གཙོ་ངོས།>> གསར་འགྱུར།>>སི་ཁྲོན་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༡ཚེས་༡༨ཉིན།

དཀར་མཛེས་ཁུལ་གྱི་མཛེས་ལྗོངས་ཁུལ་5ཡི་རིམ་པ་སྤར་རྩིས་ཡོད།


   ཟླ་1ཚེས་14ཉིན། དཀར་མཛེས་ཁུལ་རིག་དངོས་ཡུལ་སྐོར་ཅུས་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། ཉེ་ཆར། སི་ཁྲོན་ཞིང་ཆེན་གྱིས་སྤེལ་བའི་《ཡུལ་སྐོར་མཛེས་ལྗོངས་ཁུལ་21རྒྱལ་ཁབ་ཀྱི་4Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་གཏན་འཁེལ་བྱ་རྒྱུའི་སྐོར་གྱི་སྤྱི་བསྒྲགས》ལས། དཀར་མཛེས་ཁུལ་རྟའུ་རྫོང་ཡར་ལྷ་གངས་རིའི་མཛེས་ལྗོངས་ཁུལ་དང་། གསེར་རྟ་རྫོང་ཝ་ཤུལ་ཚོ་པའི་རིག་གནས་ཡུལ་སྐོར་མཛེས་ལྗོངས་ཁུལ། ལི་ཐང་རྫོང་གཙང་ལྷ་མེ་ཏོག་མཛེས་ལྗོངས་ཁུལ། འབའ་ཐང་རྫོང་མཚོ་ཕུ་ལུང་ཤུར་མཛེས་ལྗོངས་ཁུལ། འདབ་པ་རྫོང་ཟངས་སྟོད་རོང་སྟོད་འདམ་རའི་མཛེས་ལྗོངས་ཁུལ་བཅས་མཛེས་ལྗོངས་ཁུལ་5མིང་ཐོའི་ནང་ཚུད་པ་དང་། སི་ཁྲོན་གྱི་གྲོང་ཁྱེར་(ཁུལ)ཁག་གི་ནང་མིང་ཐོར་ཚུད་གྲངས་ཨང་དང་པོར་སླེབས་ཤིང་། དཀར་མཛེས་ཁུལ་གྱི་ཐེངས་གཅིག་ལ་རིམ་སྤར་བྱ་རྩིས་ཡོད་པའི་མཛེས་ལྗོངས་ཁུལ་མང་ཤོས་ཀྱི་ཟིན་ཐོ་བཀོད་ཡོད།


   མིག་སྔའི་བར། དཀར་མཛེས་ཁུལ་ལ་Aརིམ་པའི་མཛེས་ལྗོངས་ཁུལ་81ཡོད་པ་དེ་སི་ཁྲོན་ཞིང་ཆེན་གྱི་ཨང་གཉིས་པར་སླེབས་པ་དང་། 2016ལོའི་དཀར་མཛེས་ཁུལ་གྱི་Aརིམ་པའི་མཛེས་ལྗོངས་ཁུལ་བསྡོམས་འབོར་གྱི་ལྡབ་13.5ཡིན་པ་རེད། 2020ལོའི་ཟླ་12པའི་ཟླ་མཇུག་ཏུ་ རིག་གནས་དང་ཡུལ་སྐོར་པུའུ་ཡིས་དཀར་མཛེས་ཁུལ་འདབ་པའི་ཉི་སྟེང་ཡུལ་སྐོར་མཛེས་ལྗོངས་ཁུལ་རྒྱལ་ཁབ་ཀྱི་5Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་དངོས་སུ་གཏན་འཁེལ་བྱས་པ་རེད། གལ་ཏེ་ཐེངས་འདིར་མཛེས་ལྗོངས་ཁུལ་5ཚང་མ་དངོས་སུ་རིམ་པ་སྤར་སོང་ན། དཀར་མཛེས་ཁུལ་ལ་5Aརིམ་པའི་མཛེས་ལྗོངས་ཁུལ་2དང་། 4Aརིམ་པའི་མཛེས་ལྗོངས་ཁུལ་20།  3Aརིམ་པའི་མཛེས་ལྗོངས་ཁུལ་59བཅས་ཡོད་པ་རེད། 


   དཀར་མཛེས་ཁུལ་གྱི་རིག་གནས་རླུང་བརྙན་འཕྲིན་དང་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ལིའུ་ཧུང་གིས། ཉེ་བའི་ལོ་འགའི་ནང་། དཀར་མཛེས་ཁུལ་གྱིས་མངའ་ཁོངས་ཡོངས་ཀྱི་ཡུལ་སྐོར་གྱི་“འདུ་ཤེས་ཆེན་པོ་བཞི་”དང་“གལ་ཆེན་ལྔ་མཉམ་འཛིན་གྱིས་གོང་འཕེལ་”གྱི་བསམ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། རྒྱུ་རྐྱེན་གཙོ་བོ་མཐོ་རུ་གཏོང་རྒྱུ་གཙོ་གནད་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། ཕྱོགས་གཅིག་ནས་སྤུས་རྟགས་ལེགས་སུ་གཏོང་རྒྱུ་དམ་འཛིན་བྱེད་པ་དང་། ཕྱོགས་གཅིག་ནས་མཛེས་ལྗོངས་ཁུལ་གྱི་འཛུགས་སྐྲུན་ལ་དམ་འཛིན་བྱེད་པ་བཅས་བྱས་ཏེ་གངས་ལྗོངས་གོང་དཀར་བསྐོར་བའི་ཡུལ་སྐོར་ཁུལ་དང་། དྭངས་གཙང་ཉི་སྟེང་ཡུལ་སྐོར་ཁུལ། དགེ་བསྙེན་གནས་རིའི་ཡུལ་སྐོར་ཁུལ། གླིང་སྒྲུང་རིག་གནས་ཡུལ་སྐོར་ཁུལ། ཀྲུང་གོའི་ཆེས་མཛེས་པའི་ས་མཐོའི་འདམ་ར། ཀྲུང་གོའི་ཆེས་མཛེས་པའི་རྩྭ་ཐང་འདམ་ར་བཅས“ཁུལ་གསུམ་དང་འདམ་ར་གཉིས”ཀྱི་འཕེལ་རྒྱས་བཀོད་པ་རགས་ཙམ་བཏོད་ཡོད། 2021ལོར་དཀར་མཛེས་ཁུལ་གྱིས“སྤུས་རྟགས་གཏོད་རྒྱུར་དམ་འཛིན་བྱས་ནས་ཞན་ཆ་ཧུར་ཐག་གསབ་པ”དང་། “རྣམ་གྲངས་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་སྟེ་ཐོན་ལས་རིམ་སྤོར་ལ་སྐུལ་འདེད་གཏོང་བ”“དྲིལ་བསྒྲགས་དང་བྲིན་ཚོང་ལ་ཤུགས་སྣོན་བརྒྱབ་ནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་བ”བཅས་ཕྱོགས་གསུམ་ལ་གཙོ་གནད་ཐོག་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་ཀྱི་མངའ་ཁོངས་ཡོངས་ཀྱི་ཡུལ་སྐོར་དཔེ་སྟོན་ཁུལ་ནུས་ཤུགས་ཡོད་རྒུས་བསྐྲུན་རྒྱུ་ཡིན་ཞེས་བཤད།(http://tibet.people.com.cn/15835336.html)







39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1