གཙོ་ངོས།>> རྩོམ་རིག>>བསྒྱུར་རྩོམ།

འཕགས་མོ་བདེ་སྐྱིད་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༡ཚེས་༡༢ཉིན།

ཅི་ལྕོགས་ཙམ་གྱིས་མི་ཕན་ཏེ། ཡོད་དགུ་རྩལ་དུ་སྤྲུགས་པར་བྱ།


ཀྲའོ་ཧུའེ་ཧྥེང་གིས་བརྩམས། འཕགས་མོ་བདེ་སྐྱིད་ཀྱིས་བསྒྱུར།

        བྱ་བ་གང་ཞིག་བསྒྲུབ་ཀྱང་། རང་ཉིད་ལ་འགྲན་རྩོད་ཀྱི་འདུ་ཤེས་ལྡན་ཐོག དོན་གང་དེར་ཡོད་དགུ་རྩལ་དུ་སྤྲུགས་ཚེ། གྲུབ་འབྲས་གཟེངས་སུ་ཐོན་ངེས་ཡིན།
        ང་ཚོར་འདི་ལྟ་བུའི་མྱོང་ཚོར་ཞིག་ཡོད་སྲིད། རང་ལ་མ་གཞི་ཆ་བརྒྱ་ཡི་ནུས་སྟོབས་ཡོད་ཀྱང་། གལ་སྲིད་ཁྱོད་ཀྱིས་དོན་དག་ཅིག་བསྒྲུབ་པར་བརྒྱ་ཆའི་དགུ་བཅུའི་ནུས་ཤུགས་ལས་མ་བཀོལ་ཚེ། ལྷག་མའི་ཆ་བཅུ་པོ་དེ་ཁྱོད་ལ་མཚོན་ན་རིན་ཐང་སྤུ་ཙམ་ཡང་མེད་ལ། དེ་ཡང་ཁྱོད་ལ་མཉམ་འཇོག་མེད་པའི་གླགས་དང་བསྟུན་ནས་ག་ལེར་བཞུད་འགྲོ་ངེས་ཡིན། དེའི་རྐྱེན་གྱིས། ད་ལྟའི་འགྲན་རྩོད་ཛ་དྲག་ཆེ་བའི་སྤྱི་ཚོགས་འདིར། རང་ཉིད་ཀྱི་གཏོང་དགོས་པ་དེར་སེར་སྣ་མི་བྱེད་པར་ནུས་ཤུགས་ཡོད་རྒུ་བཏོན་ནས་འགྲན་སློང་ལ་གདོང་གཏད་དགོས།
        ཨ་མེ་རི་ཁའི་ཤི་ཡ་ཐུའུ་ཡི་སྐད་གྲགས་ཆོད་པའི་ཆོས་ཁང་ཞིག་ཏུ་སྤྱོད་གྲགས་གཉིས་ལྡན་གྱི་ཡེ་ཤུའི་ཆོས་འཆད་མཁན—ཏའེ་ཨེར་ཐའེ་ལེ་ཟེར་བ་ཞིག་ཡོད་པ་དེས་སློབ་གྲྭའི་སློབ་མ་རྣམས་ལ་ཆོས་ཚོགས་ནས་གཏམ་རྒྱུད་འདི་འདྲ་ཞིག་བཤད་མྱོང་།
        ལོ་ཞིག་གི་དགུན་ཁར་རྔོན་པ་ཞིག་གིས་རྔོན་ཁྱི་ཁྲིད་ནས་རི་དྭགས་རྔོན་དུ་སོང་། རྔོན་པས་མེ་མདའ་བརྒྱབ་ཐེངས་གཅིག་གིས་རི་བོང་ཞིག་གི་རྐང་པ་རྨས་པར་བྱས་པ་དང་། རི་བོང་རྨས་མ་དེས་སྲོག་འབེན་ལ་བཞག་ནས་བྲོས་པས། རྔོན་ཁྱི་བརྒྱུགས་ནས་རྒྱབ་ཏུ་དེད་ཀྱང་རྨས་ཕོག་པའི་རི་བོང་དེ་དང་བར་ཐག་ཇེ་རིང་ནས་ཇེ་རིང་དུ་གྱུར། རྔོན་ཁྱིས་རྗེས་མི་ཆོད་པ་ཤེས་ནས་ཡིད་ཕམ་སྟེ་ཕྱིར་རྔོན་པའི་མདུན་དུ་ལོག རྔོན་པ་ཁོང་ཁྲོ་ལངས་ནས“རྨས་ཕོག་པའི་རི་བོང་ཞིག་གི་རྗེས་ཀྱང་མི་ཆོད། ངོ་མ་དགོས་མེད་ཅིག་རེད”ཅེས་རྔོན་ཁྱི་ལ་གཤེ་གཤེ་བཏང་། རྔོན་ཁྱིས་ཡིད་མི་འཐད་པའི་ངང“ངས་རང་ནུས་ཅི་ལྕོགས་བྱས་ཟིན”ཞེས་དག་སེལ་བྱས།
        རྨས་ཕོག་པའི་རི་བོང་ཡུལ་ལ་ལོག་རྗེས་ཁོའི་སྤུན་ཟླ་ཚང་མ་དེར་འདུས་ནས་ཡ་མཚན་པའི་ངང“ཁྱོད་ལ་རྨས་ཕོག་ཡོད་པས། རྔོན་ཁྱིའི་ཁ་ལས་ཇི་ལྟར་ཐར་པ་ཡིན་ནམ”ཞེས་དྲིས་པར། རི་བོང་གིས“ཁོས་རང་ནུས་ཅི་ལྕོགས་བྱས་ནས་རྗེས་དེད་ཀྱང་། ངས་ཡོད་དགུ་རྩལ་དུ་སྤྲུགས་པས་རྗེས་མ་ཆོད། ཁོ་རང་ངའི་རྗེས་མ་ཆོད་ན་ཁོས་གཤེ་གཤེ་ཞིག་མྱོང་བ་ཙམ་ཡིན་མོད། འོན་ཀྱང་ངས་ཡོད་དགུ་རྩལ་དུ་མ་སྤྲུགས་ཚེ། ད་ལྟ་ང་ཁྱོད་ཚོའི་མདུན་དུའང་ཡོད་མི་སྲིད”ཅེས་བཤད།
        ཐའེ་ལེས་གཏམ་རྒྱུད་བཤད་ཚར་རྗེས། གནས་དེར་ཡོད་པའི་སློབ་མ་རྣམས་ལ་སུས《མ་ཐའེ་ཧྥུ་དབྱིན་གྱི་མདོ》ཁྲོད་ཀྱི་ལེའུ་ལྔ་པ་ནས་ལེའུ་བདུན་པའི་ནང་དོན་ཆ་ཚང་བློར་འཛིན་ཐུབ་ཚེ། མི་དེ་ཁོས་ཤི་ཡ་ཐུའུ་ཡི“བར་སྣང་ལ་ཟུག་པའི་ཁབ”ཅེས་པའི་ཟ་ཁང་གི་དགྱེས་སྟོན་ལ་རིན་མེད་ངང་གདན་འདྲེན་ཞུ་རྒྱུ་ཡིན་ཞེས་དམ་བཅས།
        《མ་ཐའེ་ཧྥུ་དབྱིན་གྱི་མདོ》ཁྲོད་ཀྱི་ལེའུ་ལྔ་པ་ནས་ལེའུ་བདུན་པའི་ནང་དོན་ཆ་ཚང་ལ་ཡིག་འབྲུ་ཁྲི་ལྔ་ཡོད་པར་མ་ཟད། བློར་འཛིན་སྐབས་ཚིག་སྦྱོར་མི་བདེ་བས་འབད་བརྩོན་ཆེན་པོ་བྱེད་དགོས་པ་ནི་སྨོས་མ་དགོས་པ་ཞིག་རེད། དེ་བས། དགྱེས་སྟོན་ལ་རིན་མེད་ངང་འགྲོ་རྒྱུ་ནི་སློབ་མ་མི་ཉུང་བ་ཞིག་གི་རེ་སྙེག་ཡིན་ནའང་། སློབ་མ་ཕལ་མོ་ཆེ་དེ་མ་ཐག་ཕྱིར་བཤོལ་བྱས་པ་རེད།
        ཡིན་ཡང་ཉིན་འགའི་རྗེས་སུ་འཛིན་གྲྭའི་ནང་གི་ལོ་བཅུ་གཅིག་ཅན་གྱི་བུ་ཕྲུག་ཅིག་ཐའེ་ལེའི་གམ་དུ་ལངས་ནས། 《མ་ཐའེ་ཧྥུ་དབྱིན་གྱི་མདོ》ཁྲོད་ཀྱི་ལེའུ་ལྔ་པ་ནས་ལེའུ་བདུན་པའི་ནང་དོན་ཆ་ཚང་པོ་མགོ་ནས་མཇུག་བར་བློར་སྐྱོར།བློར་འཛིན་པར་དཀའ་སྤྱད་འབད་བརྩོན་ཅི་འདྲ་ཞིག་བྱས་ཡོད་པ་ནི་ཐའེ་ལེའི་སེམས་སུ་ཧ་ཅང་གསལ་པོ་ཡིན་ཏེ། ནར་སོན་པའི་གཞོན་སྐྱེས་ཁྲོད་དུའང་ཤོག་ངོས་འདི་དག་བློར་འཛིན་ཐུབ་མཁན་ཧ་ཅང་དཀོན་ན། བྱིས་པ་ཞིག་དེ་བས་ཀྱང་སྨོས་མ་དགོས།ཐའེ་ལེས་བུ་ཕྲུག་དེའི་དྲན་ཤེས་རྣོ་བར་བསྟོད་བསྔགས་བྱེད་ཞོར། ཡ་མཚན་པའི་ངང“ཡིག་འབྲུ་འདི་འདྲའི་མང་པོ་ཞིག་ཁྱོད་ཀྱིས་ཇི་ལྟར་ཡིག་འབྲུ་གཅིག་ཀྱང་མ་ཆད་པར་བློར་བཟུང་བ་ཡིན”ཞེས་དྲིས་པར།བྱིས་པ་དེས་འདང་མ་བརྒྱབ་པར་བཤད་རྒྱུར“ངས་ནུས་ཤུགས་ཡོད་དགུ་རྩལ་དུ་སྤྲུགས་པ་ཡིན”ཟེར།ལོ་བཅུ་དྲུག་གི་རྗེས་ནས་བྱིས་པ་དེ་འཛམ་གླིང་གི་མཉེན་ཆས་ཀུང་སིའི་ཚོང་བདག་ཏུ་གྱུར། ཁོང་ནི་འཛམ་གླིང་ན་སྙན་གྲགས་ལྡན་པའི་པི་ཨེར་ཀའེ་ཚའེ་རེད།
        གཏམ་རྒྱུད་འདིར་བལྟས་རྗེས། ང་ཚོས་འཚོ་བའི་ཁྲོད་ཀྱི་རང་ཉིད་ལ་བསམ་བློ་ཞིག་འཁོར་ཚེ། དཀའ་ཁག་ལ་གདོང་གཏོད་སྐབས་རང་ནུས་ཅི་ལྕོགས་བྱེད་དགོས་སམ་ཡང་ན་ནུས་ཤུགས་རྩལ་དུ་སྤྲུགས་ནས་བརྩོན་ལེན་དང་དཀའ་ངལ་ཁྱད་གསོད་བྱེད་དགོས་པ་ཤེས་ཡོང་། རང་ནུས་ཅི་ལྕོགས་དང་ནུས་ཤུགས་རྩལ་སྤྲུགས་གཉིས་ཀྱི་བར་ལ་ཁྱད་པར་ཡོད་དེ།སྔ་མས་རང་ཉིད་ཀྱི་ནུས་པ་འདོན་སྤེལ་བྱས་པ་དང་ཕྱི་མས་རང་ཉིད་ཀྱི་བག་ནུས་སྔོག་འདོན་བྱས་ཡོད་པ་རེད།
        ཕམ་ཁར་གདོང་གཏོད་སྐབས་མི་ལ་ལས“ཕམ་ཁ་བྱུང་བ་ནི་ང་རང་ཉིད་ཀྱིས་ནུས་ཤུགས་ཡོད་དགུ་མ་བཏོན་པ་མིན་པར། འགྲན་ཡའི་ནུས་པ་ཆེ་དྲགས་པས་རེད”ཅེས་བཤད་མོད། དོན་དམ་པར་དེ་ནི་ཕམ་ཁར་ཁ་གཡར་ས་ཞིག་བཙལ་བ་ལས། འགྲན་ཡས་ནུས་ཤུགས་ཡོད་དགུ་བཏོན་ནས་རྒྱལ་ཁ་ཐོབ་པའི་དོན་དེ་མ་རྟོགས་པ་རེད། ཡོད་དགུ་རྩལ་སྤྲུགས་དེ་ཡར་ཐོན་གྱི་སེམས་ཁམས་ལ་ཐུག་ཡོད་པས།ཁོས་སྔར་ཡོད་ཀྱི་བཀག་རྒྱ་ལས་བརྒལ་ནས་བག་ནུས་ཕྱིར་བཏོན་པ་སྟེ།གལ་སྲིད་དཀའ་ཁག་ལ་འཕྲད་ཚེ།ཁྱོད་ཀྱིས་ནུས་ཤུགས་ཡོད་དགུ་བཏོན་ཡོད་ན་མཐའ་མར་མཇུག་འབྲས་གཞན་ཞིག་འབྱུང་སྲིད།
        སྤྱི་ཚོགས་ཀྱི་འགྲན་རྩོད་ཉིན་བཞིན་ཛ་དྲག་ཏུ་གྱུར་པའི་དུས་འདིར། ང་ཚོར་རྒྱལ་ཁ་འཐོབ་འདོད་ན། རང་ནུས་ཅི་ལྕོགས་ཀྱིས་མི་འདང་བར་ཡོད་དགུ་རྩལ་སྤྲུགས་ཀྱིས་བསྒྲུབས་ནས་རང་ཉིད་ཀྱི་བག་ནུས་ཕྱིར་བཏོན་ན་བླ་མེད་ཀྱི་རྒྱལ་ཁ་ཐོབ་སྲིད། སེམས་ཁམས་རིག་པ་བ་ཞིག་གིས་གསལ་བཤད་བྱས་དོན། མི་ཕལ་པའི་བག་ནུས་རྒྱུན་པར་བརྒྱ་ཆའི་གཉིས་ནས་བརྒྱད་བར་མ་གཏོགས་གསར་སྤེལ་བྱས་མེད་དེ།ཨའེ་དབྱིན་སི་ཐན་ལྟ་བུའི་རླབས་ཆེན་གྱི་ཚན་རིག་པ་ཆེན་པོ་ཞིག་ལ་མཚོན་ནའང་།བག་ནུས་ཀྱི་བརྒྱ་ཆའི་བཅུ་གཉིས་ཡས་མས་ལས་འདོན་སྤེལ་བྱས་མེད།གལ་སྲིད།ང་ཚོའི་བག་ནུས་བརྒྱ་ཆའི་ལྔ་བཅུ་འདོན་སྤེལ་བྱས་ཐུབ་ཚེ། ང་ཚོས་སློབ་དེབ་བཞི་བརྒྱ་བློར་འཛིན་ཐུབ་པ་དང་སློབ་ཆེན་བཅུ་ལྷག་གི་བསླབ་ཚན་སྦྱང་ཐུབ་ལ།དེ་མིན་རྒྱལ་ཁབ་མི་འདྲ་བའི་སྐད་རིགས་ཉི་ཤུ་ཙམ་བཤད་ཐུབ།ཕྱོགས་དེ་གའི་སྟེང་ནས་བཤད་ནའང་།ང་ཚོས་བག་ནུས་ཕྱིར་འདོན་ཐུབ་པའི་བར་སྟོང་ཧ་ཅང་ཆེ། དེའི་རྐྱེན་གྱིས་སུ་ཞིག་གིས་ཀུན་ལས་ལྷག་པའི་གསར་གཏོད་བྱས་ནས།ངོ་མཚར་བའི་འཛུགས་སྐྲུན་བྱེད་འདོད་ཚེ་ནུས་པ་བཏོན་པ་ཙམ་གྱིས་མི་ཆོག་པར་ངེས་པར་དུ་ནུས་ཤུགས་ཡོད་དགུ་རྩལ་སྤྲུགས་བྱེད་དགོས།
        དེའི་རྐྱེན་གྱིས་གནས་ལུགས་འདི་རྟོགས་རྗེས།རང་ཉིད་ཀྱིས་སློབ་སྦྱོང་ལ་ནུས་ཤུགས་ཡོད་ཚད་བཏོན་ཡོད་བསམ་པའི་སློབ་གྲོགས་དག་གིས་ཀྱང་།བརྩོན་པ་ཇི་ལྟར་བྱས་ཀྱང་མཐར་རང་གིས་སྔོན་དཔག་བྱས་པའི་འབྲས་བུ་དེ་ཐོན་མེད་པའི་རྒྱུ་རྐྱེན་ཤེས་ནས་རྗེས་ཕྱོགས་ཇི་ལྟར་བྱེད་དགོས་པའང་རྟོགས་ཐུབ།
        ཡོད་དགུ་རྩལ་སྤྲུགས་ཀྱིས་མ་འོངས་པའི་མི་ཚེའི་བགྲོད་ལམ་ཁྲོད་ཀྱི་འགྲན་རྩོད་ཀྱི་ཁོར་ཡུག་སྣ་ཚོགས་ལ་གདོང་གཏད་དེ།སྤོབས་པ་ཆེར་བསྐྱེད་ངང་འགྲན་སློང་ལ་ཁ་ཕྱོགས་ཐུབ་ཚེ།ཁྱེད་རང་དཔའ་ངར་ལྡན་པའི་དཔའ་རྒོད་ཅིག་ཏུ་འགྱུར་བ་ལས་ཉམ་ཆུང་ནུས་མེད་ཀྱི་བྲོས་དམག་ཅིག་ཏུ་འགྱུར་མི་སྲིད།རང་ཉིད་ལ་འགྲན་རྩོད་ཀྱི་འདུ་ཤེས་བཟུང་ནས་ནུས་ཤུགས་ཡོད་དགུ་བཏོན་ཚེ།དེ་རིང་གི་ཁྱོད་ནི་ཕུལ་དུ་བྱུང་བ་ཞིག་ཡིན་པར་མ་ཟད།འབྱུང་འགྱུར་གྱི་ཁྱོད་ནི་དེ་བས་ཀྱང་ཁྱད་འཕགས་ལྡན་པ་ཞིག་ཡིན་ངེས། །

                             བསྒྱུར་པ་པོ་ནི་མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་མ་ཡིན།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1