༄༅།། སློབ་ཆུང་གྲངས་རིག་གི་ཁྲིད་ཐབས་མྱོང་བཤད།

འབྲུག་མོ་མཚོ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 01-13



མཚོ་ལྷོ། འབྲུག་མོ་མཚོ།
        སློབ་ཆུང་གྲངས་རིག་ལ་མཚོན་ན། སློབ་མའི་ལག་ལེན་གྱི་ནུས་པ་སྐྱེད་སྲིང་བྱ་རྒྱུ་ནི་སློབ་གསོའི་སྤུས་ཚད་ཀྱི་སྙིང་པོ་ཡིན་པར་མ་ཟད། ད་དུང་སློབ་ཆུང་གྲངས་རིག་སློབ་ཁྲིད་ཀྱི་དམིགས་ཡུལ་གཙོ་བོའང་ཡིན། སློབ་ཆུང་གྲངས་རིག་གི་སློབ་ཁྲིད་ཁྲོད་དུ་སློབ་མའི་གྲངས་རིག་ཤེས་བྱ་ལག་ལེན་གྱི་ནུས་པ་སྐྱེད་སྲིང་བྱེད་མ་ཐུབ་ཚེ། རིམ་གྱིས་རིམ་གྱིས་གྲངས་རིག་བསླབ་བྱར་སྤྲོ་སྣང་མེད་པར་འགྱུར་བ་དང་། གནད་དོན་དེ་ཐག་གཅོད་བྱེད་པར་སློབ་ཆུང་ནས་བཟུང་སྟེ་སློབ་མའི་གྲངས་རིག་ཤེས་བྱ་ལག་ལེན་དུ་གདབ་པའི་གོམས་གཤིས་དང་ནུས་པ་གསོ་སྐྱོང་བྱ་དགོས་པ་སྟེ།

དང་པོ། གྲངས་རིག་ནི་འཚོ་བ་ལས་བྱུང་བ་ཡིན་པས། འཚོ་བ་དངོས་ལ་དམ་དུ་སྦྲེལ་ཐུབ་དགོས།
        སློབ་ཆུང་གི་གྲངས་རིག་ནི་གྲངས་རིག་སློབ་གསོའི་རྨང་གཞི་ཡིན་པ་དང་། སློབ་བུ་གང་མང་ཞིག་གིས་གོ་དཀའ་ཞིང་བྲོ་བ་མེད་པར་འདོད་པའི་གྲངས་རིག་བསླབ་བྱ་དེ་སྤྲོ་སྣང་རང་བཞིན་ཅན་དང་སླ་མོ་རང་བཞིན་ཅན་དུ་བསྒྱུར་བར་གྲངས་རིག་གི་སློབ་ཁྲིད་དང་། སློབ་མའི་འཚོ་བ་གཉིས་ཟུང་འབྲེལ་བྱེད་དགོས། དཔེར་ན། དངོས་པོར་ལྟ་ཞིབ་བྱེད་པ་ལ། སློབ་གྲོགས་ཚོས་སྒྲིག་ཤིང་གྲུ་བཞི་ཁ་གང་གཟུགས་སྤྱད་ནས་དངོས་པོ་ཞིག་བསྒྲིག་ཏུ་བཅུག་སྟེ། དེའི་ཕྱོགས་སོ་སོ་ནས་མཐོང་བའི་རིས་དབྱིབས་འབྲི་བ། གནས་གཅིག་ནས་དངོས་པོ་མི་འདྲ་བར་ལྟ་ཞིབ་བྱེད་པ་དང་། གནས་མི་འདྲ་བ་ནས་ལྟ་ཞིབ་བྱས་ན་ད་གཟོད་དངོས་པོ་ཞིག་ཕྱོགས་ཡོངས་ནས་ངོས་འཛིན་ཐུབ་པ་གསལ་པོར་ཤེས་ཐུབ། དེ་དང་དེ་སོགས་ལས་སློབ་མའི་སློབ་སྦྱོང་ལ་སྤྲོ་སྣང་སྩོལ་བར་མ་ཟད་གྲངས་རིག་ཤེས་བྱའང་སློབ་ཐུབ། དགེ་རྒན་གྱིས་འཚོ་བའི་ནང་ནས་གྲངས་རིག་གི་རྒྱུ་ཆ་སྔོག་འདོན་བྱས་ཏེ་ལྐོག་གྱུར་གྱི་གནད་དོན་སྣ་ཚོགས་མངོན་སུམ་གོ་བདེར་བསྒྱུར་རྒྱུ་ནི་གལ་ཆེན་དུ་འཛིན་དགོས། དཔེར་ན། སྡོང་འཛུགས་དུས་ཆེན་གྱི་ཉིན་མོར་སློབ་མ་རྣམས་སྡོང་པོ་འཛུགས་པར་འགྲོ་བ་དང་། སློབ་མ་ཕོས་སྡོང་ཕྲུག68དང་སློབ་མ་མོས་སྡོང་ཕྲུག46བཙུགས་པ་ཡིན་ན། འཛིན་གྲྭས་བསྡོམས་པས་སྡོང་ཕྲུག་ག་ཚོད་བཙུགས་ཞེས་པའི་བེད་སྤྱོད་རྩིས་གཞི་འདི་ལྟ་བུ་འདོན་ཆོག་ལ། སློབ་མར་འཚོ་བའི་གནད་དོན་དེ་གྲངས་རིག་གི་ཤེས་བྱའི་ལམ་ནས་ཐག་གཅོད་པ་དང་། གྲངས་རིག་གི་ཤེས་བྱ་དེ་འཚོ་བའི་ཉམས་མྱོང་ལས་བསླབ་ཆོག་པ་སྟོན་དགོས། སྐུ་ཞབས་ཐའོ་ཞིང་ཀྲིས“སློབ་གསོ་ནི་འཚོ་བ་དངོས་དང་འབྲེལ་ན་ད་གཟོད་དོན་སྙིང་ཡོད་པར་མ་ཟད། དོན་དངོས་ཀྱི་སློབ་གསོ་རྣལ་མ་ཞིག་ཏུ་འགྱུར་སྲིད”ཅེས་གསུངས་པ་ནང་བཞིན། གྲངས་རིག་བཀོལ་སྤྱོད་ཀྱི་འདུ་ཤེས་སྐྱེད་སྲིང་བྱ་རྒྱུའི་ཐབས་ལམ་མཆོག་ནི་གྲངས་རིག་གི་ཤེས་བྱ་འཚོ་བ་དངོས་ལ་སྦྲེལ་རྒྱུ་དེའོ། །

གཉིས་པ། དངོས་ཡོད་ལག་ལེན་ཁྲོད་ནས་གྲངས་རིག་ཤེས་བྱ་བཀོལ་སྤྱོད་ཀྱི་ནུས་པ་མཐོར་འདེགས་གཏོང་རྒྱུར་མཐོང་ཆེན་བྱ་དགོས།
        དངོས་ཡོད་ལག་ལེན་གྱི་བརྒྱུད་རིམ་ནི་ལག་ལེན་དང་ཤེས་བྱ་ཟུང་འབྲེལ་དང་། ཐབས་རྩལ་དང་ནུས་རྩལ། བསམ་གཞིག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གོ་རིམ་ཞིག་ཡིན། དགེ་རྒན་གྱིས་སློབ་མར་སྣེ་ཁྲིད་བྱས་ཏེ་རང་ཉིད་ལ་བསམ་བློ་གཏོང་དུ་འཇུག་པ་དང་། མི་སྒེར་གྱི་རྩད་ཞིབ་དེ་སློབ་གྲོགས་ཕན་ཚུན་བར་གྱི་རྩད་ཞིབ་དང་བགྲོ་གླེང་དུ་འགྱུར་བར་བྱས་ཏེ། བརྗེ་རེས་ཀྱི་རྣམ་པའི་སྒོ་ནས་སློབ་སྦྱོང་བྱེད་པའི་རྒྱུ་ཆ་མང་པོ་འདོན་སྤྲོད་བྱ་དགོས། སློབ་མས་མིག་གིས་ཞིབ་ཏུ་བལྟ་བ་དང་། ལག་པ་ནན་གྱིས་འགུལ་བ། བསམ་གཞིག་ཞིབ་ཏུ་བྱེད་པ་སོགས་ཀྱིས་རང་གི་མཐོང་ཐོས་མྱོང་གསུམ་སྤྱི་སྡོམ་བྱས་ཏེ་སྐད་ཆའི་ལམ་ནས་ཕྱིར་བརྗོད་པ་སོགས་དབང་པོ་ལྔ་ལ་བརྟེན་ནས་གྲངས་རིག་གི་ཤེས་བྱ་ཐོབ་པར་བྱ་དགོས། འདི་ནི་སློབ་སྦྱོང་གི་ཐབས་ལམ་དམིགས་བསལ་བ་ཞིག་དང་ལྷག་པར་གྲངས་རིག་ལག་ལེན་བྱ་འགུལ་གྱི་རྣམ་པ་གལ་ཆེན་ཞིག་ཀྱང་ཡིན་ཏེ། དེས་སློབ་མའི་རྒྱུད་ལ་ཤེས་བྱ་འབྱོར་བར་སྐུལ་འདེད་ཀྱི་ནུས་པ་འདོན་ཐུབ་པར་མ་ཟད། ད་དུང་སློབ་མའི་སློབ་སྦྱོང་གི་བྱེད་ཐབས་དང་བསམ་བློ་གཏོང་སྟངས། སློབ་སྦྱོང་གི་རྣམ་འགྱུར་སོགས་ལའང་ནུས་པ་བླ་ལྷག་ཅིག་འཐོན་སྲིད།

གསུམ་པ། སློབ་གསེང་གི་སྐབས་སུ་འཆར་གཞི་ཡོད་པའི་སྒོ་ནས་ལག་ལེན་གྱི་བྱ་འགུལ་རྩ་འཛུགས་བྱས་ཏེ་ལག་ལེན་གྱི་ནུས་པ་གསོ་སྐྱོང་བྱེད་པ།
        སློབ་ཁྲིད་ཁྲོད་བསླབས་ཟིན་པའི་གྲངས་རིག་གི་ཤེས་བྱ་སྣ་ཚོགས་དངོས་ཡོད་འཚོ་བའི་ཁྲོད་སྤྱོད་ཤེས་དགོས་པ་དང་། སློབ་གསེང་གི་བྱ་འགུལ་བེད་སྤྱད་དེ་གྲངས་རིག་གི་དོགས་གནད་ལ་གོ་བ་ལེན་པར་བྱེད་པ་ནི་སློབ་མའི་ལག་ལེན་གྱི་ནུས་པ་གསོ་སྐྱོང་བྱེད་པའི་གོ་རིམ་གལ་ཆེན་ཞིག་ཡིན། དཔེར་ན། ཟུར་གསུམ་དབྱིབས་ཀྱི་རང་བཞིན་ཁྲིད་སྐབས། སྦྱངས་ཟིན་པའི་ཤེས་བྱའི་ནང་དོན་སྲ་བརྟན་དུ་གཏོང་ཆེད། སློབ་གསེང་སྐབས་སུ་སློབ་གྲོགས་ཚོར་རིང་ཐུང་གཅིག་ཡིན་པའི་དབྱུ་གུ་འགའ་གྲ་སྒྲིག་བྱེད་དུ་བཅུག་སྟེ། ཟུར་གསུམ་དབྱིབས་དང་མཐའ་བཞི་དབྱིབས་འགའ་རེ་སྒྲིག་ཏུ་འཇུག་པ་དང་། དེ་ནས་ཁ་ཕྱོགས་མི་འདྲ་སར་འཐེན་ན་ཟུར་གསུམ་དབྱིབས་ནི་འཐེན་མི་ཐུབ་པས་དབྱིབས་མི་འགྱུར་བ་དང་མཐའ་བཞི་དབྱིབས་ནི་འཐེན་པ་དང་བསྟུན་ནས་དབྱིབས་འགྱུར་སྲིད་པ་ལག་ལེན་དངོས་ལས་མྱོང་ཚོར་བྱེད་དུ་བཅུག་རྗེས། དེའི་རྒྱུ་མཚན་ནི་ཟུར་གསུམ་དབྱིབས་ཀྱི་མཐའ་གསུམ་གྱི་རིང་ཚད་གཏན་འཁེལ་བྱས་ན། ཟུར་གསུམ་དབྱིབས་ཀྱི་ཆེ་ཆུང་ཡོངས་སུ་གཏན་འཁེལ་བྱས་ཡོད་པས་ཡང་བསྐྱར་འགྱུར་ལྡོག་འབྱུང་མི་སྲིད་ལ། མཐའ་བཞི་དབྱིབས་ཀྱི་ཟུར་གྱི་ཆེ་ཆུང་ཐོག་ནས་འགྱུར་ལྡོག་འབྱུང་སྲིད་པས། མཐའ་བཞི་དབྱིབས་ཀྱི་དབྱིབས་ཀྱང་དེ་དང་བསྟུན་ནས་འགྱུར་འགྲོ་བའི་ཐོག་ནས། སློབ་མར་ཟུར་གསུམ་དབྱིབས་དང་མཐའ་བཞི་དབྱིབས་ཀྱི་ཁྱད་ཆོས་མི་འདྲ་བ་སླར་ཡང་ཉམས་སུ་མྱོང་དུ་བཅུག་ན། ཟུར་གསུམ་དབྱིབས་ཀྱི་བརྟན་འཇགས་རང་བཞིན་གྱི་མངོན་མཐོང་ཤེས་རྟོགས་གཏིང་ཇེ་ཟབ་ཏུ་གཏོང་ཐུབ། དེའི་རྐྱེན་གྱིས། སློབ་གསེང་གི་སྐབས་སུ་སློབ་མར་ལག་ལེན་གྱི་བྱ་འགུལ་སྣ་ཚོགས་སྤེལ་ནས། སློབ་མ་རང་ཉིད་ཀྱི་བློ་དང་ཤེས་རབ་ལ་བརྟེན་ནས་སེལ་ཐུབ་པའི་དོགས་གནད་མང་པོ་སེལ་དུ་བཅུག་ན། ད་གཟོད་ཤུགས་དྲག་པའི་གྲངས་རིག་བེད་སྤྱོད་ཀྱི་འདུ་ཤེས་གསོ་སྦྱོང་བྱེད་ཐུབ་ལ། གྲངས་རིག་དང་དངོས་ཡོད་འཚོ་བའི་བར་གྱི་བར་ཐག་ནི་ཧ་ཅང་ཉེ་བ་ཞིག་ཡིན་པ་སློབ་བུ་རྣམས་ལ་ཤེས་སུ་འཇུག་ཐུབ། དཔེར་ན། དབུལ་ཕྱུག་མི་འདྲ་བའི་ཁྱིམ་ཚང་གི་ཡོང་འབབ་དང་སྡོད་ཁང་གི་རྒྱ་ཁྱོན་ལ་སོགས་པར་བརྟག་དཔྱད་བྱེད་པའི་བྱ་འགུལ་སྤེལ་བར་སློབ་མས་དབྱར་དགུན་གནང་ངམ། ཡང་ན་ཟླ་གནང་གི་སྐབས་སུ་བཅར་འདྲི་དང་ཚད་འཇལ། བརྟག་དཔྱད་ཀྱི་ཐབས་ལ་བརྟེན་ནས་ཐོབ་པའི་གཞི་གྲངས་རྩིས་རྒྱག་པ་དང་ཐོབ་འབྲས་རེའུ་མིག་ཏུ་ཁ་བསྐངས་ཏེ་བྱ་འགུལ་གྱི་སྙན་ཞུ་འབྲི་བ་སོགས་བྱེད་དུ་བཅུག་སྟེ། གྲུབ་འབྲས་ཕུལ་བྱུང་ཅན་ལ་གསར་འགོད་པ་ཆུང་ངུའི་གཟེངས་རྟགས་སོགས་གནང་དགོས།

བཞི་པ། སློབ་མའི་རིག་ལམ་བསྐྱེད་པ་དང་། བསམ་གཞིག གནད་དོན་ཐག་གཅོད་བཅས་ཀྱི་ནུས་པ་འཕེལ་རྒྱས་ཡོང་བར་སྐུལ་མ་གཏོང་དགོས།
        རྟོག་དཔྱོད་དང་གསར་གཏོད་ཀྱི་ས་བོན་འབུས་ས་ནི་དོགས་འདྲིའི་བློ་ཕྲ་རགས་གང་ཞིག་ཡིན་ངེས་ཤིང་། གསར་རྙེད་དང་གསར་གཏོད། གསར་སྤེལ་བཅས་ནི་རྒྱུན་ལྡན་གྱི་ལག་ལེན་དང་རིག་གཞུང་ཞིབ་འཇུག་ཁྲོད་གནད་དོན་རྙེད་པ་དང་། གནད་དོན་འདོན་པ། གནད་དོན་ལ་དབྱེ་ཞིབ་བྱེད་པ་སོགས་བརྒྱུད་ནས་འབྱུང་། དེའི་ཕྱིར་དགེ་རྒན་གྱིས་སློབ་མའི་མཚར་སྣང་དང་བསམ་གཞིག་གི་ནུས་པར་ཡིད་འཇོག་དང་རྒྱབ་སྐྱོར། སྐུལ་མ་གང་ལེགས་བྱས་ན་ད་གཟོད་སློབ་མའི་བསམ་གཞིག་གི་ནུས་པ་སྐྱེད་སྲིང་བྱས་ཏེ་རིག་ལམ་རྒྱ་བསྐྱེད་ཐུབ། གལ་ཏེ་སློབ་མ་ཞིག་གིས་གནད་དོན་གསར་པ་ཞིག་གམ་ཡང་ན་འདྲི་གཞི་གསར་པ་ཞིག་བཏོན་ཚེ། དགེ་རྒན་གྱིས་དེ་མ་ཐག་ཏུ་གནད་དོན་དེ་ཐག་གཅོད་པར་མི་བྱ་བར། སྐབས་དེ་དང་བསྟུན་ནས་སློབ་གྲོགས་རྣམས་ཀྱི་བསམ་གཞིག་དང་དབྱེ་ཞིབ་ཀྱི་ནུས་པ་སྔོག་འདོན་བྱེད་དགོས། དེ་ལས་སློབ་མའི་གནད་དོན་གསར་རྙེད་དང་བསམ་གཞིག་གི་བློ་རྒྱ་བསྐྱེད་པར་སྐུལ་འདེད་གཏོང་ཐུབ་པར་མ་ཟད། རང་རྐྱ་འཕེར་བའི་བསམ་གཞིག་གི་ནུས་པ་སྐྱེད་སྲིང་བྱེད་པར་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་ཐུབ། དགེ་རྒན་གྱིས་སློབ་མའི་ཤེས་ཟིན་པ་དང་མ་ཤེས་པ་བར་གྱི་འབྲེལ་བར་ངོས་ཟིན་གསལ་པོ་བྱས་ནས་སློབ་མའི་ཆུ་ཚད་དང་འཚམ་པའི་ཁྲིད་ཐབས་སྣ་ཚོགས་བེད་སྤྱོད་བྱས་ཏེ་སློབ་མའི་བློ་སྒོར་སྣེ་འདྲེན་བྱེད་ཐུབ་ན། སློབ་མས་གནད་དོན་ལ་བསམ་གཞིག་དང་། དབྱེ་ཞིབ། ཐག་གཅོད་བཅས་ཀྱི་ནུས་པའང་སྐྱེད་སྲིང་གང་ལེགས་བྱེད་ཐུབ།
        མདོར་ན། ལག་ལེན་ནི་ཤེས་རྟོགས་ཀྱི་འབྱུང་ཁུངས་ཡིན་ལ། སྤྱི་ཚོགས་འཚོ་བའི་མི་རྣམས་ཀྱིས་དུས་རྒྱུན་ལག་ལེན་ལ་བརྟེན་ནས་ཤེས་བྱ་མང་པོ་ཞིག་རང་བཞིན་ནམ་ངང་གིས་ཤེས་འགྲོ་བ་དང་། སླར་ཡང་ཤེས་ཟིན་པའི་ཤེས་བྱ་དེ་དག་གིས་དངོས་ཡོད་འཚོ་བར་ཞབས་འདེགས་ཞུས་ནས་འཚོ་བ་རོལ་བཞིན་ཡོད། དེར་བརྟེན་དགེ་རྒན་གྱི་སྣེ་ཁྲིད་འོག སློབ་བུ་ཡོངས་ཀྱིས་འཚོ་བ་དངོས་ཀྱི་ཁྲོད་དུ་གྲངས་རིག་ཤེས་བྱར་དོ་སྣང་བྱེད་དགོས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1