ཡོད”ཅེས་ཧུའུ་ཁང་གིས་བཤད།(http://tibet.people.com.cn/15834598.html)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1