གཙོ་ངོས།>> གསར་འགྱུར།>>བོད་ཁུལ་གཞན་དག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༡ཚེས་༡༣ཉིན།

དགུན་དུས་ཀྱི་ཟི་ལིང་སྲོག་ཆགས་གླིང་གའི་རི་སྐྱེས་སྲོག་ཆགས།

    ཉིན་འདི་དག་གི་རིང་ལ་གྲང་ངར་ཧ་ཅང་ཆེ་ཞིང་། དྲོད་ཚད་གློ་བུར་དུ་ཆག  ཕྱི་རོལ་དུ་གྲང་རླུང་ལྡང་ན་ཡང་། སྲོག་ཆགས་གླིང་གའི་ཁང་པའི་ནང་དུ་དྲོད་འཇམ་དཔྱིད་ཀ་དང་འདྲ། ཝ་སྤྲེའུ་འགའ་དྲོད་རླངས་འགྲམ་དུ་སོས་དལ་ངང་བསྡད་ཅིང་། མཚམས་རེར་རྩེད་མོ་རྩེ་བཞིན་འདུག  དྲོད་ཚད་ཧྲེ་ཧྲི་ཏུའུ་18ཅན་གྱི་ཁང་པ་དྲོན་མོའི་ནང་ནས་ཁོང་ཚོས་གྲང་ངར་ལུས་ལ་གཟན་པའི་དགུན་མི་མཐོང་། 
   ཟ་མའི་དྲི་ཞིམ་འཐུལ་དུས།  ཝ་སྤྲེའུ་དག་ཟས་སྡེར་བསྐོར་ནས་ཡོང་། ཀའོ་ཅུན་ཧུའེ་ཡིས་ཟས་སྡེར་ས་ལ་བཞག་མ་ཐག་ཏུ་སྡེར་མའི་ནང་ནས་ཀུ་ཤུ་དང་། ཙོ་རིལ། ཚ་ལུ་མ་ཁ་ཤས་བླངས་ནས་འགྲམ་གྱི་སྡོང་འགོར་བཀལ་བ་རེད།

   ཝ་སྤྲེའུ་མྱུར་མོ་ཞིག་ཐད་ཀར་ཟས་སྡེར་གྱི་འགྲམ་ནས་སྡོང་འགོར་མཆོང་བ་དང་། ནགས་གསེབ་ནས་ཟས་འཚོལ་བ་དང་འདྲ་བར་ཡར་མཆོང་མར་མཆོང་བྱས་ནས་སྡོང་འགོའི་ཤིང་ཏོག་ཟོས་པ་རེད།  


   “སྡོང་བོའི་ཡལ་གའི་འགོ་ལ་ཤིང་ཏོག་འགེལ་རྒྱུ་ནི་རི་སྐྱེས་སྲོག་ཆགས་ཀྱིས་ཟས་འཚོལ་གྱི་ཁོར་ཡུག་འདྲ་བཟོ་བྱས་ནས་ཁོ་ཚོར་ཟས་ལ་རོལ་བའི་སྤྲོ་སྣང་འཕེལ་ཐུབ་པའི་ཆེད་དུ་ཡིན”ཞེས་ཀའོ་ཅུན་ཧུའེ་ཡིས་བཤད། དེ་བཞིན་ཟས་ཀྱི་གྲུབ་ཚུལ་ལེགས་སྒྲིག་བྱེད་པ་དེ་ཡང་ཟས་སྣ་ཕུན་སུམ་ཚོགས་པར་སྒྱུར་བའི་ཐབས་ལམ་ཞིག་ཡིན་ཏེ། དྲོད་ཚད་ཅུང་མཐོ་བའི་ཕྱི་ཤུན་སྲ་མོའི་ཤིང་ཏོག་དང་སྒོ་ང་མང་ཙམ་བསྲེས་ན་ཝ་སྤྲེའུ་དང་ནགས་བྱི་སྤྲེའུ་སོགས་སྲོག་ཆགས་ཆུང་གྲས་དག་གིས་གྲང་ངར་འགོག་པར་ཕན་པ་ཡོད། 


    དགུན་ཁར་སླེབས་རྗེས་སྲོག་ཆགས་མང་པོ་ཞིག་ཁང་པའི་ནང་དུ་བསྡུས་པས། འགུལ་སྐྱོད་ཀྱི་བར་སྟོང་ཇེ་ཆུང་དུ་གྱུར་ཅིང་དེ་བཞིན་རོལ་རྩེད་ཀྱང་ཇེ་ཉུང་དུ་གྱུར། དེར་བརྟེན་སྲོག་ཆགས་གླིང་གའི་ནང་དུ་འགྱིག་འཁོར་དང་། སྡོང་ཕྲུག ལྕགས་ཐག རྩེད་ཆས་སོགས་ཀྱི་སྒྲིག་ཆས་གང་མང་བཀོད་སྒྲིག་བྱས་ནས་ངལ་གསོ་དང་། མཆོང་ལྡིང་། རྩེད་མོ་རྩེ་བའི་སྟེགས་བུ་སོགས་མང་དུ་བཏང་སྟེ་ཁོར་ཡུག་ལེགས་སྒྱུར་ལ་བརྟེན་ནས་འགུལ་སྐྱོད་ཀྱི་བར་སྟོང་ཕུན་སུམ་ཚོགས་པར་བཏང་ཡོད། 
   ལི་ཧའོ་ཡིས་གསལ་བཤད་བྱས་དོན། རོགས་པ་ཉུང་བར་གྱུར་བ་ལས་ནེ་ཙོའི་རིགས་ཀྱི་གཤིས་ཀ་རེངས་པོར་འགྱུར་སླ། གླིང་ག་འདིར་ནེ་ཙོ་སྐྱ་སྐྱ་ཞིག་རྟག་ཏུ་གྱང་རྩ་བརྒྱུད་ནས་ཁེར་འགྲོ་ཁེར་འདུག་བྱས།  སྲོག་ཆགས་གླིང་གས་དེ་འབབ་སའི་སྡོང་བོའི་ཡལ་ག་རེ་བཙུགས་ཤིང་ཚང་ཞིག་ཀྱང་བཟོས་ཏེ། ཁོར་ཡུག་གི་ཆ་ནས་ནེ་ཙོ་དེ་ལ་བདེ་འཇགས་ཡིན་པའི་ཚོར་སྣང་སྟེར་ཡོད་པས་ད་ལྟ་དངོས་སུ་ཕན་པ་བྱུང་ཡོད།
   “སྲོག་ཆགས་གླིང་གར་ཚན་རིག་ཁྱབ་གདལ་གྱི་སློབ་གསོ་སྤེལ་ནས་མིའི་རིགས་ཀྱིས་སྲོག་ཆགས་ཤེས་རྟོགས་ཐུབ་པ་བྱས་ཏེ་སྲོག་ཆགས་ལ་གཅེས་སྐྱོང་བྱེད་པའི་འདུ་ཤེས་ཆེ་རུ་སྐྱེད་ཐབས་བྱས་ཡོད” ཅེས་ཀྲའོ་ཁའེ་མིང་གིས་བཤད།(http://tibet.people.com.cn/15834981.html)

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1