བུད་མེད་འདིའི་ལུས་ཐོག་ཏུ་རྒྱུད་འགྱུར་ཏོག་ནད་རིཊ18གསར་རྙེད་བྱུང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 01-19



          ཉེ་ཆར་ཨུ་རུ་སུའི་ཆེད་མཁས་ཚོས་རིམས་འགོག་ནུས་ཤུགས་ཞན་པའི་བུད་མེད་ཅིག་གི་ལུས་སྟེང་ནས་རྒྱུད་འགྱུར་ཏོག་གསར་ནད་དུག་རིགས18རྙེད་པ་དང་། རྒྱུད་འགྱུར་ཁག་གཅིག་དབྱིན་ཇི་ནས་ཐོན་པའི་ནད་དུག་རྒྱུད་འགྱུར་དང་གཅིག་མཚུངས་ཡིན་ལ། རིགས་གཉིས་ཏེན་མག་གི་ཨོག་དཀར་གྱི་ལུས་ཐོག་ན་ཡོད་པའི་ཏོག་གསར་ནད་དུག་རྒྱུད་འགྱུར་དང་མཚུངས།

          ཚེས12ཉིན་ཨུ་རུ་སུའི《གསར་འགྱུར་ཚགས་པར》ཐོག་གནས་ཚུལ་སྤེལ་བར་གཞིགས་ན། བུད་མེད་དེ་ལོ47ཡིན་པ་དང་རྨེན་བུའི་འབྲས་སྐྲན་ཕོག་ཡོད། 2020ལོའི་ཟླ4པར་བུད་མེད་དེར་རྫས་འགྱུར་སྨན་བཅོས་ཐེངས་ཤིག་གི་ཁྲོད་ནས་ཏོག་གསར་ནད་དུག་འགོས་པ་དང་། དེའི་རྗེས་སུ་མོས་དུས་བཀག་ལྟར་ཉིང་སྐྱུར་དཔྱད་འཇལ་ཚད་ལེན་བྱས་ཤིང་། ཟླ9པའི་ཚེས9ཉིན་གྱི་གོང་ནས་ད་ལྟའི་བར་དཔྱད་འཇལ་འབྲས་བུ་ཚང་མ་གདགས་གཤིས་རེད།
          མཚམས་སྦྱོར་བྱས་པ་ལྟར་ན། བུད་མེད་དེའི་ལུས་སྟེང་དུ་ཐོན་པའི་རྒྱུད་འགྱུར་ཏོག་གསར་ནད་དུག་ཁག་གཅིག་ནི་དེ་སྔ་ལྟ་ཞིབ་བྱས་པའི་རིམས་འགོག་ནུས་པ་ཞན་པའི་ནད་པའི་ཐོལ་འགྱུར་ནད་དུག་དང་གཅིག་མཚུངས་ཡིན་པ་དང་། དབྱིན་ཇིར་ཐོན་པའི་རྒྱུད་འགྱུར་ཏོག་གསར་ནད་དུག་དང་མཚུངས། དེ་མིན་ཐོལ་འགྱུར་ནད་དུག་རིགས2ནི་ཏེན་མག་གི་ཨོག་དཀར་གྱི་ལུས་ཐོག་ན་ཡོད་པའི་རྒྱུད་འགྱུར་ཏོག་གསར་ནད་དུག་དང་མཚུངས་པ་རེད།
          ཞི་པོ་ལི་ཡ་རྒྱལ་ཕྲན་མཉམ་འབྲེལ་སློབ་གྲྭ་ཆེན་མོའི་གཞི་རྒྱུའི་རིག་པ་དང་སྐྱེ་དངོས་ཆ་འཕྲིན་རིག་པའི་སྡེ་ཁག་གི་དགེ་རྒན་ཆེ་མོ་བ་ཁང་སི་ཐན་ཏིང་ཁེ་ལུའུ་ཐུའོ་ཧྥུའུ་སི་ཅིས(康斯坦丁•克鲁托夫斯基)བསྟན་དོན། ཞིབ་འཇུག་ལས་དོན་དེས་དོན་དངོས་ཤིག་ཐེངས་དང་པོར་གཏན་འཁེལ་བྱས་པ་སྟེ། “ཏོག་གསར་ནད་དུག་དེ་སྐྱེ་དངོས་ཤིག་གི་སྟེང་ནས་ཡུན་རིང་གནས་ཚེ་དེ་ཐོལ་འགྱུར་མང་པོ་འབྱུང་བ་ཡིན།” དེ་དང་ཆབས་ཅིག་ཁོང་གིས་ད་ཆ“ཨུ་རུ་སུའི”ནད་དུག་འགོ་བའི་མྱུར་ཚད་སྔ་མོའི་དུས་ཡིན་པ་གཏན་འཁེལ་བྱས་ཡོད། གང་ལགས་ཤེ་ན། མཚོན་དཔེ་གཅིག་ལས་ཐོན་མེད་པས་རེད་ཅེས་གསུངས།
          ཚེས12ཉིན་ཨུ་རུ་སུའི་ཏོག་གསར་ནད་དུག་གི་རིམས་འགོག་གཞུང་ཕྱོགས་དྲ་བའི་ཐོག ཁྱབ་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལས་མངོན་པར་གཞིགས་ན། ཨུ་རུ་སུར་ཏོག་གསར་གློ་ཚད་ཀྱི་གཏན་འཁེལ་ནད་དཔེ་གསར་པ་22934ཐོན་པ་དང་རིམ་རྩིས་བྱས་ན་ནད་དཔེ3448203གཏན་འཁེལ་བྱུང་ཞིང་། ཏོག་གསར་གློ་ཚད་ལས་ཤི་བའི་ནད་དཔེ་གསར་པ531ཐོན་པ་དང་རིམ་རྩིས་བྱས་ན་ཤི་བའི་ནད་དཔེ62804ཡོད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1