༄༅།། དམངས་དོན་ཁྲིམས་གཞུང་གི་ནང་དུ་མི་གཞིའི་ཁེ་དབང་སྲུང་སྐྱོང་བྱེད་པ་འབུར་དུ་བཏོད་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 01-13


        2021ལོའི་ཟླ་དང་པོའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་ཡིན་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དམངས་དོན་ཁྲིམས་གཞུང》གི་ནང་དུ་ཆེད་བསྒྲིགས་ལེ་ཚན་གྱི་རྣམ་པས“མི་གཞིའི་ཁེ་དབང”གཏན་འབེབས་བྱས་ཡོད་ལ།དེར་བསྡོམས་པས་དོན་ཚན51ཡོད་པ་དང་།མི་གཞིའི་ཁེ་དབང་གི་རིགས་དང་དེར་སྲུང་སྐྱོབ་བྱེད་པའི་ཐད་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་ཞིབ་ཕྲའི་སྒོ་ནས་བཙུགས་ཡོད་པས།གསར་སྐྲུན་རང་བཞིན་གྱི་དོན་སྙིང་གལ་ཆེན་ལྡན།
        མི་གཞིའི་ཁེ་དབང་རང་ཚུགས་སྒོས་རྩོམ་སྒྲིག་བྱས་པ་དེ་ནི་ཐེངས་འདིར་དམངས་དོན་ཁྲིམས་གཞུང་རྩོམ་སྒྲིག་བྱས་པའི་ཁྲོད་ཀྱི་གསར་གཏོད་ཅིག་ཡིན་ལ།དམིགས་ཡུལ་གཙོ་བོ་ནི་མི་ཆོས་ཐུགས་ཁུར་ཚད་མཐོན་པོའི་སྒོ་ནས་མཚོན་པ་དང་།“མི”ནམ་ཡང་གོ་གནས་ཨང་དང་པོར་བཞག་ཡོད་པ་མཚོན་ཡོད།
        དམངས་དོན་ཁྲིམས་གཞུང་གི་མི་གཞིའི་ཁེ་དབང་གི་ལེ་ཚན་ལ་ཁྱད་ཆོས་བདུན་ཡོད་དེ།མི་གཞིའི་ཁེ་དབང་རང་ཚུགས་སྒོས་རྩོམ་སྒྲིག་བྱས་པ་ནི་དམངས་དོན་ཁྲིམས་གཞུང་གི་ཁྱད་ཆོས་གཙོ་བོ་ཡིན་ལ།དེས་མི་གཞིའི་ཁེ་དབང་གི་འགན་སྲུང་འབུར་དུ་བཏོད་ཡོད།

ཁྱད་ཆོས་དང་པོ། དབང་པོ་ཞལ་འདེབས་རྒྱག་པའི་ཐད་ཀྱི་གཞི་རྩའི་སྒྲིག་སྲོལ།
        དེང་སྐབས་མི་སྒེར་དང་ཡང་ན་རྩ་འཛུགས་ཀྱིས་བཙན་ཤེད་དང་མགོ་བསྐོར།བསླུ་བྲིད་སོགས་ལ་བརྟེན་ནས་དབང་པོ་ཞལ་འདེབས་འབུལ་དུ་འཇུག་པའི་སྣང་ཚུལ་ལ་དམིགས་ནས།ཐེངས་འདིར་དམངས་དོན་ཁྲིམས་གཞུང་དུ་དམངས་དོན་བྱ་སྤྱོད་ཀྱི་ནུས་པ་ཡོངས་སུ་འཛོམས་པའི་མི་དེ་དབང་པོ་ཞལ་འདེབས་འབུལ་བར་འཐད་པ་ཡིན་ན།ཡིག་ངོས་ཀྱི་རྣམ་པ་དང་ཡང་ན་ཁ་ཆེམས་ཀྱི་རྣམ་པས་ཞལ་འདེབས་འབུལ་དགོས་པ་དང་། རང་བྱུང་མི་འཚོ་གཞེས་ཀྱི་སྐབས་སུ་དབང་པོ་ཞལ་འདེབས་འབུལ་བར་མི་འཐད་པའི་རྣམ་འགྱུར་གང་ཡང་མ་བསྟན་ན།རང་བྱུང་མི་དེ་ཚེ་ལས་འདས་རྗེས།དེའི་བཟའ་ཟླ་དང་ནར་སོན་པའི་བུ་ཕྲུག ཡང་ན་ཕ་མ་སོགས་ཀྱིས་མཉམ་གཅིག་ཏུ་དབང་པོ་ཞལ་འདེབས་འབུལ་རྒྱུ་ཐག་གཅོད་བྱེད་ཆོག་ལ། ཞལ་འདེབས་འབུལ་བའི་ཐག་གཅོད་དེ་ཡིག་ངོས་ཀྱི་རྣམ་པས་འབྲི་དགོས།

ཁྱད་ཆོས་གཉིས་པ། འདོད་གཙེའི་ཐད་ནས་ལས་ཁུངས་དང་ཁེ་ལས་དང་སློབ་གྲྭ་སོགས་ཀྱི་འགན་འཁྲི་གསལ་པོ་བྱས་པ།
        ཉེ་བའི་ལོ་འདི་འགར། འདོད་གཙེ་ནི་སྤྱི་ཚོགས་ཡོངས་ཀྱིས་ཐུགས་ཁུར་བྱེད་ཀྱིན་པའི་གླེང་གཞི་གཙོ་བོར་གྱུར་ཡོད།བརྟག་དཔྱད་ལས་མངོན་པ་ལྟར་ན།གནད་དོན་དེ་ནི་གཙོ་བོ་ཁེ་ལས་དང་སློབ་གྲྭ་སོགས་སྡེ་ཁག་ཏུ་བྱུང་བ་མང་བ་དང་།ས་འོག་ལྕགས་ལམ་དང་སྤྱི་སྤྱོད་རླངས་འཁོར།གསོལ་མགྲོན་ཁང་སོགས་ཀྱི་མི་མང་འདུ་སའང་འདོད་གཙེའི་སྣང་ཚུལ་འབྱུང་བ་མང་བའི་ས་གནས་སུ་གྱུར་ཡོད།དེ་བས་དམངས་དོན་ཁྲིམས་གཞུང་དུ་འདོད་གཙེ་ངོས་འཛིན་པའི་ཚད་གཞི་གཏན་ཁེལ་བྱས་ཡོད་པ་དང་།དེ་མིན་ད་རུང་ལས་ཁུངས་དང་ཁེ་ལས།སློབ་གྲྭ་སོགས་སྡེ་ཁག་ལ་འདོད་གཙེའི་རྣམ་པ་སྔོན་འགོག་དང་འགོག་བཅོས་བྱེད་པའི་འོས་འགན་ཡོད་པ་གཏན་འཁེལ་བྱས་ཡོད།

ཁྱད་ཆོས་གསུམ་པ། རུས་མིང་ཐོབ་དབང་དང་མིང་བརྡ་ཐོབ་དབང་ལ་སྲུང་སྐྱོབ་བྱེད་ཚད་རྒྱ་བསྐྱེད་པ།
        སྤྱི་ཚོགས་ཀྱི་སྟེང་དུ་མིང་གྲགས་ངེས་ཅན་ཡོད་པ་མིའི་སྨྱུག་མིང་དང་འཁྲབ་མིང་།དྲ་མིང་སོགས་བཀོལ་སྤྱོད་བྱས་ཏེ་སྤྱི་དམངས་ལ་རྙོག་དྲ་བཟོས་ན།རུས་མིང་ཐོབ་དབང་དང་མིང་བརྡ་ཐོབ་དབང་གི་འབྲེལ་ཡོད་གཏན་ཁེལ་ལྟར་སྲུང་སྐྱོབ་བྱེད་རྒྱུ་རེད།

ཁྱད་ཆོས་བཞི་པ། ཁྲིམས་འགལ་སྒོས་མི་སྒེར་གྱི་ཆ་འཕྲིན་བསྡུ་ཉར་བྱེད་པ་གཏན་འགོག་བྱེད་རྒྱུ།
        ཆ་འཕྲིན་ལག་རྩལ་སྤྱད་དེ་མི་གཞན་གྱི་འདྲ་པར་དང་སྐད་ངག་སོགས་རྫུན་བཟོ་བྱས་ཏེ།མི་གཞན་གྱི་མི་གཞིའི་ཁེ་དབང་ལ་གནོད་འཚེ་བཏང་བ་དང་།ཐ་ན་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་ལ་གནོད་འཚེ་བཏང་བ་སོགས་ཀྱི་གནད་དོན་ལ་དམིགས་ནས།རྩ་འཛུགས་དང་མི་སྒེར་སུ་ཞིག་ཡིན་རུང་ཆ་འཕྲིན་ལག་རྩལ་སྤྱད་དེ་རྫུན་བཟོ་སོགས་ཀྱི་རྣམ་པས་མི་གཞན་གྱི་འདྲ་པར་ཁེ་དབང་ལ་གནོད་འཚེ་གཏོང་བ་གཏན་འགོག་བྱེད་རྒྱུ།

ཁྱད་ཆོས་ལྔ་པ།“སྟོང་འུར་ཚོགས་པ”དང“ཡ་ཡོ་ཚོགས་པ”ཡིས་དམངས་དོན་འགན་འཁྲི་འཁུར་དགོས་པ།
        བྱ་སྤྱོད་སྤེལ་མཁན་གྱིས་གསར་འགྱུར་འགོད་སྤེལ་དང་གླེང་ཕྱོགས་ལྟ་སྐུལ་སོགས་ཀྱི་བྱ་སྤྱོད་སྤེལ་བ་དང་འབྲེལ་བའི་དམངས་དོན་འགན་འཁྲི་འཁུར་དགོས་པ་དང་།དེ་མིན་ད་རུང་བྱ་སྤྱོད་སྤེལ་མཁན་གྱིས་ལུགས་མཐུན་སྒོས་འོས་འགན་ཞིབ་དཔྱད་བྱེད་མིན་ངོས་འཛིན་པའི་ཐད་གཏན་ཁེལ་གསལ་པོ་བྱས་ཡོད།

ཁྱད་ཆོས་དྲུག་པ། སྒོས་གསང་ཁེ་དབང་ལ་གནོད་འཚེ་བཏང་བའི་བྱ་སྤྱོད་བྱེ་བྲག་ཅན་དུ་བཏང་བ།
        ཆ་འཕྲིན་ཅན་གྱི་དུས་རབས་སུ་སླེབས་པ་དང་བསྟུན་ནས།ཐེངས་འདིའི་དམངས་དོན་ཁྲིམས་གཞུང་དུ་དུས་བསྟུན་ལྷན་སྐྱོད་ཀྱིས་སྒེར་གྱི་གསང་དོན་གྱི་གོ་དོན་གཏན་ཁེལ་བྱས་ཡོད་ལ།མི་གཞན་གྱི་སྒོས་གསང་ཁེ་དབང་ལ་གནོད་འཚེ་གཏོང་བའི་བྱེ་བྲག་གི་བྱ་སྤྱོད་གསལ་པོར་བཏོན་ཡོད།

ཁྱད་ཆོས་བདུན་པ། མི་སྒེར་གྱི་ཆ་འཕྲིན་ལ་སྲུང་སྐྱོབ་བྱེད་རྒྱུ།
        མི་སྒེར་གྱི་ཆ་འཕྲིན་ཐག་གཅོད་བྱེད་སྐབས་བརྩི་སྲུང་བྱེད་དགོས་པའི་རྩ་དོན་དང་ཆ་རྐྱེན་གསལ་པོ་བྱས་ཡོད་པ་དང་།རང་བྱུང་མི་དང་ཆ་འཕྲིན་ཐག་གཅོད་མཁན་བར་གྱི་གཞི་རྩའི་ཁེ་དབང་དང་འོས་འགན་སྒྲོམ་གཞི་བཙུགས་ནས། མི་སྒེར་གྱི་ཆ་འཕྲིན་ལ་སྲུང་སྐྱོབ་དང་སྤྱི་པའི་ཁེ་ཕན་སྲུང་སྐྱོང་བྱེད་པའི་བར་གྱི་འབྲེལ་བ་ལུགས་མཐུན་དོ་མཉམ་ཡོང་བར་བྱས་པ་དང་།རྒྱལ་ཁབ་ཀྱི་ལས་ཁུངས་དང་དེའི་ལས་བྱེད་མི་སྣར་རང་བྱུང་མིའི་གསང་བ་དང་མི་སྒེར་ཆ་འཕྲིན་ལ་སྲུང་སྐྱོབ་བྱེད་པའི་འོས་འགན་ཡོད་པ་གཏན་ཁེལ་བྱས་ཡོད་པ་བཅས་སོ། །


རྩོམ་ཡིག་རྗེས་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1