གསའ་ཕུ་འཁྱགས་ཀླུང་འདབས་ཀྱི་ཡུལ་སྐོར་པ་སྲུང་མཁན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 01-14



       སྐྱ་རེངས་ཤར་བ་ན་མཚོ་དར་དྲོད་འཇམ་གྱི་མལ་ལས་ལྡིང་སྟེ་ནམ་རྒྱུན་དང་འདྲ་བར་སྐོར་གཡེང་བྱེད་ཀྱིན་ཡོད། འདི་ནི་ཁོང་གིས་སྣེ་ཁྲིད་དེ་གཡང་ཤོད་ཤང་གསའ་ཕུ་སྐོར་གཡེང་རུ་ཁག་སྒྲིག་འཛུགས་བྱས་པའི་ལོ་ལྔ་པ་རེད།
        2020ལོའི་ཟླ12པའི་ཚེས26ཉིན་གྱི་སྔ་དྲོར། དྲོད་ཚད་ཀླད་ཀོར་མན་གྱི་ཏུའུ10ལྷག་གི་གྲང་ངར་ཁྲོད་མཚོ་དར་དང་རུ་མི་ཚོ་གསའ་ཕུའི་མཚེའུ་ཡི་བསྐོར་ལམ་འགྲམ་རྒྱུད་དུ་སྐོར་གཡེང་བྱེད་སྐབས་ཧུའུ་པེ་ནས་ཡོང་བའི་བྱེས་བགྲོད་རླངས་འཁོར་ནག་པོ་ཞིག་འཁྱགས་པའི་ནང་ལུས་འདུག་པ་མཐོང་། “རླངས་འཁོར་གྱི་འཁོར་ལོ་དར་དུ་འབྱར་ཞིང་རླངས་འཁོར་ནང་ཁ་ལོ་བ་གཅིག་པུ་ཆུ་ཚོད་འགར་ལུས་འདུག ང་ཚོས་ཕྱོགས་གཅིག་ནས་ཁོང་ལ་སེམས་གསོ་བྱས་པ་དང་ཕྱོགས་གཞན་ཞིག་ནས་ཁོང་དང་མཉམ་དུ་ལྕགས་ཁེམ་དང་འཇོར་གྱིས་ཆུ་ཚོད3ལྷག་ལ་འཁྱག་པ་བརྐོས་ཏེ་རླངས་འཁོར་དར་ནང་ནས་ལེན་པར་རོགས་རམ་བྱས།” མཚོ་དར་གྱིས“སྐབས་དེར་རླངས་འཁོར་གྱི་ཁ་ལོ་བས་བཀའ་དྲིན་ཞུས་ཤིང་ང་ཚོ་ཡང་དགའ་སྤྲོ་ཚད་མེད་སྐྱེས་བྱུང་ལ། ཡུལ་སྐོར་བར་རོགས་རམ་བྱ་རྒྱུ་ནི་ངས་གསའ་ཕུ་སྐོར་གཡེང་རུ་ཁག་འཛུགས་པའི་ཐོག་མའི་བསམ་འདུན་ཡིན”ཞེས་བཤད།

        གསའ་ཕུ་འཁྱགས་ཀླུང་།
        གསའ་ཕུའི་མིང་གཞན་ལ་གསའ་ཕུ་གངས་རི་ཡང་ཟེར། བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་གཡང་ཤོད་ཤང་བུ་འཛོམས་ལུང་པར་གནས་ཤིང་།  མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་སྨི6965ཟིན་པ་དང་གཉན་ཆེན་ཐང་ལྷའི་ཤར་རྒྱུད་ཀྱི་རི་བོ་མཐོ་ཤོས་ཡིན།

        མཚོ་དར།
        གསའ་ཕུ་འཁྱགས་ཀླུང་ས་བབ་མཐོ་ཞིང་རྒྱུན་དུ་གངས་ཀྱིས་གཡོགས་བཞིན་ཡོད་པས། གསའ་ཕུ་ཉེ་འགྲམ་དུ་ཡོད་པའི་སྣང་ཆེ་གྲོང་ཚོའི་མཚོ་དར་གྱིས་རྒྱུན་དུ་ཡུལ་སྐོར་བ་མང་པོ་གངས་ནང་དུ་ལུས་པ་མཐོང་།  དེར་བརྟེན་ཁོས་སྣེ་ཁྲིད་་ཏེ2017ལོའི་ལོ་འགོར་གཡང་ཤོད་ཤང་གསའ་ཕུ་སྐོར་གཡེང་རུ་ཁག་བཙུགས། “ངའི་བསམ་ཡུལ་ལས་འདས་པ་ཞིག་ལ་ཁྱིམ་མཚེས་ཁ་ཤས་ཀྱང་གཅིག་རྗེས་གཉིས་མཐུད་དུ་སྐོར་གཡེང་རུ་ཁག་ནང་ཞུགས་རྒྱུའི་རེ་བ་བཏོན་པ་དང་། སྐོར་གཡེང་རུ་ཁག་བཙུགས་མ་ཐག་པའི་མི་གསུམ་གྱི་དཔུང་ཁག་ཆུང་ཆུང་ཞིག་ནས་ད་ལྟ་མི་བརྒྱད་ཡོད།”    མཚོ་དར་གྱིས“ང་ཚོས་ཉིན་ལྟར་མི་གཅིག་གམ་གཉིས་སྐོར་གཡེང་བྱེད་དུ་མངགས་པ་ཡིན་ལ། རོགས་རམ་བྱེད་དགོས་པའི་ཡུལ་སྐོར་བར་འཕྲད་ན་ཚང་མས་མཉམ་དུ་རོགས་བྱེད་ཀྱིན་ཡོད། 2020ལོའི་དགུན་ཁ་ནས་བཟུང་ང་ཚོས་ཡུལ་སྐོར་བ90ལྷག་ལ་དཀའ་ངལ་སེལ་རོགས་བྱས་ཡོད”ཅེས་དགའ་སྤྲོའི་ངང་དེ་ལྟར་བཤད།

        གསའ་ཕུ་འཁྱགས་ཀླུང་།
        དཔྱིད་ཀ་དང་དབྱར་ཁར་གསའ་ཕུ་ལུང་ཤུར་དུ་སྒར་འཛུགས་པའི་ཡུལ་སྐོར་བ་མང་པོ་ཡོད། གང་ལེགས་ཤེ་ན། དེ་གར་གསའ་དང་དྲེད་མོང་སོགས་རི་སྐྱེས་སྲོག་ཆགས་མང་པོ་ཡོད་པས་རེད། ཡུལ་སྐོར་བའི་བདེ་འཇགས་ལ་འགན་ལེན་བྱ་ཆེད། མཚོ་དར་གྱིས་ཉིན་ལྟར་ཕྱི་རོལ་གྱི་མཚེའུ་དང་། ཡུལ་ལྗོངས་ལ་ལྟ་ས། མཚེའུ་སོགས་ཡུལ་སྐོར་བ་མང་པོ་འདུས་སར་སྐོར་གཡེང་བྱས་ནས་ཡུལ་སྐོར་བར་དྲེད་མོང་འགོག་བྱེད་ཐབས་སྐོར་བཤད་པ་མ་ཟད། ད་དུང་སྤྲོ་སེམས་འཁོལ་བའི་ངང་ཡུལ་སྐོར་བ་ཁྱིམ་དུ་བསུས་ནས་བྱང་ཐང་འབྲོག་ཁུལ་གྱི་འཚོ་བ་ཉམས་ལེན་ཡང་བྱེད་དུ་བཅུག་པ་རེད།
        དགུན་དུས་ནི་མཚོ་དར་དང་སྐོར་གཡེང་རུ་མི་ཚོ་བྲེལ་འཚུབ་ཆེ་བའི་དུས་ཚིགས་ཤིག་ཡིན། གངས་འཁྱགས་ཀྱིས་བཅིངས་པའི་གསའ་ཕུ་ནི་ཧ་ཅང་མཛེས་པས་ཡུལ་སྐོར་བ་རྒྱུན་ཆད་མེད་ཀྱང་། ལྗོངས་ཁུལ་དུ་སྐྱོད་སའི་ལམ་ངོས་སུ་དར་ཁ་ཆགས་པ་དང་གནས་མང་པོ་ཞིག་ནས་རླངས་འཁོར་ཤུད་སླ་བས་ཉེན་ཁ་ཡང་ཡོད། ཡུལ་སྐོར་བ་ལ་ལའི་རླངས་འཁོར་འཁྱག་པའི་དོང་རྙིད་དུ་ལྷུང་བ་དང་དྲོད་ཚད་ཧ་ཅང་དམའ་བའི་རྐྱེན་གྱིས་གློག་མི་འདང་བ་དང་། ཡུལ་སྐོར་བ་ལ་ལར་ཆུ་འཁོལ་དགོས་པ། ཡུལ་སྐོར་བ་ལ་ལས་གྲང་འགོག་གྱོན་ཆས་འདང་ངེས་འཁྱེར་མེད་པ་སོགས་སྐོར་གཡེང་རུ་མི་ཚོ་ཉིན་ནས་དགོང་གི་བར་དུ་ཁོམ་པའི་དུས་ལོང་མེད་པར་ཁོང་ཚོའི་དཀའ་ངལ་སེལ་རོགས་བྱེད་ཀྱིན་ཡོད།

        སྐོར་གཡེང་རུ་ཁག་གི་ཁོངས་མིས་གསའ་ཕུ་འཁྱགས་ཀླུང་དུ་འཚོ་བའི་གད་སྙིགས་གཙང་སེལ་བྱེད་བཞིན་པ།
        “དུས་ཚོད་མང་ཆེ་བ་རི་ཁུལ་དུ་ཡོད་པས་ནང་མི་ལ་ལས་ང་ཚོའི་སྐོར་གཡེང་རུ་ཁག་གི་རུ་མིས་ཁྱིམ་ལ་ལྟ་རྟོག་བྱེད་ཉུང་བར་འཁང་ར་ཡོད་ཀྱང་། ང་ཚོས་རང་གི་བསྒྲུབ་པའི་ལས་ཀ་འདིའི་དམིགས་ཡུལ་དང་སྤྱོད་སྒོ་སེམས་ལ་གསལ་པོ་ངེས་ཡོད། ང་ཚོས་ཁ་བརྡ་གློད་པའི་ཁྲོད་དུའང་ཕན་ཚུན་ལ་སྐུལ་ལྕག་བཏང་སྟེ་སྔར་བས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཡུལ་སྐོར་བར་ལྟ་སྐྱོང་བྱེད་མཁན་ཞིག་བྱ་དགོས་པར་བཤད་པ་ཡིན”ཞེས་མཚམས་འདིར་སླེབས་སྐབས་མཚོ་དར་ཅུང་ཙམ་དོགས་མི་བདེ་བར་གྱུར།
        ལོ་འགའ་འགོར་སོང་། མཚོ་དར་གྱིས་རང་ཉིད་ཀྱིས་ཡུལ་སྐོར་བ་ཅི་ཙམ་ལ་རོགས་རམ་བྱས་པ་གསལ་པོ་ཤེས་ཀྱིན་མེད། སྐོར་གཡེང་རུ་ཁག་དང་བཅས་པ་མི་བརྒྱད་ཀྱིས་རྒྱ་མཚོའི་ངོས་ལས་སྨི5000ཟིན་པའི་རི་མགོ་ནས་མི་ཆ་མེད་རྣམས་ཀྱི་བདེ་འཇགས་བསམ་ནས་སྒེར་སེམས་མེད་པའི་བློས་གཏོང་བ་དང་། ལྷག་བསམ་ཟོལ་མེད་ཀྱི་སེམས་པ་བཅངས་ནས་མི་རེ་རེར་ལུས་བདེ་སེམས་སྐྱིད་ཀྱི་སྲུང་སྐྱོང་གནང་བཞིན་ཡོད།
        འབྲི་རུ་རྫོང་གཡང་ཤོད་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཀོ་ཁྲའོ་ཡིས་རྗེས་ཕྱོགས་གཡང་ཤོད་ཤང་ཏང་ཨུད་དང་ཤང་སྲིད་གཞུང་གིས་གསའ་ཕུ་སྐོར་གཡེང་རུ་ཁག་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས་འགྲིམ་འགྲུལ་ཡོ་བྱད་དང་། འཁྱགས་སེལ་ཡོ་བྱད། འགྲོ་གྲོན་བཅས་ཀྱི་ཐད་སྐོར་གཡེང་རུ་ཁག་ལ་ཁྱོན་ཡོངས་ནས་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། དེ་དང་ཆབས་ཅིག་མི་བརྒྱད་ཀྱི་སྟོབས་ཤུགས་ལ་ཚད་ཡོད་པས་ཡུལ་སྐོར་བར་སྤུས་ལེགས་ཀྱི་ཞབས་ཞུ་མཁོ་འདོན་བྱ་ཆེད་གསའ་ཕུ་མཐའ་འཁོར་གྱི་སྣང་ཆེ་གྲོང་ཚོ་དང་ཕ་རོང་གྲོང་ཚོ་གཞིར་བྱེད་ཅིང་། “དང་བླངས+ཤང་སྲིད་གཞུང་གི་ཚོ་ཆུང་མངག་གཏོང”གི་བྱེད་ཐབས་ལ་བརྟེན་ནས་གསའ་ཕུ་སྐོར་གཡེང་རུ་ཁག་རྒྱ་བསྐྱེད་ནས་གསའ་ཕུ་སྐོར་གཡེང་རུ་ཁག་སྟོབས་ཆེན་ཞིག་བསྐྲུན་པ་དང་་ཡུལ་སྐོར་བར་སྔར་བས་སྐྱིད་སྣང་དོད་པའི་ཡུལ་སྐོར་ཉམས་ལེན་མཁོ་འདོན་བྱ་རྒྱུ་ཡིན་ཞེས་ཟེར།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1