གཙོ་ངོས།>> གསར་འགྱུར།>>བོད་འབྲེལ་ས་ཁུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༡ཚེས་༡༢ཉིན།

འཁྱགས་རོམ་དུ་ལུས་པའི་ཤྭ་བ་མཆུ་དཀར་6བསྐྱབས་པ།

    ཟླ་1ཚེས་6ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་ནགས་ཚལ་སྤྱི་བདེ་ཅུས་ནས་ཤེས་རྟོགས་བྱུང་གསལ། རྫོང་དེའི་འབའ་དགོན་ཤང་གཏེར་ཆུ་གྲོང་ཚོའི་སྣོད་བཅུད་དོ་དམ་མི་སྣས་འབྲི་ཆུའི་ཆུ་འགོ་རུ་སྐོར་ཞིབ་བྱེད་པའི་སྐབས་སུ། ཤྭ་བ་མཆུ་དཀར་6འཁྱགས་པ་ཆགས་པའི་གཙང་ངོས་སུ་ལུས་ཡོད་པ་བསྐྱབས་ཡོད།
   ཚེས་5ཉིན་གྱི་དགོང་མོར། གཏེར་ཆུ་གྲོང་ཚོའི་སྣོད་བཅུད་སྲུང་སྐྱོང་པ་ཉི་མ་དང་བློ་བཟང་ཆོས་རྒྱལ། མགོན་སྐར། བསྟན་འཛིན་རྡོ་རྗེ། རྟ་མགྲིན་རྡོ་རྗེ་སོགས་ཀྱིས་འབྲི་ཆུའི་འགོ་ཁུངས་སུ་སྐོར་ཞིབ་སྲུང་སྐྱོང་བྱེད་པའི་སྐབས་སུ། ཤྭ་བ་མཆུ་དཀར་6འཁྱགས་པ་ཆགས་པའི་གཙང་ངོས་སུ་ལུས་ཡོད་པ་མཐོང་། ཤྭ་བའི་ལུས་པོ་ཁ་བ་ཆེན་པོས་མནན་ཡོད་ཅིང་ངལ་དུབ་ཀྱིས་མནར་བའི་ཤྭ་བ་མཆུ་དཀར་ནི་འགུལ་ཙམ་ཡང་བྱེད་དཀའ་བར་གྱུར་ཡོད།

གཏེར་ཆུ་གྲོང་ཚོ་ནི་རྒྱ་མཚོའི་ངོས་ལས་ས་བབས་མཐོ་ཚད་ལ་སྨི་4000ཡོད་པ་དང་། ཉིན་དེའི་དྲོད་ཚད་ནི་ཧྲེའུ་ཧྲི་ཏུའུ་20མན་ཡིན། ཉི་མ་སོགས་ཀྱིས་དེ་མ་ཐག་ཏུ་ཉེན་ཁར་མ་འཛེམ་པར་ཐག་པ་སྤྱད་ནས་ཤྭ་བ་སྐྱོབ་འགོ་ཚུགས་པ་རེད།


   ཉི་མས་ངོ་སྤྲོད་བྱས་པར་གཞིགས་ན། ཤྭ་བ་མཆུ་དཀར་6པོ་ནི་སྤྱང་ཀིས་དེད་ནས་གཟབ་གཟབ་མ་བྱས་པར་ཆུ་ནང་ལྷུངས་ཡོད་ཚོད་འདུག་པ་དང་།   ཤྭ་བ་1གི་ཁ་རྨས་ཡོད་པས་ཁྲག་གིས་ཉེ་འཁོར་གྱི་འཁྱགས་རོམ་དམར་པོ་བྱས་འདུག  དོ་དམ་སྲུང་སྐྱོང་མི་སྣ་ཚོས་སྟོབས་ཤུགས་གཅིག་སྒྲིལ་གྱིས་ཆུ་ཚོད་ཁ་ཤས་རིང་ལ་འབད་པ་བྱས་མཐར་ཤྭ་བ་མཆུ་དཀར་6པོ་ཚང་མ་བསྐྱབས་ནས་རང་བྱུང་ཁམས་སུ་བཏང་ཡོད། 
   “དུས་ཚོད་དང་རྒྱུག་རྩོད་བྱེད་པ་འདྲ། ང་ཚོས་ཤྭ་བ་མཆུ་དཀར་བསྐྱབས་མ་ཐག་འཁྱགས་རོམ་ཞུ་ནས་འཁྱགས་པ་ཆུས་འཁུར་འགོ་ཚུགས་སོང་།  གལ་ཏེ་ཅུང་ཙམ་ཕྱི་ཡོད་ན་ཤྭ་བ་མཆུ་དཀར་ཉེན་ཁ་ཧ་ཅང་ཆེན་པོར་འཕྲད་ཡོང་། ”ཉི་མས་གསར་འགོད་པ་ལ་བཤད་དོན། རོགས་སྐྱོབ་ཀྱི་ལས་ཀ་འགྲུབ་རྗེས། ཉི་མ་དང་བློ་བཟང་ཆོས་རྒྱལ་སོགས་གཙང་ངོགས་སུ་བསྡད་དེ་འཁྱགས་འདར་རྒྱག་བཞིན་ཤྭ་བ་མཆུ་དཀར་ཐག་རིང་དུ་འགྲོ་བའི་ཕྱོགས་སུ་བལྟས་ནས་བསྡད།  
    བློ་བཟང་ཆོས་རྒྱལ་གྱིས་གསར་འགོད་པར་བཤད་དོན། “ཤྭ་བ་མཆུ་དཀར་ནི་གཙང་གསུམ་ཆུ་འགོའི་‘བཀྲ་ཤིས་གཡང་རྟེན་’རེད། ང་ཚོས་ཐབས་ཤེས་ཡོད་ཚད་སྤྱད་ནས་དེ་ཚོ་སྲུང་སྐྱོང་བྱེད་ཀྱི་ཡིན།  ཇི་ཙམ་འཁྱགས་ཀྱང་ཇི་ཙམ་དཀའ་ཡང་སྐྲག་གི་མེད་ཟེར། ”
   ཤྭ་བ་མཆུ་དཀར་ནི་ཀྲུང་གོར་ཁྱད་དུ་ཡོད་པའི་ཤྭ་བའི་རིགས་ཤིག་ཡིན་ཞིང་། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཡིན་ལ། དཔེ་མཚོན་ཅན་གྱི་མཐོ་སྒང་གྲང་ལྷག་གི་སྲོག་ཆགས་ཤིག་ཀྱང་ཡིན། གཙོ་བོ་མཚོ་བོད་མཐོ་སྒང་དང་དེའི་ཉེ་འཁོར་ས་ཁུལ་གྱི་རི་མཐོ་རྩྭ་ཐང་ས་ཁུལ་དུ་ཡོད་ཅིང་། འཛམ་གླིང་རང་བྱུང་སྲུང་སྐྱོང་མཉམ་འབྲེལ་གྱིས་ཉེན་ཁ་ཆེ་བའི་སྲོག་ཆགས་ཁོང་སུ་བཀོད་ཡོད། (http://tibet.people.com.cn/15834705.html)

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1