གཙོ་ངོས།>> གསར་འགྱུར།>>བོད་འབྲེལ་ས་ཁུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༡ཚེས་༡༡ཉིན།

བོད་ལྗོངས་འདམ་གཞུང་རྫོང་གིས་ཁུག་ཆུང་གངས་རི་རྒྱལ་ཁབ་འཁྱགས་ཀླུང་ས་གཤིས་སྤྱི་གླིང་སྐྲུན་བཞིན་ཡོད།


   ཁུག་ཆུང་གངས་རི་འཁྱགས་ཀླུང་ནི་(ལྷ་སའི་སྐྱིད་ཆུའི་ཨང་རྟགས་1པོའི་འཁྱགས་ཀླུང)ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་དུ་ཡོད་ཅིང་། ལྟེ་གནས་ས་ཁུལ་གྱི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་5500བརྒལ་ཡོད།
   ངོ་སྤྲོད་བྱས་པར་གཞིགས་ན། འདམ་གཞུང་རྫོང་གིས་ཁུག་ཆུང་གངས་རི་རྒྱལ་ཁབ་འཁྱགས་ཀླུང་ས་གཤིས་སྤྱི་གླིང་སྟེ།  སྣོད་བཅུད་ལྟ་སྐོར་དང་། ཚན་རིག་དང་མཐུན་པའི་ལྟ་དཔྱད་ཚད་ལེན། ཕྱི་རོལ་མྱུལ་དཔྱད་བཅས་བྱ་རྒྱུ་ནུས་པ་གཙོ་བོར་བྱེད་པའི་རྒྱལ་ཁབ་འཁྱགས་ཀླུང་ས་གཤིས་སྤྱི་གླིང་སྐྲུན་བཞིན་ཡོད། འཁྱགས་ཀླུང་སྲུང་སྐྱོང་བྱ་ཆེད། འཁྱགས་ཀླུང་ལྟེ་གནས་ཁུལ་དུ་རྟགས་མཚོན་དང་རྟགས་བྱང་དང་། སྐྱེ་ཁམས་གསང་སྤྱོད་སོགས་གནས་སྐབས་རང་བཞིན་གྱི་སྒྲིག་བཀོད་སྣ་མང་བསྐྲུན་ནས་ཡུལ་སྐོར་བ་རྣམས་ལ་ཡུལ་སྐོར་ལམ་ཕྱོགས་སྣེ་ཁྲིད་བྱ་རྒྱུ་རེད།

   ཉེ་སྔོན། ཚན་ཞིབ་རུ་ཁག་གིས་ལྷ་སའི་སྐྱིད་ཆུ་ཨང་རྟགས་1པོའི་ཁུག་ཆུང་གངས་རི་འཁྱགས་ཀླུང་གི་ཁོར་ཡུག་ལ་རྟོག་ཞིབ་བྱས་པ་དང་ལངས་གཟུགས་ཞིབ་དཔྱད་ཚད་ལེན་སྟེགས་བུའི་དུས་རིམ་དང་པོ་འཛུགས་སྐྲུན་བྱས་ཟིན་ཡོད།    ཀྲུང་གོ་ཚན་རིག་ཞིབ་འཇུག་ཁང་གི་ཡོན་ཧྲི་དང་ཐེངས་གཉིས་པའི་མཚོ་བོད་མཐོ་སྒང་ཕྱོགས་བསྡུས་ཚན་རིག་ཞིབ་འཇུག་རུ་ཁག་གི་རུ་དཔོན་ཡའོ་ཐན་ཏུང་གི་ཞིབ་འཇུག་རུ་ཚོགས་ཀྱིས་འཁྱགས་ཀླུང་འདིའི་མཐའ་སྣེ་ལ་སྨི་30ཅན་གྱི་གཙོ་རྒྱུ་མང་བའི་རང་འགུལ་ཅན་གྱི་ཞིབ་དཔྱད་ཚད་ལེན་ཁང་ཆུང་དང་གཞུང་ཚད་ལ་སྨི་8ཡོད་པའི་ཚན་རིག་རྟོག་ཞིབ་འགན་སྲུང་གུར་ཆུང་ཕུབ་པ་དང་། འཁྱགས་ངོས་ཀྱི་རང་འགུལ་གནམ་གཤིས་ས་ཚུགས་དང་། འཁྱགས་རོམ་གྱི་དྲོད་ཚད་དང་གནས་སྤོ་བརྟག་འཇལ་དཔྱད་ཆས་བཙུགས་པ་མ་ཟད། འཁྱགས་ཀླུང་གི་མཐུག་ཚད་རྩད་ཞིབ་ཐིག་ལེན་ཡང་བྱས་པ་རེད།


   དེའི་རྗེས་སུ། ཚན་རིག་ཞིབ་འཇུག་ལས་བྱེད་མི་སྣ་ཚོས་སྐྱིད་ཆུ་ཨང་རྟགས་1པོའི་ཁུག་ཆུང་གངས་རི་འཁྱགས་ཀླུང་སྲུང་སྐྱོང་ས་ཚུགས་འཛུགས་སྐྲུན་བྱ་བ་མུ་མཐུད་དུ་མདུན་དུ་སྤེལ་རྒྱུ་རེད། ཚན་ཞིབ་རུ་ཁག་གིས་ཁུག་ཆུང་གངས་རི་འཁྱགས་ཀླུང་དུ་ཡོད་པའི་ཆུ་ཕྲན་ས་ཁོངས་ལ་དམིགས་ཏེ་སྲུང་སྐྱོང་བྱ་རྒྱུ་བརྗོད་དོན་གཙོ་བོ་བྱས་ནས། འཁོར་སྐར་གྱི་གཞི་གྲངས་བརྒྱུད་གཏོང་དང་། མི་མེད་གནམ་གྲུ། འཁྱགས་ངོས་ཀྱི་རམ་འདེགས་འཕྲུལ་ཆས་མི། དྲ་ཐོག་དབྱེ་ཞིབ་ལྟ་ཞིབ་སོགས་ལག་རྩལ་ཐབས་ཤེས་གསར་པ་ཕྱོགས་བསྡུས་ཀྱིས་སྤྱད་ནས་གཞི་གཅིག་ཅན་གྱི་ལྟ་ཞིབ་མ་ལག་འཛུགས་རྒྱུ་རེད། ངོ་སྤྲོད་བྱས་པར་གཞིགས་ན།ཁུག་ཆུང་གངས་རི་འཁྱགས་ཀླུང་ལ་ལྟ་དཔྱད་ཚད་ལེན་བྱས་པ་དེས་གནམ་གཤིས་མི་འདྲ་བའི་རྣམ་པའི་འོག་གི་འཁྱགས་ཀླུང་གི་འགྱུར་ལྡོག་ཀྱི་ཁྱད་ཆོས་དང་རྒྱུ་རྐྱེན་གསལ་སྟོན་ཐུབ་རྒྱུ་དང་། རི་ནས་ཐོན་པའི་ཞུ་ཆུའི་བཞུར་རྒྱུག་གི་ཚད་ལ་ཁ་གསབ་དང་ཕན་ཐོགས་ཡོད་ཚུལ་རྒྱུས་མངའ་ཁ་གསལ་ཐུབ་རྒྱུ་རེད།
   དུས་མཚུངས་སུ། འཁྱགས་རོམ་དང་ཁྱབ་ཁོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུར་དམིགས་ནས་ཐེངས་གཉིས་པའི་མཚོ་བོད་ཚན་ཞིབ་རུ་ཁག་གིས་མི་བཟོས་ཁ་བབས་འཁྱགས་ཀླུང་སྲུང་སྐྱོང་དང་ཤུག་པ་གནས་སྤོ་སྣོད་བཅུད་མ་ལག་སྲུང་སྐྱོང་སོགས་ལས་གྲྭ་སྤེལ་ཡོད། གཞན་ཡང་། ཚན་ཞིབ་རུ་ཁག་གིས་ཁུག་ཆུང་གངས་རི་འཁྱགས་ཀླུང་གི་ཉེ་འདབས་སུ་ཚན་རིག་རྟོག་ཞིབ་དང་ཚན་རིག་གདལ་ཁྱབ་སློབ་གསོ་བྱེད་སྒོ་ཤུགས་ཆེན་སྤེལ་བའི་ཐོག་ནས་ཐེངས་གཉིས་པའི་མཚོ་བོད་ཚན་ཞིབ་ཀྱི་འཕེལ་རྒྱས་གལ་ཆེན་དང་གསར་རྙེད་དང་གྲུབ་འབྲས་གསར་ཤོས་གསལ་སྟོན་བྱས་པ་དང་། རྒྱལ་དམངས་ཀྱི་ཚན་རིག་བྱང་ཚད་དང་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཇེ་མཐོར་བཏང་བ།གནམ་གཤིས་འགྱུར་ལྡོག་གི་རྒྱབ་ལྗོངས་འོག་གི་སྐྱིད་ཆུ་སྟོད་རྒྱུད་ཀྱི་ཆུ་ཁུངས་གསོ་སྐྱོང་ཁུལ་གྱི་འཁྱགས་ཀླུང་དང་ཁོར་ཡུག་སྲུང་སྐྱོང་ལ་ཚན་རིག་གི་འདེགས་སྐྱོར་བྱ་རྒྱུ་རེད།(http://tibet.people.com.cn/15834708.html)

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1