སློབ་ཆེན་འདིས་ཕྱི་རྒྱལ་ན་ཡོད་པའི་ཏུན་ཧོང་ཡིག་ཚགས“ཕྱིར་ལོག”ཏུ་བཅུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 01-21



           གསར་འགོད་པས་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཧྥ་རན་སིའི་རྒྱལ་ཁབ་དཔེ་མཛོད་ཁང་དང་ཀྲུང་གོའི་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ།  ཧྲང་ཧེ་གནའ་དཔེ་དཔེ་སྐྲུན་ཁང་བཅས་ཀྱིས་མཉམ་འབྲེལ་སྒོས་མི་ལོ་བཅོ་ལྔའི་རིང་དཀའ་སྤྱད་འབད་བརྩོན་ཀྱིས་རྩོམ་སྒྲིག་བྱས་པའི《ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་ཚགས》ཞེས་པ་མིག་སྔར་ཡོངས་སུ་པར་སྐྲུན་བྱས་འདུག 

           《ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་ཚགས》ཀྱི་གཙོ་སྒྲིག་པ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཚེ་རིང་ལགས་ཀྱིས་ངོ་སྤྲོད་གནང་བ་ལྟར་ན། ཡིག་ཚགས་དེ་ནི་ཁྱོན་བསྡོམས་དེབ35ཡིས་གྲུབ་ཅིང་། དེའི་ནང་དུ་ཡིག་ཚགས་ཨང་རྟགས3174དང་གསལ་ཚད་མཐོ་བའི་པར་རིས་ཁྲི2.8བསྡུ་སྒྲིག་བྱས་ཡོད།  དེ་དག་ནི་དུས་རབས7པ་ནས་དུས་རབས10པའི་བར་གྱི་བོད་ཀྱི་ཡིག་ཚགས་སྟེ། ནང་བསྟན་ཆོས་གཞུང་དང་ལོ་རྒྱུས་བརྩམས་ཆོས།  གན་རྒྱ་ཆོད་ཡིག   ཁྲིམས་ཡིག་ཞལ་ལྕེ།  འཕྲིན་ཡིག་སོགས་འདུས་ཤིང་།  དེ་དག་ལས་བོད་བཙན་པོའི་དུས་སུ་ཏུན་ཧོང་ལ་དབང་བསྒྱུར་བྱེད་དུས་ཀྱི་སྤྱི་ཚོགས་དཔལ་འབྱོར་གྱི་གནས་ཚུལ་དང་མི་རིགས་རིག་གནས་མཉམ་འདྲེས་བྱས་པའི་ལོ་རྒྱུས་མངོན་པར་མཚོན་ཡོད། 

           1900ལོར། ཏུན་ཧོང་བྲག་ཕུག་ཏུ་ཡིག་ཚགས་ཁྲི་ལྔ་དྲུག་ཙམ་ཞིག་ཐོན་ཞིང་། དེའི་ཁྲོད་གནའ་བོའི་བོད་ཀྱི་ཡིག་ཚགས་ཁྲི་ལྷག་ཡོད་པས། ཁ་གྲངས་ཀྱི་ཐད་ནས་རྒྱ་ཡིག་གི་འཕྲོར་སླེབས་ཡོད་མོད་སྟབས་མ་ལེགས་པར་ཏུན་ཧོང་ཡིག་ཚགས་སྐོར་ཞིག་ཕྱི་རྒྱལ་དུ་ཤོར་པ་རེད།   ད་ལྟ་ཏུན་ཧོང་བོད་ཡིག་ཡིག་ཚགས་ནི་གཙོ་བོ་ཧྥ་རན་སི་དང་དབྱིན་ཇི་དང་ཀྲུང་གོར་ཉར་ཚགས་བྱས་ཡོད་པ་དང་དེའི་ཁྲོད་ཧྥ་རན་སིར་ཡོད་པའི་ཡིག་ཚགས་དག་ཧྥ་རན་སིའི་རྒྱལ་ཁབ་དཔེ་མཛོད་ཁང་དུ་ཉར་ཚགས་བྱས་ཡོད་པ་རེད། 

           ཐེངས་འདིར་པར་ལེན་པར་སྐྲུན་བྱས་པའི་ཏུན་ཧོང་བོད་ཡིག་ཡིག་ཚགས་ནི་རྒྱ་བོད་ཤན་སྦྱར་གྱི་རྣམ་པ་ལྟར་བསྒྲིགས་ཡོད། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཚེ་རིང་གིས་ངོ་སྤྲོད་གནང་བ་ལྟར་ན། དུས་རབས20པའི་ལོ་རབས70པའི་ནང་དུ། ཧྥ་རན་སི་རྒྱལ་ཁབ་ཀྱིས་ཧྥ་རན་སིར་ཉར་ཚགས་བྱས་པའི་ཏུན་ཧོང་བོད་ཡིག་གི་ཡིག་ཚགས་སྐོར་ཞིག་བདམས་སྒྲིག་པར་སྐྲུན་བྱས་མྱོང་མོད། ཧྥ་རན་སིར་ཉར་ཚགས་བྱས་པའི་ཏུན་ཧོང་བོད་ཡིག་ཡིག་ཚགས་དག་ཨང་རྟགས་ཀྱི་གོ་རིམ་ལྟར་དག་སྒྲིག་དང་པར་སྐྲུན་བྱས་པ་ནི་འཛམ་གླིང་ཡོངས་སུ་ཐེངས་དང་པོ་ཡིན་པ་རེད། དེའི་ཕྱིར་དེབ་ཕྲེང་འདིས་མ་འོངས་པར་ཏུན་ཧོང་རིག་པ་དང་བོད་རིག་པའི་ཞིབ་འཇུག་ལ་སྐུལ་འདེད་ཀྱི་ནུས་པ་ཐོན་ངེས་རེད་ཅེས་གསུངས།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1