གཙོ་ངོས།>> སྒྱུ་རྩལ།>>སྒྱུ་རྩལ་ཞིབ་འཇུག

རྩོམ་པ་པོ། ཟླ་བ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཁམས་པའི་རིག་གནས་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༡ཚེས་༢༡ཉིན།

༄༅།།ས་པཎ་གྱི་རོལ་མོའི་བསྟན་བཅོས་ལས་གསང་སྔགས་གསར་མའི་རོལ་དབྱངས་ཀྱི་སྐོར་རགས་ཙམ་གླེང་བ།(1)

གཅིག     གསང་སྔགས་གསར་མའི་རོལ་དབྱངས་ཉམས་ལེན་མཁན་ལོ་ཙཱ་བ་བཟང་རིན་ཆེན་བཟང་པོའི་ལོ་རྒྱུས་མདོ་ཙམ་བཤད་པ

   ལོ་ཙཱ་བ་རིན་ཆེན་བཟང་པོ་ནི་བོད་ཀྱི་ལོ་རྒྱུས་ཐོག་བསྟན་པ་ཕྱི་དར་གྱི་ལོ་ཙཱ་བ་མཚན་སྙན་གྲགས་ཤིན་ཏུ་ཆེ་བ་ཞིག་ཡིན།   ཁོང་ནི་རབ་བྱུང་དང་པོའི་གོང་གི་ལོ་དྲུག་ཅུ་རེ་དགུ་པ་ས་རྟ་(༩༥༨)ལོར་སྟོད་མངའ་རིས་གུ་གེའི་ཡུལ་དུ་འཁྲུངས།   དགུང་ལོ་ཆུང་དུས་ནས་སློབ་སྦྱོང་ལ་བརྩོན་འགྲུས་ཆེ་བས་མངའ་རིས་རྒྱལ་པོས་ཁོང་སོགས་མི་ཉི་ཤུ་རྩ་བདུན་ཁ་ཆེའི་ཡུལ་(ཀསྨིར་)དུ་མངགས་པ་ལྟར་བྱོན་ཏེ།   པཎྜི་ཏ་མཁས་པ་མང་པོ་བསྟེན་ནས་སྒྲ་རིག་པ་དང་།   གསོ་བ་རིག་པ།   ཚད་མ་རིག་པ་སོགས་མདོ་སྔགས་ཀྱི་གཞུང་ལ་སྦྱངས་པ་མཐར་ཕྱིན་པ་མཛད་དེ་བོད་དུ་ཕྱིར་ཕེབས།   ཁོང་གིས་མངའ་རིས་གུ་གེའི་རྒྱལ་པོ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་མཐུན་རྐྱེན་གནང་འོག་གསང་སྔགས་ཀྱི་གཞུང་མང་པོ་དང་གསོ་བ་རིག་པའི་གཞུང་མང་པོ་བོད་ལ་བསྒྱུར།   རྒྱ་གར་སྐད་ནས་བོད་སྐད་དུ་བསྒྱུར་གནང་མཛད་པའི་གཞུང་ལུགས་དེ་དག་བོད་ཀྱི་མཁས་པ་ཆེན་པོ་ཀུན་གྱིས་ཚད་མར་འཛིན་པ་ཞིག་ཡིན།   དེ་ནས་དགུང་ལོ་དགུ་བཅུ་གོ་བརྒྱད་པ་རབ་བྱུང་དང་པོ་ཤིང་ལུག་(༡༠༥༥)ལོར་སྐུ་གཤེགས།   ཁོང་གི་ལོ་རྒྱུས་ཞིབ་པར་གཟིགས་འདོད་ན་《ལོ་ཆེན་རིན་ཆེན་བཟང་པོའི་རྣམ་ཐར་》དང་《བཀའ་གདམས་ཆོས་འབྱུང་མཁས་པའི་ཡིད་འཕྲོག་》གཉིས་སུ་གསལ་ཞེས་《དུང་དཀར་ཚིག་མཛོད་》ཤོག་གྲངས་༡༩༧༤ནང་དུ་གསལ།  

       གཉིས།   ལོ་ཙཱ་བ་རིན་ཆེན་བཟང་པོས་གསང་སྔགས་ཀྱི་དབྱངས་ལ་ཐོས་བསམ་མཛད་ཚུལསྐོར་བཤད་པ།
   དེ་ཡང་ཨ་མྱེས་ཞབས་ཀྱིས་མཛད་པའི་ས་པཎ་གྱི་《རོལ་མོའི་བསྟན་བཅོས་》ཀྱི་འགྲེལ་པ་ལས།   “ལོ་ཆེན་དེ་ཉིད་ཀྱིས་རྒྱ་གར་དུ་བྱོན་ནས་ཆོས་རྣམས་མཁྱེན་ནས་བོད་ལ་འབྱོན་ཁར།   སློབ་དཔོན་ཤཱདྷའི་དྲུང་དུ་ཆོས་སྐྱོང་ཁྱད་པར་ཅན་གཅིག་གནང་དགོས་ཞུས་པས།   ཁྱོད་རང་རྡོ་རྗེ་གདན་གྱི་བྱང་སྒོའི་མགོན་ཁང་དུ་ཚོགས་ཀྱི་འཁོར་ལོ་ཤོམས་ལ།   ཧཱོུཾ་སྲིན་པོའི་གཟུགས་ཀྱི་གདུགས་པ་ཅན།   ཞེས་སོགས་བསྟོད་པ་ཤློོ་ཀ་གསུམ་པོས་བསྐྱར་གྱིན་བསྟོད་ལ་ལྟས་རྟོགས་ཤིགདེ་ནས་ལྟས་ཁྱད་པར་ཅན་བྱུང་བ་དང་མན་ངག་སྦྱིན་གྱིས་གསུངས།   ལོ་ཙཱ་བས་དེ་ལྟར་མཛད་པས་ལྟས་ཤིག་ཀྱང་མ་བྱུང་།   སླར་བླ་མ་ལ་ཞུས་པས།   བསྟོད་པ་དེ་སྙན་པའི་ངག་གིས་གླུར་ལོང་ལ་བསྟོད་ཅིག་གསུངས།   དེ་ལྟར་བྱས་པས་ཞག་བདུན་གྱི་ཐོ་རངས་གཟིམས་ལམ་དུ་མི་ནག་པོ་གཅིག་བྱུང་ནས།   ཁྱོད་ལྷོ་ནུབ་ཀྱི་དུར་ཁྲོད་དུ་སོང་ལ་འཇིགས་པའི་ང་རོའི་སྐད་ལ་དཔེ་གྱིས་ལ་བསྟོད་ཅིག་ཟེར་བ་བྱུང་བས།   རྡོ་རྗེ་གདན་གྱི་ལྷོ་ནུབ་ཀྱི་དུར་ཁྲོད་དུ་བྱོན་ནས་ཚོགས་འཁོར་བཤམ་སྟེ་གསོལ་བ་བཏབ་པས།   ཇི་ཞིག་ཙ་ན་མི་རོ་ཆེན་པོ་གཅིག་ལ་སྟག་གཉིས་བབས་ནས།   ངར་གྱིན་ཟ་ཡིན་འདུག་པས་དེ་འཇིགས་པའི་ང་རོར་གོ་ནས།   སླར་རྡོ་རྗེ་གདན་གྱི་མགོན་ཁང་དུ་ལོག་ནས།   སྟག་རོ་ཟ་བའི་ངར་སྐད་ལ་དཔེ་བྱས་ཏེ།   སྲིན་གཟུགས་མ་ལ་སྟག་མོའི་ངུར་དབྱངས་མཛད་ནས་བསྟོད་པ་མཛད་པས།   ཞག་གསུམ་གྱི་སྲོད་ལ།   མཧ་ཀཱ་ལ་ཉིད་དེ་ཁར་སྣང་སྟེ།   ནག་པོ་ཆེན་པོའི་ཞལ་ནས་གདམས་ངག་རྗེས་སུ་ནོད་ཅིགབོད་དུ་བསྟན་པ་བསྲུང་བ་ལ་བདག་ཁྱོད་བསྡོངས་ནས་འགྲོ་བར་བྱའོ་ཞེས་གསུང་བྱོན།   དེའི་ཚེ་ནག་པོ་ཆེན་པོའི་འགྱིངས་ལ་གཟིགས་ཤིང་བྲམ་ཟེ་ཆེན་པོས་མཛད་པའི་བསྟོད་པ་སྔོན་ཚེ་བདེ་གཤེགས་མ་ལ་མགོན་པོའི་འགྱིངས་དབྱངས་མཛད།   དབྱངས་འདི་ལ་ཆེ་ཆུང་གཉིས་ཡོད་པའི་ཆེ་བ་རོ་ལངས་མ་ཞེས་གྲགས་པ་ཡོ་གའི་དབྱངས་དང་མཐུན་པ་ཞིག་ཡོད་པ་དེ་ཆད་ནས་མི་བཞུགས།   དེང་སང་གི་འདི་ཆུང་བ་ཡིན་གསུངས།   དུས་དེ་ནས་བཟུང་སྟེ་ཆོས་སྐྱོང་འབྲལ་མེད་དུ་གཟིགས་ཀྱིན་ཡོད་གསུང་ངོ་།   དེ་ནས་བླ་མ་ལ་ཞུས་པས།   ད་དུང་ལྷ་མོ་ལ་སྔར་བཞིན་གྱིས་གསུངས་ནས།   དེ་ལྟར་བྱས་པས།   རྨི་ལམ་དུ་བུད་མེད་ནག་པོ་གཅིག་བྱུང་ནས།   མ་ཧ་བོ་དྷིའི་གནྡྷོ་ལའི་རྩར་སོང་ལ་དེ་ལ་རླུང་ཕོག་པའི་ཤུགས་སྒྲ་ལ་དཔེ་གྱིས།   རྡོ་རྗེ་གདན་གྱི་བསྐོར་ཁང་གི་ཤིང་པ་ཤ་རུའི་ཡལ་ག་འགྱིངས་པ་ལ་དཔེ་གྱིས་ལ་རེས་འཇོག་ཏུ་གླུ་ལོང་ལ་བོས་ཤིག་ཅེས་ལུང་བསྟན་བསྟོད་པ་མི་ཕམ་མར་གྲགས་པ་དེ་ལྟར་བུའི་དབྱངས་མ་བུ་གཉིས་མཛད་པས་ཉིན་ཞག་གཅིག་ལྷ་མོ་ཡང་ཞལ་གཟིགས་ཞེས་བྱུང་བ་ལ་གཞིགས་ན་གསང་སྔགས་གསར་མའི་དབྱངས་འདི་ཐོག་མར་ཇི་ལྟར་བོད་དུ་དར་བ་དང་།   དེ་བཞིན་སྦྱངས་དགོས་པའི་དགོས་པ་དང་།   གསང་སྔགས་དབྱངས་ཀྱི་འབྱུང་ཁུངས།   གསང་སྔགས་དབྱངས་ཀྱི་ནང་གསེས་ཀྱི་དབྱེ་བ་བཅས་ཁག་གསུམ་མངོན་ཐུབ།
     ༡.གསང་སྔགས་དབྱངས་སྦྱོང་བའི་དགོས་པ་བཤད་པ།
     དེ་ཡང་ཨ་མྱེས་ཞབས་ཀྱིས་མཛད་པའི་《རོལ་མོའི་བསྟན་བཅོས་》ཀྱི་འགྲེལ་པ་ལས།   “ཀུན་མཁྱེན་ཆེན་པོའི་ཐུགས་ལ།   ས་སྐྱ་པའི་ཕྱག་ལེན་རྣམ་པར་དག་པའི་དབྱངས་རོལ་འདི་རྣམས་གཞན་གྱིས་ཏིང་ངེ་འཛིན་ལོ་བརྒྱ་བསྒོམས་པ་དང་།   སྔགས་ལོ་བརྒྱ་བཟླས་པ་བྱས་ནུས་པ་ཆེ་བ་འདུག་དགོངས་ནས།   ཐུགསལྷག་པར་དད་དེ།   དེ་དུས་ཞབས་དྲུང་ན་ཡོད་པའི་སྐལ་ལྡན་འགའ་ལ་ཨ་ལ་ལ།   ས་སྐྱ་པའི་དབྱངས་རོལ་གྱི་ཕྱག་ལེན་འདི་རྣམས་ངོ་མཚར་ཆེན་པོ་རེད།   ”ཞེས་བྱུང་བ་ལས་ཐེག་པ་ཆེན་པོའི་ཆོས་ཀྱི་ལམ་དུ་འགྲོ་སྐབས་གསང་སྔགས་དབྱངས་ཀྱི་ནུས་པ་ཆེན་པོ་ཐོན་ཐུབ་པས་དེར་དགོས་པ་ཁྱད་པར་ཅན་ཡོད་ཚུལ་གསལ་ལོ།      ༢.གསང་སྔགས་དབྱངས་ཀྱི་འབྱུང་ཁུངས་བཤད་པ།
    
དེ་ཡང་ཨ་མྱེས་ཞབས་ཀྱིས་མཛད་པའི་ས་པཎ་གྱི་《རོལ་མོའི་བསྟན་བཅོས་》ཀྱི་འགྲེལ་པ་ལས།   “སྟག་རོ་ཟ་བའི་ངར་སྐད་ལ་དཔེ་བྱས་ཏེ།   སྲིན་གཟུགས་མ་ལ་སྟག་མོའི་ངུར་དབྱངས་མཛད་ཞེས་པ་དང་།   “མ་ཧ་བོ་དྷིའི་གནྡྷོ་ལའི་རྩར་སོང་ལ་དེ་ལ་རླུང་ཕོག་པའི་ཤུགས་སྒྲ་ལ་དཔེ་གྱིས།ཞེས་པ་སོགས་ལས་གསང་སྔགས་དབྱངས་ཀྱི་འབྱུང་ཁུངས་ནི་རང་བྱུང་ཁམས་དང་།   རང་བྱུང་ཁམས་ནང་ཆགས་པའི་སྲོག་ཆགས་ལ་ལའི་སྐད་གདངས་དང་གཟུགས་ཀྱི་རྣམ་པ་སོགས་ལ་དཔེ་དང་ལད་མོ་བྱས་ནས་བྱུང་ཚུལ་རྟོགས་ཐུབ་ཅིང་།   དེ་ནི་ཡོ་རོབ་དང་རྒྱལ་ནང་གི་རོལ་དབྱངས་མཁས་པ་ཁ་ཅིག་གིས་རོལ་དབྱངས་ཀྱི་ཁུངས་ནི་རང་བྱུང་ཁམས་ལ་ལད་མོ་བྱས་པ་ལས་བྱུང་ཞེས་གསུངས་པའི་ལྟ་བ་དང་གཅིག་མཚུངས་ཡིན།
     ༣.གསང་སྔགས་དབྱངས་ཀྱི་ནང་གསེས་དབྱེ་བ་བཤད་པ།
     དེ་ཡང་གོང་གསལ་《རོལ་མོའི་བསྟན་བཅོས་》ཀྱི་འགྲེལ་པ་དེ་ཉིད་ལས།   གསང་སྔགས་དབྱངསཀྱི་ནང་གསེས་ལ་དབྱེ་ན།   (༡)སྲིན་གཟུགས་མ་ལ་སྟག་མོའི་ངུར་དབྱངས་མཛད།   (༢)ནག་པོ་ཆེན་པོའི་འགྱིངས་ལ་གཟིགས་ཤིང་བྲམ་ཟེ་ཆེན་པོས་མཛད་པའི་བསྟོད་པ།   (༣)སྔོན་ཚེ་བདེ་གཤེགས་མ་ལ་མགོན་པོའི་འགྱིངས་དབྱངས་མཛད།   (༤)རྡོ་རྗེ་གདན་གྱི་བསྐོར་ཁང་གི་ཤིང་པ་ཤ་རུའི་ཡལ་ག་འགྱིངས་པ་ལ་དཔེ་གྱིས་ལ་རེས་འཇོག་ཏུ་གླུ་ལོང་ལ་བོས་ཤིག་ཅེས་ལུང་བསྟན་བསྟོད་པ་མི་ཕམ་མར་གྲགས་པ་དེ་ལྟ་བུའི་དབྱངས་མ་བུ་གཉིས་མཛད་ཅེས་འཁོད་ཡོད།   གོང་གསལ་ནང་དོན་ཁག་གཅིག་ལ་ས་ཆ་དངོས་ཀྱི་རྟོག་ཞིབ་དང་ཞིབ་འཇུག་བྱེད་པའི་རྒྱུད་རིམ་ནས་བཤད་ན།   སྤྱི་ལོ་༢༠༠༦ལོའི་ཟླ་བ་༡༢ནང་ས་སྐྱ་དགོན་དུ་བོད་ཀྱི་གནའ་སྲོལ་དབྱངས་ཡིག་ཞིབ་འཇུག་བྱེད་པར་བསྐྱོད་སྐབས་ས་སྐྱའི་དམངས་བདག་ཀྲུ་རིན་བློ་གྲོས་རྒྱ་མཚོ་ལགས་ཀྱིས་ས་སྐྱ་དགོན་པར་ད་ཡོད་བེད་སྤྱོད་བྱེད་པའི་ཆོ་གའི་དབྱངས་ལ་མ་དབྱངས་དང་བུ་དབྱངས་གཉིས་ལས་གཞན་གྱི་དབྱངས་ཀྱི་དབྱེ་བ་ཕྱེ་སྲོལ་མིན་འདུག་ཅེས་གསུངས་ཤིང་།   ང་ཚོས་ཞིབ་འཇུག་བྱེད་སྐབས་ལོ་ཙཱ་བ་རིན་ཆེན་བཟང་པོས་མཛད་པའི་དབྱངས་མ་བུ་གཉིས་སུ་དབྱེ་ཚུལ་དེ་ད་ལྟ་ས་སྐྱའི་གསང་སྔགས་དབྱངས་ནང་བེད་སྤྱོད་དང་ཉམས་ལེན་ཡོད་པ་དེ་གསལ་པོར་མཐོང་ཐུབ། 
གསུམ།   ས་ལུགས་ཀྱི་རྡོ་རྗེ་ཕུར་པའི་དབྱངས་ཡིག་ཏུ་གསལ་བའི་ལོ་ཙཱ་བ་རིན་ཆེན་བཟང་པོའི་དབྱངས་བཤད་པ།
    དཔེ་ཆའི་རི་མོའི་ཨང་ཀིའི་ནང་དོན་ལས།   རི་མོ་༡ནི།   ལྷ་མོ་འཆི་མེད་དཔལ་མོའི་གླུ་དབྱངས་ལོ་ཆེན་རིན་བཟང་གིས་མཛད་པའི་མ་དབྱངས་ཡིན་པ་དང་།   རི་མོ་༢པ་ནི་གོང་གསལ་དབྱངས་ཀྱི་བུ་དབྱངས་ཡིན་པ།   རི་མོ་༣ནི་དཔལ་ལྡན་དབང་ལྡན་ལ་ཆོས་རྗེ་ས་པཎ་གྱིས་ཞལ་གྱི་རྔ་དབྱངས་ཀྱི་མ་དབྱངས་ནི་ཞེས་འཁོད་ཡོད་པ་བཅས་ལ་བལྟས་ན།   ས་སྐྱ་པས་ལོ་ཆེན་རིན་ཆེན་བཟང་པོའི་གསང་སྔགས་གསར་མའི་དབྱངས་རྒྱུན་འཛིན་དང་འཕེལ་རྒྱས་མཛད་ཡོད་པ་ཤུགས་ལ་མངོན་ཐུབ།   དེ་བཞིན་ས་སྐྱའི་དབྱངས་ཡིག་ལ་དབྱེ་ཞིབ་རགས་ཙམ་བས་ན།  དཔེ་ཆའི་རི་མོའི་ཨང་ཀིའི་ནང་དོན་ལས།   ༡ནང་གི་ཡི་གེ་དམར་པོ་འདིས་གསང་སྔགས་ཀྱི་ཚིག་མཚོན་པ་དང་།   རི་མོ་༢ནང་གི་ཡི་གེ་ནག་པོ་འདིས་དབྱངས་ཀྱི་རྣམ་པ་མཚོན་ཡོད་པའམ་ཡི་གེའི་ང་རོ་མཚོན་པ་དང་།   རི་མོ་༣ནང་གི་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པའི་སྟག་མོའི་ངུར་སྐད་ཀྱི་དབྱངས་ཞེས་པ་འདི་ཡིན་ཏེ།   དེའང་ཡིད་གཟབ་བྱ་དགོས་པ་ཞིག་ལ་(ཨ་མྱེས་ཞབས་ཀྱིས་མཛད་པའི་སཎ་གྱི་《རོལ་མོའི་བསྟན་བཅོས་》ཀྱི་འགྲེལ་པའི་ནང་སྟག་མོའི་ངུར་དབྱངས་ཞེས་པ་འདི་ལོ་ཆེན་རིན་ཆེན་བཟང་པོའི་ལོ་རྒྱུས་ནང་འཁོད་ཡོད་པས་དེ་མིན་ནམ་སྙམ་པས་མུ་མཐུད་ནས་ཞིབ་འཇུག་གི་གནས་སུ་བཞག་ཡོད།)རི་མོ་༤ནང་གི་ཡིག་ནག་གི་སྟེང་དུ་སྒོར་ཐིག་བརྒྱབ་ཡོད་པ་དེས་རོལ་ཚིག་མཚོན་པ་དང་།   རི་མོ་༥ཡིག་དམར་གྱི་སྟེང་དུ་སྒོར་ཐིག་བརྒྱབ་ཡོད་པ་དེ་དབྱངས་དང་རོལ་མོ་ཆབ་གཅིག་ཏུ་ལེན་པའམ་འདོན་དགོས་པའི་མཚོན་རྟགས་ཡིན།  
སྤྱི་ལོ་༢༠༠༦ལོའི་ཟླ་༡༢ནང་ང་ཚོས་ས་སྐྱ་དགོན་དུ་བོད་ཀྱི་གནའ་སྲོལ་དབྱངས་ཡིག་ལ་རྟོག་ཞིབ་བྱེད་པར་བསྐྱོད་སྐབས་རོལ་དབྱངས་སྒྲ་འཇུག་རྒྱུད་རིམ་ནང་མ་དབྱངས་ཀྱི་སྒྲ་འཇུག་ལམ་ཙམ་ལས་ད་ལྟའི་རོལ་དབྱངས་ཀྱི་ཕུའུ་ཙེ་ལ་དགོད་དཀའ་ནའང་བུ་དབྱངས་ཀྱི་དབྱངས་དེ་ད་ལྟའི་རོལ་དབྱངས་ཀྱི་ཕུའུ་ཙེར་དགོད་སླ་ཙམ་ཡོད

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1