གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༡ཚེས་༡༢ཉིན།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་རྣམ་པ་གསར་བའི་ཕྱོགས་མང་རིང་ལུགས་ལ་བརྟེན་ནས་འཛམ་གླིང་ཡོངས་ཀྱི་འགྲན་རྩོད་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།

        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་བཅུ་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོ་བསྡུས་ནས་ལོ་ངོ་དོན་ལྔ་འགོར་བར་རྗེས་དྲན་བྱེད་པའི་བརྙན་རིས་གྲོས་ཚོགས་སྟེང་གཏམ་བཤད་སྤེལ་ཏེ། རྣམ་པ་གསར་བའི་ཕྱོགས་མང་རིང་ལུགས་ལ་བརྟེན་ནས་འཛམ་གླིང་ཡོངས་ཀྱི་འགྲན་རྩོད་ཐག་གཅོད་བྱེད་དགོས་པར་མ་ཟད། གཙོ་བོ་འདྲ་མཉམ་དང་དྲང་བདེན་མིན་པའི་གནད་དོན་ཇེ་ཉུང་དུ་གཏོང་དགོས་པའི་འབོད་སྐུལ་བཏང་། 
        ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་ཁོངས་གཏོགས་རྒྱལ་ཁབ་དག་གཅིག་ཏུ་བསྡུས་ཏེ་ཆེས་གལ་ཆེ་བའི་གནད་དོན་ལ་དཔྱད་གླེང་བྱས་པ་དང་། ལོ་རྒྱུས་རང་བཞིན་གྱི་དུས་སྐབས་མང་བོར་དངོས་སུ་ལྟ་རྟོག་བྱས། མཉམ་འབྲེལ་རྒྱལ་ཚོགས་བཙུགས་པའི་ཚུན་གྱི་དུས་སྐབས་དེ་ནི་འཛམ་གླིང་དུ་ཟིན་ཐོ་ཡོད་པའི་ལོ་རྒྱུས་སྟེང་རྒྱལ་ཁབ་ཆེན་མོའི་དམག་དོན་འཁྲུག་རྩོད་མེད་པའི་དུས་ཡུན་ཆེས་རིང་བོ་ཞིག་ཡིན་པ་རེད། གྲུབ་འབྲས་བླངས་པའི་ཞོར་དུ་འཛམ་གླིང་ཡོངས་སུ་ནམ་ཟླའི་འགྱུར་ལྡོག་གནད་དོན་ཐག་གཅོད་བྱས་པ་མི་འདང་བ་དང་། རྒྱུན་སྲོལ་གྱི་འཐབ་འཁྲུག་སྔར་ལས་ཞི་འཇགས་སུ་གཏོང་དཀའ་བར་གྱུར་ཡོད་ལ། གཅིག་འབྲེལ་ས་ཁུལ་གྱི་ཆབ་སྲིད་ཛ་དྲག་གི་གནས་བབ་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་དང་། ཉིང་རྡུལ་ནུས་པ་རྒྱ་ཡན་དུ་སོང་ནས་ཉིང་རྡུལ་ནུས་པའི་འགོག་རྒོལ་གྱི་འཇིགས་ཉེན་ཡང་བསྐྱར་མངོན་ཡོད། འདྲ་མཉམ་མིན་པ་སོགས་ཀྱི་སྣང་ཚུལ་ཇེ་མང་དུ་སོང་བར་མ་ཟད། ལྟོགས་སྡུག་ཚབས་ཆེན་དུ་གྱུར་བ་སོགས་འགྲན་རྩོད་རབ་དང་རིམ་པ་འབྱུང་བཞིན་ཡོད་ཟེར། 
        ཀུའུ་ཐི་ལོས་སི་ཡིས་བསྟན་དོན། ཕན་འབྲེལ་གཅིག་འབྲེལ་གྱི་འཛམ་གླིང་འདིར། དྲ་རྒྱ་ཅན་གྱི་ཕྱོགས་མང་རིང་ལུགས་མཁོ་བ་དང་། འཛམ་གླིང་ཡོངས་དང་ས་ཁོངས་རྩ་འཛུགས་ཀྱིས་ཕན་ཚུན་བརྗེ་རེས་བྱེད་པར་སྟབས་བདེ་བཟོས་ནས། མཉམ་དུ་འབད་བརྩོན་བྱས་ཐོག་ཐུན་མོང་དམིགས་འབེན་མངོན་འགྱུར་བྱེད་དགོས་ཟེར། ཁོས་དྲ་རྒྱ་ཅན་དང་བཟོད་སྒོམ་ཅན་གྱི་ཕྱོགས་མང་རིང་ལུགས་ལ་བརྟེན་ནས་འཛམ་གླིང་ཡོངས་ཀྱི་འགྲན་རྩོད་ཐག་གཅོད་བྱེད་པ་དང་། རྒྱལ་སྤྱིའི་རིམ་པའི་འཛམ་གླིང་ཡོངས་ཀྱི་སྲིད་གསར་དང་རྒྱལ་ཁབ་རིམ་པའི་སྤྱི་ཚོགས་གསར་བའི་ཆིངས་ཡིག་ལ་བརྟེན་ནས་འདྲ་མཉམ་མིན་པ་དང་དྲང་བདེན་མིན་པའི་སྣང་ཚུལ་ཇེ་ཉུང་དུ་གཏོང་དགོས་པའི་འབོད་སྐུལ་བཏང་། 
        ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། པྲོག་གསར་གློ་ཚད་རིམས་ནད་ནི་མིའི་རིགས་ཀྱི་གནོད་འཚེ་ཞིག་ཡིན་ཀྱང་། མིའི་རིགས་ཀྱི་གོ་སྐབས་གསར་བ་ཞིག་ཏུའང་འགྱུར་ཆོག རིམས་ནད་ལས་སླར་གསོ་བྱེད་པའི་བརྒྱུད་རིམ་ཁྲོད་དུ། ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པའི་ཕཱ་རེ་སིའི་གྲོས་ཆོད་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གཞིར་བཟུང་སྟེ། རིམས་ནད་རྗེས་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་རྨང་གཞི་ཇེ་དྲག་ཏུ་གཏོང་དགོས་ཟེར། 
        མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོ་གཅིག་སྟོང་དགུ་བརྒྱ་ཞེ་དྲུག་ལོའི་ཟླ་དང་པོའི་ཚེས་བཅུ་ཉིན་ལོན་ཏོན་ནས་བསྡུས་པ་རེད། དབྱིན་ཇིའི་སྲིད་གཞུང་གིས་ཚེས་བཅུ་ཉིན་བརྙན་རིས་རྗེས་དྲན་བྱ་འགུལ་སྤེལ་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོ་བསྡུས་ནས་ལོ་ངོ་དོན་ལྔ་འགོར་བར་དགའ་སྟོན་རྟེན་འབྲེལ་ཞུས། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1