ཝུའུ་ཧན་དུ་ཡོད་པའི་བོད་རིགས་སློབ་མའི་ཁྱིམ་གཞིས།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 01-13




     རི་ཆུའི་གནའ་གྲོང་། མཛེས་པའི་ཝུའུ་ཧན། འདི་གར་ནི་བོད་རིགས་སློབ་མའི་ཝུའུ་ཧན་གྱི་ས་ཚིགས་ཡིན་ལ། དེ་བས་ཀྱང་པ་ཕ་དབྱང་ལགས་དང་བོད་རིགས་བུ་ཕྲུག་རྣམས་ཀྱི་བདེ་སྐྱིད་ལྡན་པའི་ཐུན་མོང་གི་ཁྱིམ་གཞིས་ཀྱང་ཡིན།

     དབྱང་ཁྲང་ལིན་ནི་གུང་ཁྲན་ཏང་ཡོན་ཞིག་ཡིན་ཞིང་། དེ་སྔ་བོད་ལྗོངས་སུ་ཕྱག་ལས་ཡུན་རིང་གནང་མྱོང་། སྤྱི་ལོ1978ལོར་ཁོང་ཝུའུ་ཧན་སློབ་ཆེན་དུ་དགེ་རྒན་གྱི་ཕྱག་ལས་གནང་བར་ཕེབས། དུས་དང་རྣམ་པ་ཀུན་ཏུ་བོད་ལྗོངས་ནས་དེ་གར་འབྱོར་བའི་སློབ་མ་རྣམས་ཐུགས་ལ་བཞག་གནང་ནས། ཁོང་ཚོའི་འཚོ་བ་དང་། སློབ་སྦྱོང་། བསམ་བློ་སོགས་ཕྱོགས་གང་ཅིའི་ཐད་ཐུགས་ཁུར་ཟབ་བཞེས་གནང་གི་ཡོད། ལོ་ངོ40ཙམ་གྱི་རིང་། དབྱང་ལགས་ཀྱིས་རང་ཁྱིམ་གྱི་ཡོང་འབབ་ལས་1/3ཙམ་བོད་རིགས་སློབ་མའི་ཆེད་དུ་བཏང་གནང་ཡོད། དབྱང་ཁྲང་ལིན་ལ་བོད་རིགས་སློབ་མ་རྣམས་ཀྱིས་བརྩེ་བ་ཆེན་པོས་པ་ཕ་དབྱང་ལགས་ཞེས་འབོད་ཀྱི་ཡོད།

     པ་ཕ་དབྱང་ལགས་དང་ཁོང་གི་སྐུ་ཟླ་བདེ་སྐྱིད་ལགས་ཀྱིས་རང་ཁྱིམ་ཆུང་ཆུང་དེ་བོད་རིགས་སློབ་མའི་ཝུའུ་ཧན་གྱི་ཁྱིམ་ཚང་ལ་བརྩིས་གནང་གི་ཡོད་ཅིང་། ཁོང་རྣམ་གཉིས་ཀྱི་བུ་མོ་དབྱང་ཧུང་མའེ་ནི་དེ་ལྟ་བུའི་ཁྱིམ་ཚང་ནང་འཚར་ལོངས་བྱུང་བ་ཞིག་ཡིན། ཆུང་བྱིས་པའི་དུས་ནས་ཕ་མའི་ཤུགས་རྐྱེན་ཐེབས་པའི་དབང་གིས། ཡང་ཧུང་མའེ་ཡིས་བོད་ལྗོངས་སུ་ལོ་མང་ཕྱག་ལས་གནང་ཡོད། དེང་གི་ཆར། ཁོང་གིས་པ་ལགས་ལ་ཕྱག་རོགས་ཞུས་ནས་ཁྱིམ་དུ་ཡོང་བའི་བོད་རིགས་སློབ་མ་ཚོར་བྱམས་སྐྱོང་གནང་གི་ཡོད་ཅིང་། ཁོང་ཚོའི་འཚོ་བའི་དཀའ་ངལ་སེལ་རོགས་གནང་བས། དབྱང་ཧུང་མའེ་ལགས་ཀྱང་བོད་རིགས་སློབ་མ་ཚོའི་སྙིང་ཉེ་བའི་ཨ་ཅག་ལ་གྱུར་ཡོད།
     དབྱང་ཧུང་མའེ་ལགས་མིག་སྔར་ཝུའུ་ཧན་སློབ་ཆེན་གྱི་དཔེ་མཛོད་ཁང་ནང་ཕྱག་ལས་གནང་བཞིན་ཡོད། བོད་རིགས་སློབ་མ་ཚོའི་བློ་གཏད་བཅོལ་ཡུལ་ཡིན་པའི་ངོས་ནས། ཁོང་གིས་རྒྱུན་དུ་ཝུའུ་ཧན་དུ་ཡོད་པའི་བོད་རིགས་སློབ་མ་ཚོ་རང་ཁྱིམ་དུ་འབོད་ནས་ཁ་ལག་གཏོང་བ་དང་། ཁོང་ཚོ་དང་ལྷན་དུ་ལོ་གསར་དགའ་གཏོང་གནང་གི་ཡོད། ཡང་ཁྱིམ་མི་ལྟ་བུ་ཞིག་ཡིན་པའི་ངོས་ནས། ཁོང་གིས་སྨན་ཁང་ནང་ལུས་པའི་བོད་རིགས་སློབ་མར་རྒྱུན་དུ་ལྟ་སྐྱོང་གནང་བར་ཕེབས་ཏེ། ཁོང་ཚོས་བློ་སྟོབས་ཆེན་པོས་ནད་ཡམས་ལས་རྣམ་པར་རྒྱལ་རྒྱུའི་སྐུལ་ལྕག་གནང་བ་སོགས་དབྱང་ལགས་ཁྱིམ་ མིའི་སྐུལ་ལྕག་འོག བོད་རིགས་སློབ་མ་རྣམས་སློབ་སྦྱོང་ལ་སྦྱང་བརྩོན་ཆེ་ཞིང་བདེ་ཐང་ངང་འཚར་ལོངས་བྱུང་དང་འབྱུང་བཞིན་ཡོད་པ་དང་། སློབ་གྲྭ་ཐོན་རྗེས་བོད་ལྗོངས་སུ་ལོག་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་དང་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་མཁན་གྱི་གསོན་ཤུགས་དམག་ལ་གྱུར་དང་འགྱུར་མུས་ཡིན་པ་རེད།
     ཕ་མའི་ཁ་ཏ་བསླབ་བྱ་བཟང་པོའི་འོག དབྱང་ཧུང་མའེ་ནི་སྒེར་སེམས་མེད་པའི་ལེགས་སྐྱེས་འབུལ་རྒྱུར་སྤྲོ་ཞིང་། ཁོང་གིས་ཡབ་ཡུམ་གྱི་སྲོལ་རྒྱུན་བཟང་པོ་རྒྱུད་འཛིན་གནང་ནས་རྒྱ་བོད་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་སྙིང་སྟོབས་དར་སྤེལ་གཏོང་བཞིན་ཡོད། འདི་ལྟ་བུའི་ཁྱིམ་ཚང་དང་། འདི་ལྟ་བུའི་ཕ་མ་ནི་དེང་གི་སྤྱི་ཚོགས་འདིའི་མཛེས་རིས་གཞན་ཞིག་རེད། ཞིམ་མངར་ལྡན་པའི་ནས་ཆང་དང་། ཚ་སོབ་སོབ་ཀྱི་གསོལ་ཇ་སྲུབས་མ། བོད་རིགས་སློབ་མའི་ཝུའུ་ཧན་གྱི་ཁྱིམ་ཚང་འདི་ནི་བརྩེ་སེམས་ཀྱིས་ཕྱུག་པའི་ཁྱིམ་ཚང་ཞིག་དང་། བདེ་སྐྱིད་ལྡན་པའི་ཁྱིམ་ཚང་ཞིག དེ་བས་ཀྱང་མཐུན་སྒྲིལ་ཆེ་བའི་ཁྱིམ་ཚང་ཞིག་རེད།

     སྤྱི་ལོ2020ལོའི་ཟླ11པའི་ཚེས20ཉིན། རྒྱལ་ཡོངས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་གི་གཟེངས་སྟོད་ཚོགས་ཆེན་པེ་ཅིང་དུ་སྐོང་འཚོགས་བྱས་པ་དང་། ཝུའུ་ཧན་གྲོང་ཁྱེར་ཝུའུ་ཁྲང་ཁུལ་གྱི་དབྱང་ཁྲང་ལིན་ཁྱིམ་ཚང་ལ་སྐབས་གཉིས་པའི་རྒྱལ་ཡོངས་ཀྱི་ཤེས་དཔལ་ཁྱིམ་ཚང་ཞེས་པའི་མཚན་སྙན་ཐོབ་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1