གཙོ་ངོས།>> གསར་འགྱུར།>>སི་ཁྲོན་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༡ཚེས་༢༢ཉིན།

དཀར་མཛེས་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་རིག་གནས་བསམ་བཀོད་ཀྱི་སྣེ་ཁྲིད་དེ་འབྱོར་འབྲིང་ཕྱོགས་སུ་སྐྱོད།

        སྡེ་དགེ་རྫོང་འདི་ཉིད་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ཡི་དབུས་སུ་གནས་པ་དང་། རྫོང་གྲོང་གི་ཤར་ངོས་ཀྱི་རི་ལྡེབས་སུ་ཚོས་མདོག་དམར་སྨུག་གི་སྡེ་དགེ་པར་ཁང་རི་ཚོགས་ཀྱི་ཁྲོད་དུ་གནས་ཡོད། ཁག་དང་པོའི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་སྡེ་དགེ་པར་ཁང་གི་བོད་རིགས་ཀྱི་པར་ཤིང་པར་འདེབས་ལག་རྩལ་གྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ལོ་65ལ་སླེབས་པའི་ཕུན་ཚོགས་ཚེ་རིང་སྔར་རྒྱུན་བཞིན་སྒེའུ་ཁུང་གི་འཁྲིས་སུ་བསྡད་ནས་པར་གཞི་ཞུ་དག་གཏོང་བཞིན་མཆིས།
        སི་ཁྲོན་དང་བོད་ཀྱི་མཐའ་འབྲེལ་ས་རྒྱུད་དུ་གནས་པའི་སྡེ་དགེ་རྫོང་ནི་གླིང་གེ་སར་རྒྱལ་པོའི་ཕ་ཡུལ་ཡིན་ལ། ཁམས་པའི་རིག་གནས་ཀྱི་ལྟེ་གནས་དང་ལྷོ་ལུགས་བོད་ཀྱི་གསོ་བ་རིག་པའི་འབྱུང་གནས་ཀྱང་ཡིན་པས། དེར་རིག་གནས་ཀྱི་ནང་དོན་ཕུན་སུམ་ཚོགས་པོ་ལྡན་ཡོད། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་སྤེལ་འགོ་ཚུགས་ཚུན། སྡེ་དགེ་རྫོང་ལ་འཕོ་འགྱུར་ཧ་ཅང་ཆེན་པོ་བྱུང་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། དམངས་འཚོ་འགན་ལེན། དཔལ་འབྱོར་འཕེལ་རྒྱས་སོགས་ཀྱི་ཐད་འཕེལ་རྒྱས་མྱུར་པོ་ཕྱིན་པ་དང་ཕན་འབྲས་མངོན་གསལ་དོད་པོ་ཐོན་མོད། འོན་ཀྱང་ས་ཁོངས་ཀྱི་ཆ་རྐྱེན་དང་འགྲིམ་འགྲུལ་གྱི་ཆ་རྐྱེན་སོགས་ཀྱི་ཚོད་འཛིན་ཕོག་རྐྱེན་ས་ཁོངས་བཟོ་ལས་ཅན་གྱི་ཆུ་ཚད་མཐོ་རུ་འགྲོ་ཁག་པོ་ཡོད།
        2018ལོའི་ཟླ་10པར་ཁྲེང་ཏུའུ་མཐོ་གསར་ཁུལ(ཅན་ཡང་གྲོང་ཁྱེར)གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་གསར་པ་སྡེ་དགེ་རྫོང་དུ་ཡོང་ཞིང་། སྡེ་དགེའི་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་ཇི་ལྟར་གཏོང་དགོས་མིན་དེ་སྡེ་དགེ་རྫོང་དུ་སླེབས་མ་ཐག་པའི་བོད་སྐྱོར་ལས་དོན་རུ་ཁག་གི་རུ་མི་ཚོས་བསམ་གཞིག་བྱེད་པའི་གནད་དོན་ཞིག་ཏུ་གྱུར་ཡོད།
        “རིག་གནས་དང་ཡུལ་སྐོར་ཐོན་ལས་དེ་རྫོང་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གྱི་གཙོ་གནད་ནང་དོན་ལ་བརྩིས་ན་འགྲིག”ཤེས་རྟོགས་གཏིང་ཟབ་བྱས་པ་བརྒྱུད། ཅན་ཡང་གྲོང་ཁྱེར་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱི་བོད་སྐྱོར་ལས་དོན་རུ་ཁག་གི་རུ་མི་ཝུའུ་ཧྲོང་གིས། འཛམ་གླིང་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ནང་སྔ་ས་ནས་བཅུག་པའི་སྡེ་དགེ་པར་ཁང་གི་པར་ཤིང་པར་འདེབས་ཀྱི་ལག་རྩལ་སྔར་བས་འདོན་སྤེལ་བྱས་ནས། འབྱུང་འགྱུར་གྱི་སྡེ་དགེའི་དཔལ་འབྱོར་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་གདམ་ག་གལ་ཆེན་ཞིག་ཏུ་འགྱུར་སྲིད་པའི་ངོས་འཛིན་བྱས་ཡོད།
        བོད་སྐྱོར་ལས་དོན་རུ་ཁག་ནང་བདམས་ཐོན་མ་བྱུང་གོང་། ཝུའུ་ཧྲོང་དུས་ཡུན་རིང་པོ་ཞིག་རིག་གནས་བརྒྱུད་བསྒྲགས་དང་འབྲེལ་བའི་ལས་ཀ་བྱེད་མྱོང་ཡོད། “སྡེ་དགེའི་ནང་དོན་ཕུན་སུམ་ཚོགས་པའི་རིག་གནས་སྤྱད་ནས་རིག་གནས་བསམ་བཀོད་ཀྱི‘འབྱོར་འབྲིང་ཕྱོགས་སུ’བསྐྱོད་ན་མ་འགྲིག་པ་གང་ཡོད་དམ”ཝུའུ་ཧྲོང་གི་བསམ་ཚུལ་དེར་བོད་སྐྱོར་ལས་དོན་རུ་ཁག་གི་བློ་མཐུན་གཞན་གྱི་ཁས་ལེན་དང་རྒྱབ་སྐྱོར་ཐོབ་ཡོད། 
        ལས་དོན་དེ་སྔར་བས་ཡག་པོ་སྒྲུབ་ཆེད། བོད་སྐྱོར་ལས་དོན་རུ་ཁག་གི་ལས་བྱེད་པ་ཏེང་དབྱང་དང་ཝུའུ་ཧྲོང་གིས་སི་ཁྲོན་མཛེས་རྩལ་སློབ་གླིང་ལ་རོགས་སྐྱོར་བྱེད་རྒྱུའི་རེ་འདུན་ཞུས། སི་ཁྲོན་མཛེས་རྩལ་སློབ་གླིང་གིས་སྡེ་དགེ་རྫོང་གི་ཕུན་སུམ་ཚོགས་པའི་བོད་ཀྱི་རིག་གནས་ལ་དོ་ཁུར་ཆེན་པོ་བྱུང་ནས། སློབ་གླིང་གིས་ཆེད་ལས་ཚོགས་པ་སྒྲིག་འཛུགས་བྱས་ནས་སྔ་རྗེས་སུ་སྡེ་དགེར་ལྟ་ཞིབ་བྱེད་པར་ཐེངས་གཉིས་བསྐྱོད་ཡོད།
        ཚོགས་པ་འདིའི་ཆ་སྙོམས་ལོ་ཚད་ལོ་30ཡི་གཞོན་ནུ་ཡིན། ཁོང་ཚོ་ཚང་མ་མཉམ་དུ་འཛོམས་སྐབས་ལས་ཀའི་སྤྲོ་སྣང་ཆེས་ཆེར་འཕེལ་བ་དང་ལང་ཚོའི་གསོན་ཤུགས་ཀྱིས་ཁེངས་ཡོད། 
        “མ་ཎི་འཁོར་ལོ་གཞི་རྟེན་གཙོ་བོར་བྱས་ནས་པར་ཤིང་པར་འདེབས་ཀྱི་ལག་རྩལ་དེའི་ཁྲོད་བཅུག་པ་དང་སྦྲགས་པར་ཁང་གི་ཁང་པའི་རྩེ་ཐོག་གི་རྨ་བྱའི་ཆོས་འཁོར་གྱི་དབྱིབས་གཞི་གདན་དུ་བྱས་ཏེ། 
        རྫ་ནག་གི་ལག་རྩལ་མ་ཎི་འཁོར་ལོའི་ལག་འཇུར་སྤྱད་ནས་རིག་གནས་ཀྱི་ནང་དོན་ཕུན་སུམ་ཚོགས་པའི་སྒྱུ་རྩལ་བརྩམས་ཆོས་ཤིག་ཆགས་ཡོད”ཅེས་སི་ཁྲོན་མཛེས་རྩལ་སློབ་གླིང་ནུབ་རྒྱུད་རིག་གནས་ཤུལ་བཞག་དང་བསམ་བཀོད་ཐོན་ལས་མཐུན་སྦྱོར་གསར་གཏོད་ལྟེ་གནས་ཀྱི་ན་གཞོན་དགེ་རྒན་ཁྲེན་ཀེ་ཡིས་བརྗོད་པ་དང་། ཁོང་གིས་སྡེ་དགེར་མངོན་མིན་རིག་གནས་ཤུལ་བཞག་གི་རིག་གནས་ཐོན་ཁུངས་སྔོག་འདོན་བྱས་ནས། དེང་རབས་ཀྱི་མཛེས་དཔྱད་འཆར་འགོད་དང་ཐོན་རྫས་ཀྱི་སྤྱོད་གོ་ཆོད་པའི་རང་བཞིན་ཟུང་འབྲེལ་བྱས་ཏེ“རིག་གནས་ལ་རྩ་བ་ཡོད་པ་དང་བྱེད་ནུས་ལ་འབྲེལ་བ་ཡོད་པ་བྱས་ཡོད”ཅེས་བརྗོད།
        ལོ་གཉིས་ལྷག་ཙམ་རིང་འཚོལ་ཞིབ་དང་སྔོག་འདོན་བྱས་པ་བརྒྱུད། སྡེ་དགེའི་ཐམ་སྒམ་ཡུལ་དེའི་གཞོན་ནུ་ཚོས་ཕྱི་ཕྱོགས་ལ་སྡེ་དགེའི་རིག་གནས་ངོམ་སྟོན་བྱེད་པའི་གཞི་རྟེན་གལ་ཆེན་དུ་གྱུར་ནས། གཞོན་ནུ་མང་པོ་ཞིག་ཐོན་ལས་དེའི་ནང་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད། ཕུན་ཚོགས་ཚེ་རིང་དང་སྡེ་དགེ་པར་ཁང་གི་ཞིང་ཆེན་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་2དང་ཀྲོའུ་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་6གིས་རིན་མེད་ངང་སྡེ་དགེའི་ཐམ་སྒམ་གྱི“གསར་གཏོད་བློ་འདྲི་བ”དང“སྤུས་ཚད་ཞིབ་བཤེར་བའི”འགན་འཁུར་ཡོད་ཅེས་བརྗོད།
        “མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་གཙོ་གནད་དེ་གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་གསར་གཏོད་ཀྱི་རང་བཞིན་འཕེལ་རྒྱས་གཏོང་རྒྱུ་དེ་ཡིན། དེའི་ཐད་གཞོན་ནུ་ཚོས་ང་ལས་ལྷག་པ་བྱེད་ཀྱི་ཡོད”ཅེས་ཕུན་ཚོགས་ཚེ་རིང་གིས་བརྗོད་པ་དང་། ཁོང་གིས་སྡེ་དགེའི་མངོན་མིན་རིག་གནས་ཤུལ་བཞག་གི་སྤུས་རྟགས་གཞོན་ནུ་ཚོས་ཡག་པོ་གཉེར་ཐུབ་པ་དང་། དུས་རབས་གསར་པར་ཚེ་སྲོག་གི་སྟོབས་ཤུགས་གསར་པ་མངོན་པས། “ང་ཚོ་བཟོ་བོ་རྙིང་པ་ཚོའི་ངོས་ནས་བརྗོད་ན་དངོས་འབྲེལ་དགའ་འོས་པ་ཞིག་རེད་འདུག”ཅེས་བརྗོད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1