རྔ་བ་ཁྱུང་མཆུ་མཛོད་དགེ་བཅས་རྫོང་གསུམ་ལ་དུག་ཤ་ཁྱབ་འདུག་པས་གཟོབས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 01-20


        ཉིན་ཤས་རིང་། ཨ་ཀེན་ཐིན་ནས་ནང་འདྲེན་བྱས་པའི་ཏོག་གསར་ནད་དུག་འགོས་པའི་ཟོག་ཤ་ཁག་གཅིག་མཚོ་སྔོན་ཞིང་ཆེན་གྱི་ན་གོར་མོ་གྲོང་ཁྱེར་དང་། ཡུལ་ཤུལ་གྲོང་ཁྱེར། ཁྲི་འདུ་རྫོང་།  འབའ་རྫོང་། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རྨ་ཆུ་རྫོང་བཅས་སུ་ཁྱབ་ཡོད་པ་ཤེས་རྟོགས་བྱུང་ཡོད་ལ། ཁ་སང་ཡང་རྔ་བ་བོད་རིགས་དང་ཆའང་རིགས་རང་སྐྱོང་ཁུལ་གྱི་རྔ་བ་རྫོང་དང་ཁྱུང་མཆུ་རྫོང་། མཛོད་དགེ་རྫོང་སོགས་སུ་ཁྱབ་ཡོད་པའི་གནས་ཚུལ་ཐོན་པས། རྔ་བ་རྫོང་ཏོག་གསར་གློ་ཚད་རིམས་ནད་འཕྲལ་སྡོམ་བཀོད་འདོམས་སྡེ་ཚན་གྱིས་དེའི་ཐད་གཤམ་གསལ་གྱི་བརྡ་ཁྱབ་སྤེལ་འདུག 
        རྔ་བ་རྫོང་ཏོག་གསར་གློ་ཚད་རིམས་ནད་འཕྲལ་སྡོམ་བཀོད་འདོམས་སྡེ་ཚན་གྱི་ཛ་དྲག་བརྡ་ཁྱབ། 
        སྤྱི་ལོ་2021ལོའི་ཟླ་བ་1པོའི་ཚེས་18ཉིན། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་སྤེལ་བའི་གནས་ཚུལ་ལ་གཞིགས་ན། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་གི་ཨ་ཀེང་ཐིན་ནས་ནང་འདྲེན་བྱས་པའི་ཟོག་ཤའི་ཐུམ་སྒྲིལ་དངོས་དཔེ་ཁ་ཤས་ཀྱི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་གྱི་མཇུག་འབྲས་གདགས་གཤིས་ཡིན་པ་དང་། ཟོག་ཤ་ཐུམ་སྒྲིལ་འདི་རིམས་ནད་དང་འབྲེལ་བའི་དངོས་ཟོག་གི་གྲས་སུ་བཅུག་ཡོད། ཚོང་ཟོག་དེ་དག་ལ་རྗེས་འདེད་བྱས་པ་ལྟར་ན། དེའི་ནང་གི་ཚོང་ཟོག་ཁག་གཅིག་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་མཚོ་བོད་ས་མཐོའི་ཞིང་ཞོར་ཐོན་རྫས་བསྡུ་འགྲེམ་ལྟེ་གནས་ཀྱི་མཚོ་སྔོན་ཉིའུ་དབང་ཚོང་དོན་ཚད་ཡོད་སྤྱི་གཉེར་ཁང་བརྒྱུད།  རྔ་བ་རྫོང་དང་། ཁྱུང་མཆུ་རྫོང་། མཛོད་དགེ་རྫོང་བཅས་སུ་ཁྱབ་ཡོད་པ་དང་། དེའི་ཁྲོད་མཱ་པ་ཆེ་གེ་མོ་ལས་རྔ་བ་རྫོང་དུ་སྒམ་32ཏེ་རྒྱ་མ་710དང་།  མཱ་ཧ་ཆེ་གེ་མོ་ལས་རྔ་བ་རྫོང་དུ་རྒྱ་མ་5600ཁྱབ་ཡོད་ལ།  འབྲེལ་ཡོད་བརྡ་ཁྱབ་གཤམ་གསལ་ལྟར། 
        དང་པོ། ཉེ་དུས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་དུ་བསྐྱོད་དེ་རིམས་ནད་དང་འབྲེལ་བ་ཡོད་པའི་ཟོག་ཤ་ཉོས་མྱོང་བ་དང་། ཤ་བཙོང་མཁན་དང་འབྲེལ་བ་བྱས་མྱོང་བའི་སྡེ་ཚན་དང་མི་སྒེར་གྱིས་རང་འགུལ་ངང་རང་ཉིད་གནས་སའི་གྲོང་གསེབ་དང་གྲོང་རྡལ་གྱི་ཏང་ཨུད་སྲིད་གཞུང་ལ་སྙན་སེང་ཞུ་དགོས་ཤིང་།  གནས་ཚུལ་གསང་བའམ་རྫུན་ཞུ་བྱེད་པ། སྙན་སེང་ཞུས་མེད་པའི་རིགས་བཅས་ལ་ཁྲིམས་ལྟར་བཅའ་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་གཏོང་རྒྱུ་ཡིན། དུས་མཚུངས་སུ་རིམས་ནད་དང་འབྲེལ་བའི་ཟོག་ཤ་རང་སར་བཀག་ཉར་བྱས་ནས་དེར་མི་ཐུག་པ་དང་། ཆེད་ལས་མི་སྣ་ཡོང་ནས་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱ་རྒྱུར་སྒུག་དགོས། 
        གཉིས་པ། ཕྱིར་ཚོང་མི་སྣ་དང་འབྲེལ་གཏུག་བྱེད་མྱོང་མཁན་གྱིས་རང་འགུལ་ངང་རང་ཁྱིམ་དུ་ལོགས་སུ་བཀར་ཏེ། ཁ་རས་ཡག་པོ་གྱོན་ནས་ཕྱི་ལོགས་སུ་འགྲོ་འོང་མི་བྱེད་རྒྱུ་དང་། མི་གཞན་དང་འབྲེལ་འདྲིས་མི་བྱེད་པ། དུས་ཐོག་ཏུ་ཁ་པར་བརྒྱུད་གྲོང་གསེབ་དང་གྲོང་རྡལ་གྱི་ཏང་ཨུད་སྲིད་གཞུང་ལ་འབྲེལ་བ་བྱས་ཏེ། ཆེད་ལས་མི་སྣས་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱ་རྒྱུར་སྒུག་དགོས།
        གསུམ་པ། ཟ་ཁང་དང་མགྲོན་ཁང་། བརྒྱུད་འཚོང་པ། ཚོང་པ། མི་སྒེར་བཅས་ཀྱིས་ཡོང་ཁུངས་གསལ་པོ་མེད་པའི་འཁྱགས་ཤ་ཉོས་ཡོད་པ་མཐའ་དག་འཕྲལ་མར་འཚོང་མཚམས་བཞག་ནས། ས་ཆ་དེ་རང་དུ་བཀག་ཉར་བྱས་ཏེ་རེག་ཐུག་མི་བྱ་རྒྱུ་དང་།  རང་འགུལ་ངང་གྲོང་གསེབ་དང་གྲོང་རྡལ་གྱི་ཏང་ཨུད་སྲིད་གཞུང་ལ་སྙན་སེང་ཞུ་དགོས་ཤིང་། ཆེད་ལས་མི་སྣས་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱ་རྒྱུར་སྒུག་དགོས། གནས་ཚུལ་གསང་བ་དང་། རྫུན་ཞུ་བྱེད་པ། སྙན་སེང་མི་ཞུ་བ་བཅས་བྱས་ཚེ་ཁྲིམས་ལྟར་བཅའ་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་གཏོང་རྒྱུ་ཡིན། 
        བཞི་པ། རྫོང་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་གང་ཐུབ་ཅི་ཐུབ་ངང་གནས་ཚུལ་འདི་བརྒྱུད་སྐུར་དང་། ཕན་ཚུན་བཤད་པ་དང་ཕན་ཚུན་ལྟ་སྐུལ། རང་འགུལ་ངང་མི་སྒེར་དང་མི་ཚོགས་འཛོམས་སའི་འགོག་སྲུང་ལས་དོན་ཡག་པོ་བསྒྲུབ་དགོས་པ་དང་། རང་འགུལ་ངང་ཁ་རས་གྱོན་ནས་གསོལ་སྟོན་དང་འདུ་འཛོམས་ཉུང་དུ་གཏོང་དགོས་ལ། ཁང་པའི་ནང་རླུང་རྒྱུག་ཏུ་བཅུག་སྟེ་བདེ་ཐང་དང་འཕྲོད་བསྟེན་གྱི་གོམས་གཤིས་བཟང་པོ་རྒྱུན་འཁྱོངས་བཅས་བྱེད་དགོས། དུས་མཚུངས་སུ་མི་ཚང་མའི་ཚེ་སྲོག་བདེ་ཐང་དང་བདེ་འཇགས་ཡོང་ཆེད།  ཧུར་ཐག་དང་རང་འགུལ་ངང་རིམས་ནད་དང་འབྲེལ་བ་ཡོད་པའི་ཟོག་ཤའི་གནས་ཚུལ་གོང་རིམ་ལ་སྙན་སེང་ཞུ་བ་དང་། རྒྱ་ཆེའི་ཡུལ་མི་རྣམས་ཀྱིས་དོན་འདིར་བསམ་ཤེས་དང་རྒྱབ་སྐྱོར་གང་ལེགས་གནང་བར་མཁྱེན་མཁྱེན། 
  འབྲེལ་གཏུག་ཁ་པར།  0837-2487504   13882486546 
  ཟུར་བཀོད། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་བརྡ་ཁྱབ་བཏང་བའི་རིམས་ནད་དང་འབྲེལ་བའི་ཟོག་ཤའི་གནས་ཚུལ། 
  ཐོན་ཁུངས། ཨ་ཀེང་ཐིན་པུ་དབྱི་ནོ་སི་ཨེ་རི་སི་ཞིང་ཆེན། ཨ་ལི་ཨང་ཏེ། ཁོ་ཨེན། 
  ཤ་རིགས། འཁྱགས་ཉར་ཟོག་ཤ་དང་རྩིབ་རུས།
  ཐོན་རིམ། འཁྱགས་ཉར་དུས་ཚོད་2020.08.28དང་། གསོག་ཉར་དུས་ཚོད་2022.08.28རེད་འདུག
  སྒམ་གྱི་ཆེ་ཆུང་ལ་རིགས་བཞི་སྟེ། སྒམ་གང་ལ་སྤྱི་རྒྱ་15.12ཅན་དང་། སྒམ་གང་ལ་སྤྱི་རྒྱ་16.62ཅན། སྒམ་གང་ལ་སྤྱི་རྒྱ་22.3ཅན། སྒམ་གང་ལ་སྤྱི་རྒྱ་19.37ཅན་བཅས་ཡིན། 
  རྔ་བ་རྫོང་ཏོག་གསར་གློ་ཚད་རིམས་ནད་འཕྲལ་སྡོམ་བཀོད་འདོམས་སྡེ་ཚན་ནས།
   2021ལོའི་ཟླ་1ཚེས་18ཉིན། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1