ཞི་ལཱའི་ཙུང་ལི་ཡིས་གང་མགྱོགས་སྒོས་ཡོ་རོབ་གླིང་མནའ་འབྲེལ་གྱི་སླར་གསོའི་ཐེབས་རྩ་དོན་འཁྱོལ་བྱེད་དགོས་པའི་འབོད་སྐུལ་བཏང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 01-13


        ཞིན་ཧྭ་འགྱུར་ཁང་གི་གློག་འཕྲིན་ལྟར།  ཕུའུ་ཐའོ་ཡཱ་རུ་འཚམས་འདྲི་བྱེད་བཞིན་པའི་ཞི་ལཱའི་ཙུང་ལི་མུས་ཙོ་ཐཱ་ཅི་སི་ཡིས་ཚེས་བཅུ་གཅིག་ཉིན་གང་མགྱོགས་སྒོས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་ལ་སླར་གསོའི་ཐེབས་རྩ་བྱིན་ནས་དཔལ་འབྱོར་སླར་གསོ་ལ་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བཏང་། 
        ཕུའུ་ཐའོ་ཡཱའི་ཙུང་ལི་ཁི་སི་ཐཱ་ཡིས་ཉིན་དེར་ཙུང་ལིའི་བཞུགས་ཤག་ནས་མུས་ཙོ་ཐཱ་ཅི་སི་དང་གྲོས་མོལ་བྱས། གྲོས་མོལ་བྱས་རྗེས་སྤེལ་བའི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་། མུས་ཙོ་ཐཱ་ཅི་སི་ཡིས་བསྟན་དོན། རྒྱལ་ཁབ་རེ་འགར་པྲོག་གསར་གློ་ཚད་རིམས་ནད་ཀྱི་གནོད་པ་ཐེངས་གཉིས་གསུམ་ལ་ཐེབས་ཡོད་པ་དང་། དཔལ་འབྱོར་ཉམས་རྒུད་དུ་སོང་བ་ཚབས་ཆེ་བས་སླར་གསོའི་ཐེབས་རྩ་མྱུར་དུ་སྟེར་བར་རེ་བས་ཁེངས་ཡོད་ཟེར། 
        ཁི་སི་ཐཱ་ཡིས་དེའི་སྔོན་ཐེངས་མང་པོར་བསྟན་དོན། སླར་གསོའི་ཐེབས་རྩ་དུས་རིམ་དང་པོར་མྱུར་དུ་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བ་ནི་ཕུའུ་ཐའོ་ཡཱ་ཡོ་རོབ་གླིང་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ཆ་ནས་གལ་ཆེན་ནང་གི་འགངས་ཆེན་ཡིན་ཟེར། 
        ཡོ་རོབ་གླིང་མནའ་འབྲེལ་གྱིས་ཉིས་སྟོང་ཉི་ཤུ་ལོའི་ཟླ་བདུན་པར་ཡོ་སྒོར་ཁྲག་ཁྲིག་ཆེན་མོ་གཅིག་དང་ཁྲག་ཁྲིག་བརྒྱད་ཀྱི་དཔལ་འབྱོར་སླར་གསོའི་འཆར་གཞི་བཏོན་པ་དང་། དེའི་ནང་ཡོ་སྒོར་ཁྲག་ཁྲིག་བདུན་དང་ཐེར་ཆེན་ལྔའི་སླར་གསོའི་ཐེབས་རྩ་འདུས་ཡོད། ལོ་དེའི་ཟླ་བཅུ་གཉིས་པར། ཡོ་རོབ་གླིང་མནའ་འབྲེལ་གྱི་མགོ་ཁྲིད་པས་སླར་གསོའི་འཆར་གཞི་དངོས་འབེབ་བྱེད་པའི་གྲོས་མཐུན་བཀོད། 
        དབྱེ་ཞིབ་མི་སྣས་བལྟས་ན། རིམས་ནད་ཀྱིས་ཡོ་རོབ་གླིང་མནའ་འབྲེལ་གྱི་དཔལ་འབྱོར་ལ་གནོད་པ་ཚབས་ཆེན་བཟོས་པའི་ཞོར་དུ་ཡོ་རོབ་གླིང་མནའ་འབྲེལ་ནང་ཁུལ་གྱི་ཁ་བྲལ་གནས་བབ་ཀྱང་ཇེ་སྡུག་ཏུ་བཏང་ཡོད་པར་འདོད། ཕུའུ་ཐའོ་ཡཱ་ཡིས་མཐུན་སྦྱོར་ནུས་པ་འདོན་སྤེལ་བྱས་ཏེ་ཕན་ནུས་ལྡན་པའི་སྒོ་ནས་འགལ་བ་སེལ་ཐུབ་མིན་དེས་ཡོ་རོབ་གླིང་མནའ་འབྲེལ་གྱི་དཔལ་འབྱོར་སླར་གསོའི་འཆར་གཞི་ལག་བསྟར་བྱེད་པའི་གོམ་སྟབས་ཐག་གཅོད་བྱས་ཡོད་པ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1