འཁྲུངས་འདས་བར་གྱི་འགྲོ་སྐྱོད་། —— གླིང་གི་རྗེས་ཤུལ་བཙལ་བའི་སྐོར་།

གངས་དབང་གིས་བྲིས་ཤིས་པར་བླངས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-25


ཕོ་བྲང་སེང་འབྲུག་སྟག་རྩེའི་མཁར།
狮龙宫殿

མི་ཚེ་ནི་ས་ལ་ས་བོན་ཞིག་བཏབ་རྗེས་མྱུ་གུ་འཁྲུངས་པ་དང་། མྱུ་གུ་ལས་རིམ་བཞིན་གཞུང་རྟ་རྒྱས། ཡལ་ག་བརྐྱངས། མེ་ཏོག་བཞད། འབྲས་བུ་སྨིན་ཏེ་ཚེ་ཚད་རྫོགས་པ་ན་སླར་ཡང་ས་གཞི་ལ་ཐིམ་པ་ལྟ་བུའི་གོ་རིམ་ཞིག་རེད།

འོམ་བུ་ཨུ་ནུ་དཔའ་སེང་གི་མཁར་མི་འགྱུར་བྱ་ནག་ལྡིང་རྫོང་།
奥邬阿弩华桑之宫殿夏纳项宗

ས་བོན་ཞིག་ས་གཤིན་པོར་ལྷུང་བ་ཙམ་གྱིས་མི་ཆོག་པར། ཉི་ཆར་རླུང་གསུམ་འཛོམས་ན་ད་གཟོད་ཡན་ལག་རྫོགས་ཏེ་ཀྲོང་ངེར་འགྱིང་ཐུབ་པ་ལྟར། མི་ཞིག་གི་ལྟེ་ཁྲག་འཕོས་པ་ནས་ཚེ་མཇུག་རྫོགས་པའི་རིང་ལ། འཚོ་བའི་བར་ཆད་དང་འཁོར་བའི་རྐྱེན་ངན། ལས་ཀྱི་དགེ་སྡིག་སོགས་རེས་སུ་འཁོར་ན་གཞི་ནས་སྐྱིད་སྡུག་གཉིས་ཀྱིས་འཚོས་པའི་མི་ཚེ་ཞིག་གྲུབ་ལ། དེ་ལྟ་བུའི་མི་ཚེ་ནི་གླེང་རིན་དང་དྲན་རིན་ཡོད་པ་ཞིག་རེད།


འོམ་བུ་ཨུ་ནུ་དཔའ་སེང་གི་མཁར་མི་འགྱུར་བྱ་ནག་ལྡིང་རྫོང་མདུན་གྱི་མཆོད་རྟེན།

奥邬阿弩华桑之宫殿夏纳项宗前的塔


ཁམས་སྡེ་དགེའི་ས་ཨ་ཕྱུག་ལ་བུ་ཇོ་རུ་འཁྲུངས་པ་ནས་བཟུང་རྐྱེན་བཟང་ངན་གཉིས་ཀྱིས་རྨ་ཡུལ་དུ་གེ་སར་བ་དང་། གེ་སར་རྗེས་སྐྱིད་སྡུག་གཉིས་ཀས་བཙོས་ཏེ། སེང་ཆེན་ནོར་བུ་དགྲ་འདུལ་ཞེས་པའི་མཚན་ཐོག་ནས། ཕྱོགས་བཞིའི་དགྲ་བོ་བཏུལ་བས་བཙན་པོའི་ཐོ་བ་དང་ཉམས་ཆུང་གི་ཕ་མར་གྱུར་པ་རེད། དེ་ནི་ང་ཚོས་ཅིས་ཀྱང་རྗེས་སུ་དྲན་དགོས་པས་མ་ཚད། དྲན་ཤེས་དགོས་པ་ཞིག་རེད་མོད། ཨུ་ཚུགས་ཀྱིས་བུ་ཇོ་རུ་འཁྲུངས་སའི་གནས་ལ་རྩོད་པའི་འཁོར་ལོ་བསྐོར་ཏེ་འཇགས་རྒྱུ་མེད་པ་ཙམ་ལས། ཇོ་རུ་ནས་གེ་སར། གེ་སར་ནས་སེང་ཆེན་ཞེས་མཚན་ཐོགས་པའི་གོ་རིམ་ལྟར། གླིང་གེ་སར་རྒྱལ་པོའི་སྐུ་ཚེ་གཅིག་གི་རྗེས་ཤུལ་དང་མཛད་འཕྲིན་གྱི་རིང་ཚད་མཐོ་ཡིས་འཇལ། ལྗིད་ཚད་རྒྱ་མས་འགྱོག་མ་ཤེས་པར། ལྟ་བ་འཐེན་ཁྱེར་གྱིས་ཡུལ་ལ་ས་མཚམས་བཅད་དེ་ཁྱོད་ཀྱི་མིན་དང་ང་ཡི་ཡིན་ཞེས་པ་ནི། ལྗོན་ཤིང་ཞིག་ལ་རྩ་བ་འཁྲུངས་སའི་ས་གཞི་དང་ཡལ་ག་རྒྱས་སའི་ནམ་མཁའ། འབྲས་བུ་སྨིན་ས་ཡི་ས་མཐའ་རེ་ཡོད་པ་མ་གོ་བ་དང་མཚུངས།

འབེ་ཚའི་དུར་ཁྲོད།
白札天葬台

གླིང་སྒྲུང་ལ་ལྟ་བཞིན་ཉེ་འགྲམ་ན་ཡོད་པའི་གེ་སར་གྱི་རྗེས་ཤུལ་རྣམས་མཇལ་རྗེས། མཐོང་ཐོས་དངོས་དང་མྱོང་ཚོར་བདེན་པ་རྣམས་རིག་གནས་ལྷུག་རྩོམ་ཐོག་ནས་བཤད་ཡོད་མོད། དེ་ཙམ་གྱིས་གླིང་གེ་སར་ལ་ལྟ་བ་ཡང་དག་ཅིག་དང་། གླིང་སྒྲུང་ལ་ཚོར་བ་ཆ་ཚང་ཞིག་ཡོང་མ་ཐུབ་པས། ཉེ་འགྲམ་དུ་འཁོར་སྐྱོད་བྱེད་པའི་མཐའ་ལས་བརྒལ་ཏེ། ཐག་རིང་གི་ཡུལ་ན་ཡོད་པའི་གེ་སར་གྱི་ཞབས་རྗེས་དང་། གླིང་སྒྲུང་ནང་གི་རྗེས་ཤུལ་རྣམས་འཚོལ་དུ་སོང་བ་ཡིན།

ས་ཐོག་ལ་དྲི་ཞིམ་ཡོད་མེད་ཀྱི་མེ་ཏོག་རྣམ་པར་བཞད་ཅིང་། ནམ་མཁའ་ལས་དྲག་ཆར་དང་བསིལ་ཆར་རེས་མོས་སུ་འབབ་པའི་དུས་ཚིགས་ཀྱི་ནང་། ངས་པར་ཆས་ཤིག་དང་འབྲི་དེབ་ཅིག །སྨྱུ་གུ་ཞིག་རྒྱབ་ཁུག་ནང་བཅུག་སྟེ་གེ་སར་གྱི་རྗེས་ཤུལ་འཚོལ་དུ་འགྲོ་འགོ་ཚུགས། ཁམས་བྲག་འགོ་རྫོང་ལ་སླེབས་རྗེས། གསེར་ཐར་རྫོང་གི་སྦོ་མདའ་གྲོང་རྡལ་གྱི་ཕྱོགས་སུ་སོང་སྟེ། རྟེན་འབྲེལ་གྱི་ཆེད་དུ་སླར་ཡང་གསེར་པའི་ཉི་འབུམ་དར་ཡག་གི་མཁར་ཡོད་ས་དཀྱིལ་སྔོན་དགོན་པ་དང་། གསེར་ཆུའི་འགྲམ་དུ་ཡོད་པའི་གསེར་པའི་ཉི་འབུམ་དར་ཡག་གི་སྐུ་མཁར་ཆུ་རི་གནམ་རྫོང་གི་ཤུལ་མཇལ་རྗེས་ཕྱི་དྲོར་རྫོང་ཐོག་ཏུ་སླེབས། རྫོང་ཐོག་ལ་སླེབས་མ་ཐག་ཆར་པ་ཟིམ་ཟིམ་ཏུ་བབས་བྱུང་། ངས་མགྲོན་ཁང་གི་སྒེའུ་ཁང་ནས་ལྟ་དུས། གེ་སར་དངོས་མང་བཤམས་སྟོན་ཁང་གི་མདུན་གྱི་རྡོ་གཅལ་ཐོག་བཞེངས་པའི་དཔའ་རྟུལ་རྣམས་ཀྱི་སྐུ་འདྲ་ནི་ཆར་པའི་ནང་ལ་འོད་འཁྱུག་འཁྱུག་རེད། ཡར་འགྲོ་མ་འོང་བྱེད་པའི་མི་རྣམས་ལ་ཅི་ཡང་མི་སྨྲ་བའི་སྐུ་འདྲ་དེ་ཚོ་ལ་མི་སེམས་གཡོ་བའི་རྣམ་ཐར་རེ་ཡོད་ངེས་པས། ངས་ཐེངས་འདིའི་སྐོར་ལམ་དུ་ཁོང་ཚོ་ལས་འགའ་ཞིག་གི་རྗེས་ཤུལ་མཇལ་ཐུབ་པས་མ་ཚད། རྗེས་ཤུལ་དུ་སྦས་པའི་གསང་བའང་ཕྱི་རུ་འདོན་ཐུབ་པའི་སྨོན་ལམ་བཏབ་པ་ཡིན།

དང་པོ། འོམ་བུ་ཨ་ནུ་དཔའ་སེང་གི་སྐུ་མཁར།

ཞོགས་པ་སྔ་མོར་ཉི་འོད་སེར་པོས་མདུན་ནས་བསུས་ཤིང་རླུང་བུ་འཇམ་པོས་རྒྱབ་ནས་བསྐྱལ་ཏེ། གླིང་གེ་སར་གྱི་རྡོ་བརྐོས་དང་རྣམ་ཐར་འཁྲབ་སྟོན་དར་སའི་སྙན་ལུང་ཕྱོགས་སུ་སོང་། ནམ་མཁར་སྤྲིན་དཀར་དལ་གྱིས་གཡོ་བ་དང་། ས་གཞིར་རྟ་ནོར་ལུག་གསུམ་དང་འཕྱི་བ། རི་བོང་སོགས་བག་ཕེབས་ཀྱིས་འཚོ་བ། བར་སྣང་དུ་བྱ་རྒོད་དང་བྱིའུ་འཕུར་ལྡིང་ལ་བྲེལ་བ་བཅས་ནི། གླིང་སྒྲུང་ནང་དུ་བཀོད་པའི་རང་བྱུང་ཁོར་ཡུག་གི་རྣམ་པ་དང་གཅིག་ཏུ་མཚུངས། རླངས་འཁོར་ལས་དེ་དག་ལ་ལྟ་དུས། གླུ་ཨ་ལ་ཐ་ལ་ཐ་ལ་རེད། །ཐ་ལ་མོ་གླུ་ཡི་ལེན་ལུགས་རེད། །ཅེས་པའི་འགྱུར་ཁུག་སྙན་མོ་ཞིག་ཐག་ཉེ་ས་ཞིག་ནས་རྣ་ལམ་དུ་གྲག་པ་ཚོར། སྙན་ལུང་དགོན་པ་དང་གེ་སར་རྡོ་བརྐོས་སོགས་མཇལ་ཚར་རྗེས། མུ་མཐུད་ནས་ནོར་ཆུ་ལུང་པ་བརྒྱུད་དེ་མགོ་ལོག་ཁུལ་པད་མ་རྫོང་གི་ཕྱོགས་སུ་འགྲོ་དུས། སྔོ་ཞིང་བསངས་པའི་ནམ་མཁའ་ནི་ཐོག་ས་ནས་བཀབ་པའི་རས་སྔོན་པོ་ཞིག་དང་འདྲ་ལ། ནགས་ཚལ་དང་རྩྭ་ཐང་། གངས་རི་དང་རྫ་རི་ནི་དཔེ་ཆ་ནང་གི་ཡིག་འབྲུ་ཆེན་པོ་དག་དང་མཚུངས། དུས་རྒྱུན་དཔེ་ཆ་ཀློག་དུས་རང་བྱུང་ཁམས་སུ་འགྲོ་སྣང་ཤར་ལ། རང་བྱུང་ཁམས་སུ་འགྲོ་དུས་དཔེ་ཆ་ཞིག་ཀློག་པ་དང་འདྲ་བས། གཡས་ཀྱི་རི་བོ་ཡིས། ང་ལས་དཔང་མཐོ་བའི་གངས་རི་ལ་སོང་དང་ལྟད་མོ་ཡོད་ཅེས་གསུངས། གཡོན་གྱི་སྤང་ཐང་ལས། ང་ལ་རྒྱ་ཆེ་བའི་རྩྭ་ཐང་ལ་ཤོག་དང་གསང་བ་ཡོད་ཅེས་གྲག་བྱུང་། སྐབས་དེར། ངས་རང་ཡུལ་སྐོར་ལམ་དུ་མཇལ་བའི་རི་དང་རྡོ། ཆུ་དང་རྩྭ་བཅས་མཐོང་ལམ་དུ་ཡོད་ཚད་ཀྱི་གསང་གནད་ཡིག་འབྲུ་ནག་པོར་འབེབས་པར་འདོད།

མགོ་ལོག་འབུམ་པ་ཁག་གསུམ་གྱི་འབྱུང་ཡུལ་པདྨ་རྫོང་ནི་མགོ་ལོག་གི་ཤར་ལྷོའི་མཚམས་སུ་གནས། རྫོང་དེའི་ལྕགས་རི་ཡུལ་ཚོ་ན་གླིང་གེ་སར་སྐོར་གྱི་རྗེས་ཤུལ་མང་པོ་ཡོད་ཚུལ་གོ་མྱོང་བས། ཡུལ་མི་ཚོས་ལམ་བསྟན་པ་ལྟར་མགྱོགས་པར་དེའི་ཕྱོགས་སུ་འགྲོ་དུས། ལམ་འགྲམ་ན་སྒོ་ཆེན་ཞིག་དང་། དེའི་ནང་ལ་བཞེངས་ཡོད་པའི་མཆོད་རྟེན་གསར་རྙིང་མང་པོའི་ཐོག་ལ་བྱ་རྒོད་འགའ་འཕུར་བཞིན་སྣང་། ནང་ལ་སོང་ནས་བལྟས་པ་ན། དེ་ནི་མཁན་སློབ་ཆོས་གསུམ་གྱི་དུས་སུ་སློབ་དཔོན་པདྨ་འབྱུང་གནས་ཀྱིས་བྱིན་གྱིས་བརླབས་པ་དང་། རྗེས་སུ་རིམ་བཞིན་དུ་གླིང་གེ་སར་གྱིས་བརྩིས་སུ་བཟུང་ཞིང་། མཁས་གྲུབ་རིམ་བྱོན་གྱིས་མཐོང་སྣང་ཆེན་པོ་མཛད་པའི་འབེ་ཚའི་དུར་ཁྲོད་ཅེས་པ་དེ་རེད་འདུག །ང་ཚོ་དེ་ན་འགྲོ་དུས། ཚེ་འདས་ཤིག་གི་ཕུང་པོ་བྱ་རྒོད་ལ་བཏང་མ་ཐག་པའི་དུས་དང་ཁེལ་བས། དུར་ཁྲོད་ཀྱི་འགྲམ་ལ་ཁྲག་དམར་པོ་དང་རུས་ཆག་ཧྲལ་ཧྲུལ་ཡང་མཐོང་རྒྱུ་འདུག །གསོན་ན་མི་ལ་མི་དགྲ །ཤི་ན་ས་ལ་མི་དགྲ །ཞེས་པ་ལྟར། བོད་མི་ཚོའི་ལུགས་སུ་ཚེ་འདས་ཀྱི་ཕུང་པོ་ས་ལ་བཅོལ་ན། ས་རྒྱ་བཅད་པ་དང་འབུ་མང་པོ་ཞུགས་ནས་སྡིག་པ་གསོག་པས། ཆུ་ནང་གི་ཉ་དང་ནམ་མཁའི་བྱ་ལ་བཏང་བ་ནི་དམིགས་མེད་ཀྱི་སྦྱིན་པར་བརྩི། ཁྱད་པར་དུ་རྣམ་ཤེས་ཀྱི་རྗེས་སུ་ལུས་པའི་ཕུང་པོ་བྱ་རྒོད་ལ་བཏང་སྟེ། བ་སྤུ་ཙམ་ཡང་ལྷག་མེད་པ་མཐོང་བ་ནི། འཇིག་རྟེན་འཁོར་བའི་རྒྱུ་ནོར་དང་དབང་ཐང་ཚང་མ་མི་རྟག་པ་བསྟན་པའི་དམར་ཁྲིད་ཅིག་ཡིན་པས། ཉོན་མོངས་དུག་ལྔའི་དབང་དུ་གྱུར་པའི་མི་རྣམས་ཀྱིས་ལེ་ལོ་དང་སྒྱིད་ལུག་བྱེད་མ་ཕོད་པར། དུས་ཚོད་དམ་འཛིན་གྱིས་ཡ་རབས་ལས་ལ་འབད་པར་སྐུལ་སློང་བྱེད་པ་ནི་རིན་ཐང་ལྡན་པ་ཞིག་རེད་མོད། ལ་ལ་དུར་ཁྲོད་ཀྱི་འགྲམ་དུ་བཅར་མི་ཕོད་ལ། འགའ་ཞིག་གིས་དེ་ནི་གདུག་རྩུབ་ཀྱི་ལུགས་སྲོལ་དུ་མཐོང་བ་ནི། མི་རིགས་ཤིག་གི་རླབས་ཆེན་གྱི་བསམ་བློ་མ་ཤེས་པ་དང་། རང་ཉིད་འགྲོ་སའི་ཐར་ལམ་ལ་འཇིགས་སྐྲག་སྐྱེས་པ་ཞིག་རེད།

གྲོགས་པོ་ཡིས་ལམ་ཁ་ལ་ཚེ་འདས་ཀྱི་ཕུང་པོ་དང་ཕྲད་ན་ལམ་འགྲོ་རྒྱུགས་རེད་ཟེར་བས། ངས་ཀྱང་མོས་མཐུན་གྱི་ཚུལ་དུ་གེ་སར་གྱི་དཔའ་ཐུལ་ཚོའི་ཞབས་རྗེས་འཚོལ་བའི་ལམ་དུ་ལམ་འགྲོ་མི་རྒྱུགས་ཅི་ལ་སྲིད་ཅེས་ཞུས་ཏེ། མུ་མཐུད་དེ་ཡུན་རིང་མ་སོང་བ་ན་ལྕགས་རི་ཡུལ་ཚོའི་ཐང་དཀྱིལ་ན་ཡོད་པའི་དེའུ་འབུར་ཞིག་མཐོང་། དེ་ནི་གླིང་འབྲིང་རྒྱུད་ཀྱི་གདུང་རྒྱུད་འོམ་བུ་ཨ་ནུ་དཔའ་སེང་གི་སྐུ་མཁར་མི་འགྱུར་བྱ་ནག་ལྡིང་རྫོང་གི་ཤུལ་ཡིན་པར་གྲགས། གླིང་གི་ཕུ་ནུ་སུམ་ཅུ་དང་ལྷ་སྲས་སྤུན་བཞིའི་ཡ་རྒྱལ་ཨ་ནུ་དཔའ་སེང་གྱིས་ཧོར་གླིང་གཡུལ་འགྱེད་དང་། སྟག་གཟིག་ནོར་རྫོང་སོགས་ཀྱི་སྐབས་སུ་བྱས་རྗེས་ཆེན་པོ་བཞག་མྱངས་ལ། ཁོང་དང་གསེར་པའི་ཉི་འབུམ་དར་ཡག་དང་མུ་སྤྱང་རིན་ཆེན་དར་ལུ་གསུམ་ནི་གླིང་ལ་ཡོད་ན་དེས་ཆོག །མེད་ན་ཐབས་ཆག་པའི་དཔའ་བོ་ཡིན་པས། ཁྲ་མོ་གླིང་གི་སྙིང་མིག་སྲོག་གསུམ་ཞེས་འབོད། ༼ཧོར་གླིང་གཡུལ་འགྱེད༽ནང་གསལ་བ་ལྟར་ན། ཁོང་གི་ཆིབས་རྟ་ལ་མེ་རི་མཚལ་རྟགས་འཆམ་ཤེས་ཟེར། དེའུ་འབུར་དེའི་ཐོག་ལ་ཡོད་པའི་མཁར་ནི་རྩེག་བཞི་ཅན་ཞིག་རེད་ལ། རྩེག་དང་པོའི་ཕྱོགས་བཞིའི་སྒོ་ཐོག་ལ་རི་དྭགས་ཆོས་འཁོར་རེ་བཞེངས་འདུག །རྒྱང་ས་ནས་བལྟས་ན་མཁར་དེ་ནི་བྱ་རྒོད་ཀྱིས་གཤོག་པ་བརྐྱངས་ནས་འཕུར་ལྡིང་བྱེད་བཞིན་ཡོད་པ་དང་འདྲ་བས། མཁར་མི་འགྱུར་བྱ་ནག་ལྡིང་རྫོང་ཞེས་པའང་མིང་ཐོག་དོན་གནས་པ་ཞིག་རེད། དེའུ་འབུར་དེའི་ཕྱོགས་བཞིར་ལྕང་སྡོང་དང་མཆོད་རྟེན། རྡོ་འབུམ་དང་བསང་ཁྲི་ཡིས་བསྐོར་ཞིང་། སྐོར་ལམ་དུ་འོམ་བུ་ཨ་ནུ་དཔའ་སེང་གི་དྲན་རྟེན་ཁང་ཞིག་བཞེངས་འདུག །དད་ལྡན་པ་ལོ་ཆུང་ཚོས་གཅིག་རྗེས་གཉིས་མཐུད་ཀྱིས་སྐོར་བ་རྒྱག་བཞིན་ཡོད་པ་དང་། ལོ་ལོན་ཚོས་ལམ་འགྲམ་གྱི་གུར་ནང་རྡོ་འབུམ་རྐོ་བཞིན་སྣང་། མི་རྒན་དེ་ཚོའི་ལུས་ཀྱི་ཤ་ཤེད་ཉམས་ཏེ་རྐང་ལག་མི་བདེ་ཡང་། རྡོ་འཇོང་མོ་དང་ལེབ་ལེབ། གྲུ་བཞི་མ། ཟུར་གསུམ་མ་བཅས་ཀྱི་ཐོག་ལ་འཁྱུག་རྩལ་དོད་པོས་གཟུངས་སྔགས་རྐོ་བ་ནི་མཛུ་གུ་ལྔ་པོས་བྲོ་འཁྲབ་པ་དང་འདྲ། ང་ཨ་ནེ་ཞིག་གི་དྲུང་དུ་བཅར་ཏེ་ཁ་བརྡ་ཚིག་གསུམ་བྱེད་དགོས་སེམས་དུས། མོས་མ་ཎི་འབྲུ་དྲུག་བརྐོས་ཡོད་པའི་རྡོ་ཞིག་བསྟན་ཏེ། འདི་རྡོ་འབུམ་ཐོག་ལ་ཞོག་དང་དགེ་བ་ཆེ་ཟེར། ངས་མོ་ལ་སྒོར་མོ་ག་ཚད་རེད་དྲིས་པར། མོས་ལག་པ་གཡུགས་ནས་སྒོར་མོ་མི་དགོས། རྡོ་འབུམ་ཚོང་རྒྱག་མཁན་ཡོད་མ་རེད་ཟེར་བས། འགྲོ་འདུག་ཚང་མ་སྒོར་མོས་ཁ་ལོ་སྒྱུར་བཞིན་ཡོད་པར་འདོད་པའི་ང་དང་ང་ལྟ་བུའི་བསམ་སྤྱོད་ལ་འགྱོད་པ་སྐྱེས་ཤིང་ངོའང་ཚ་བྱུང་། ངས་མུ་མཐུད་དུ་མི་རྒན་ཚོ་ལ། དབྱར་དགུན་སྟོན་དཔྱིད་མེད་པར་རྡོ་འབུམ་བརྐོས་ན་མི་དཀའམ་ཞེས་དྲིས་པར། ཨ་ནེ་ཞིག་གིས་ཤི་རྒྱུ་ལ་གྲ་སྒྲིག་བྱེད་པའི་ལས་ཀ་ལ་དཀའ་རྒྱུ་ཅི་ཡོད་ཟེར། ཨ་ཁུ་ཞིག་གིས་ཁྱེད་ཚོ་འདུག་ཚུགས་མེད་པར་རྒྱུན་དུ་ཡར་འགྲོ་མར་འགྲོ་བྱེད་པ་མི་དཀའ་འམ་ཞེས་ལྡོག་འདྲི་བྱས་པས། ངས་དགོད་ཙམ་བྱེད་པ་ལས་ལན་ཅི་ཞིག་འདེབས་དགོས་པའང་མ་ཤེས། མི་ལ་ལ་ནི་འཆི་རྒྱུར་སྐྲག་པས་ཤི་ཞེས་པའི་ཐ་སྙད་དེ་ལའང་འཛེམས་ཏེ། གསོན་པ་ཁོ་ནའི་ཆེད་དུ་འདུར་རྒྱུག་བྱེད་ཅིང་། འགའ་ཤས་ཀྱིས་སྐྱེས་པ་ནས་བཟུང་འཆི་བའི་ཕྱོགས་སུ་འགྲོ་བཞིན་ཡོད་པ་ཁས་འཆེས་ཏེ། གསོན་པའི་རིང་ལ་འཆི་བའི་དོན་དུའང་གྲ་སྒྲིག་བྱེད་བཞིན་ཡོད་པ་ཡིས། འཇིག་རྟེན་འདི་རུ་འཚོ་བའི་རྣམ་པ་གཉིས་གྲུབ་འདུག །ཡང་སྙིང་ཤི་གསོན་གཉིས་ཀྱི་བར་ལ་དབུ་མའི་ལམ་ཞིག་དགོས་པ་ནི་མྱོང་བས་ཚོར་དགོས་པ་ཞིག་ལས་ལྟ་བས་འགྲུབ་ཐུབ་པ་ཞིག་ཡིན་ནམ། ངས་དེ་ལྟར་རང་གིས་རང་ལ་དྲི་བ་འདོན་བཞིན། ཀརྨ་པ་སྐུ་ཕྲེང་བཅུ་པའི་འཁྲུངས་གཞིས་དང་རྡོ་གྲུབ་ཆེན་སྐུ་ཕྲེང་གསུམ་པ་འཇིགས་མེད་བསྟན་པའི་ཉི་མའི་འཁྲུངས་གཞིས་ཡོད་སར་སོང་ཡང་། ཀརྨ་པའི་འཁྲུངས་གཞིས་སུ་མཆོད་རྟེན་དཀར་པོ་ཞིག་དང་། ཁོང་གི་འདྲ་སྐུ་ཞིག་བཞེངས་འདུག་ལ། རྡོ་གྲུབ་ཆེན་གྱི་འཁྲུངས་གཞིས་སུའང་མཆོད་རྟེན་དཀར་པོ་ཞིག་ལས་དེ་མིན་ཅི་ཡང་མཇལ་རྒྱུ་མི་འདུག་པས་སེམས་པ་སྟོང་པ་ལྟ་བུ་ཞིག་ཏུ་ཆགས་མོད། ངས་འཁང་ར་དང་ལེ་བདའ་ཅི་ཡང་བྱེད་མི་རུང་སྟེ། ཁ་ཕར་འཁོར་ནས་དུང་འབུད་པ་ལས་ཚུར་འཁོར་ནས་མཛུ་གུ་ནང་བཀུག་བྱེད་མི་ཕོད་པ་ནི་ཡིག་འབྲི་པ་ཐ་ཆད་ཀྱི་གྲས་སུ་རྩི་བཞིན་ཡོད། པདྨ་རྫོང་དུ་ད་རུང་གེ་སར་སྐོར་གྱི་རྗེས་ཤུལ་མང་པོ་ཡོད་ཚུལ་འདུག་སྟེ། མཁས་དབང་དམུ་དགེ་བསམ་གཏན་གྱིས༼གླིང་སེང་ཆེན་གྱི་བྱུང་བ་མདོར་བསྡུས༽ཞེས་པའི་ཕྱག་རྩོམ་ནང་། མགོ་ལོག་པདྨ་རྫོང་ན་གེ་སར། འབྲུག་མོ། འདན་མ་རྣམས་ཀྱིས་ཁྲུས་བྱེད་སའི་ཆུ་ཚན་ཡོད། ང་རང་ཡང་དེ་གར་སོང་ནས་བདུན་གཅིག་ལ་བསྡད་དེ་ཁྲུས་བྱེད་མྱོང་ཞེས་གསུངས་པ་དང་། དེ་མིན་འབྲོས་སྒང་དགོན་པའི་གཡས་ཕྱོགས་སུ་ལྷ་རྟ་རྐྱང་ལུའི་རྗེས་དང་། རྒྱ་ཚའི་གྲི་ཤུལ་སོགས་མང་པོ་ཡོད་པར་གྲགས་ཀྱང་རེ་རེ་བཞིན་མཇལ་དུ་འགྲོ་ཁོམ་མ་བྱུང་།

མཐོ་སྒང་གི་གནམ་གཤིས་ལ་འགྱུར་ལྡོག་ཇི་ལྟར་ཆེ་ཡང་། རི་མཐོན་པོ་དང་ཆུ་ཆེན་པོ། ཐང་ཡངས་མོ་ལྷུན་གྱིས་གྲུབ་པ་དང་། རི་ཆུའི་བར་ལ་ལོ་རྒྱུས་ཀྱི་རྗེས་ཤུལ་དང་རིག་གནས་ཀྱི་རྟགས་མཚན་མངོན་པར་བཀྲ་བ་ཡིས། མི་རྣམས་ཀྱི་སེམས་ལ་སྤོབས་པ་དང་ངར་ཤུགས་ཤིག་བསྩལ་བས། ད་གཟོད་མི་རབས་ནས་མི་རབས་བརྒྱུད་དེ་དཔལ་ཡོན་དང་ཚེ་སྲོག་གི་རྒྱུན་བསྲིངས་པ་རེད། ཁྱད་པར་དུ་གནའ་ཤུལ་གྱི་མཐའ་འཁོར་དུ་གནས་བཅས་པའི་ཡུལ་མི་ཚོས། ཕྱིར་མི་ལྡོག་པའི་དད་པས་དེ་དག་སྲུང་ཞིང་སྐྱོབ་པའི་གནས་ཚུལ་མཐོང་དུས། ལོ་རྒྱུས་རིག་གནས་ཀྱི་བདག་པོ་ངོ་མ་ནི་ཁོང་ཚོ་རེད་ཨང་སྙམ་པ་ནི་ལན་གཅིག་མིན། ཐེངས་འདིར་ཡང་ས་དེ་གའི་ཡུལ་མི་ཚོ་ལ་དད་གུས་སྐྱེ་བཞིན་པདྨ་རྫོང་དང་བྲལ་ཏེ་དར་ལག་རྫོང་ནང་སོང་། །

གཉིས་པ། ཕོ་བྲང་སེང་འབྲུག་སྟག་རྩེ།

འགོག་བཟའ་དང་ཇོ་རུ་མ་བུ་གཉིས་ཐོག་མར་བཞུགས་ས།
觉日母子的故乡

འགྲོ་སའི་ལམ་དེ་ནི་ཨ་ཁུ་ཁྲོ་ཐུང་སོགས་ཀྱིས་འགོག་བཟའ་མ་བུ་གཉིས་རྨ་ཡུལ་ཕྱོགས་ལ་བདས་པའི་ལམ་དེ་ཡིན་མིན་མ་ངེས་མོད། དེའི་མཐའ་འཁོར་ལ་གླིང་གི་དཔའ་ཐུལ་རྣམས་ན་ཆུང་དུས་ཀྱི་ཞབས་རྗེས་དང་། ནར་སོན་རྗེས་ཀྱི་ཕྱག་རྗེས་མང་པོ་བཞག་ཡོད་པ་ཐག་ཆོད་རེ་སེམས་བཞིན། དར་ལག་རྫོང་ཐོག་སླེབས་སོང་། དར་ལག་རྫོང་ན་གླིང་གེ་སར་རྒྱལ་པོའི་ཕོ་བྲང་སེང་འབྲུག་སྟག་རྩེ་ཡོད་པ་སྔར་ནས་གོ་མྱོང་བས། རྫོང་ཐོག་ཏུ་སླེབས་མ་ཐག་འདྲི་རྩད་བྱས་རྗེས་རྫོང་དང་སྤྱི་ལེ་བཅོ་ལྔ་ཙམ་ན་གསར་དུ་བཞེངས་ཡོད་པའི་ཕོ་བྲང་དེ་མཇལ་དུ་སོང་། དེ་ཡང་གླིང་སྒྲུང་ལས། མདུན་སྤང་དཀར་ཉི་ཟླ་ཐོག་བརྩེགས་ལ། ཁྱུང་དཀར་མོས་གཤོག་རྩེད་བྱེད་ས་ཡོད། །ཅེས་པ་ལྟར་ས་འབུར་འབུར་ཉི་མའི་དབྱིབས་ཐོག་ལ་ཟླ་བའི་དབྱིབས་བརྩེགས་པ་ལྟ་བུའི་ཐོག་ལ། གསར་དུ་བཞེངས་པའི་ཕོ་བྲང་སེང་འབྲུག་སྟག་རྩེ་དེ་ལྷང་ངེར་ཆགས་འདུག །སྒོ་ཆེན་གྱི་མདུན་ལ་ཕོ་བྲང་སེང་འབྲུག་སྟག་རྩེ་ཞེས་བརྐོས་ཡོད་པའི་རྡོ་རིང་ཞིག་བཞེངས་ཤིང་། དེའི་འགྲམ་ལ་གླིང་གེ་སར་དང་རྒྱ་ཚ་ཞལ་དཀར། འདན་མ་བྱང་ཁྲ་གསུམ་གྱི་སྐུ་འདྲ་བཞེངས་འདུག ས་དེའི་ཁོར་ཡུག་གི་ཆགས་ཚུལ་ནི་གནམ་ལ་འཁོར་ལོ་རྩིབས་བརྒྱད། ས་ལ་པདྨ་འདབ་བརྒྱད། ལོགས་ལ་བཀྲ་ཤིས་རྟགས་བརྒྱད། རྒྱབ་རི་ཁྱུང་ཆེན་ལྡིང་འདྲ། མདུན་རི་གླང་ཆེན་འགྱིང་འདྲ། ཕྱོགས་བཞིའི་སྲུང་ཆེན་སྡེ་བཞི། ཞེས་པ་ལྟར་དང་། ཕོ་བྲང་གི་གཡས་ཕྱོགས་སུ་གླིང་ཆུང་རྒྱུད་ཀྱི་བླ་རི་རྨ་ཆེན་སྦོམ་ར་ལ་ལྷ་བསང་གཏོང་སའི་གནས་རི་དར་གྱི་ས་ནག་རི་རྒན་ཆགས་འདུག །ས་ནག་རི་རྒན་ཞེས་པ་ནི་ས་ནག་པོ་ཡི་གེ་འབྲི་ཆོག་ས་ཞིག་ཡོད་པས་མིང་དེ་ལྟར་ཐོགས་ལ། དེ་ནས་ཨ་མྱེས་རྨ་ཆེན་མཇལ་ཐུབ་པར་གྲགས། འཁྲུངས་གླིང་ནང་། ས་དེ་ལ་རྨ་ས་བཟུང་དར་གྱི་མདུད་པ་དང་། རྨ་སྨད་ས་ནག་ལུང་མདོ་དང་རྨ་སྨད་གཡུ་ལུང་གསུམ་མདོ་ཞེས་མིང་གི་རྣམ་གྲངས་འགའ་ཡོད་པ་ལས། དར་གྱི་མདུད་པ་ཞེས་པ་ནི་གཡོན་ནས་དར་ཆུ་འབབ་པ་དང་གཡས་ནས་ས་ནག་གི་ཆུ་འབབ་པ་གཉིས་ལྷན་དུ་འཛོམས་པ་ནི། དར་དཀར་གྱི་མདུད་པ་བསྣོལ་དང་འདྲ་བས་མིང་དེ་ལྟར་ཐོགས་ལ། སྒྲུང་པ་གྲགས་པས་བཤད་པའི༼འཁྲུངས་གླིང་༽ལས། སྔར་སྔ་མོ་འདྲེ་ལུང་སུམ་མདོ་ཟེར། །དུས་ད་ལྟར་རྨ་སྨད་གཡུ་ལུང་ཟེར། །སྔར་རྨ་སྨད་འདྲེ་ཡི་ཕ་ཡུལ་རེད། །ད་གཡུ་ལུང་ལྷ་ཡི་ཞིང་ཁམས་རེད། །ཅེས་པ་ལ་བརྟགས་ན། ཨ་ཁུ་ཁྲོ་ཐུང་གིས་འགོག་བཟའ་མ་བུ་གཉིས་ས་དེ་ལ་ཕུད་དུས་འདྲེ་ཡི་ལུང་པ་ཞེས་ངན་སྨྲས་བྱས་ཀྱང་། བུ་ཇོ་རུས་གེ་སར་སར་སྡང་བའི་དགྲ་ལ་སར། དོན་འགྲུབ་འགྲུབ་ཁྲ་མོ་གླིང་ལ་གྲུབ་རྗེས། རྨ་སྨད་གཡུ་ཡི་ལུང་པ་ཞེས་ཆེ་བསྟོད་ཀྱི་མིང་ཞིག་ཆགས་པ་མིན་ནམ་སྙམ། ས་ཆ་འདི་ནི་འགོག་བཟའ་མ་བུ་གཉིས་ཀྱི་གནས་བཅས་ས་ཡིན་པ་དང་། དེ་ན་ཕོ་བྲང་སེང་འབྲུག་སྟག་རྩེ་ཡོད་ཚུལ་ནི་གླིང་སྒྲུང་ལས་མང་པོ་འདུག་སྟེ། དཔེར་ན། ༼མོན་གླིང་གཡུལ་འགྱེད༽ལས། ཆུ་མར་འབབ་བཅུད་ལྡན་བདུད་རྩིའི་མཚོ། །ཆབ་གཡས་འཁྱིལ་རི་མོ་བྲིས་འདྲ་བོ། །རྨ་གཡང་ཆགས་ཆུ་ཀླུང་དལ་མོ་རེད། །མཁར་མ་བརྩིགས་ས་ནས་སྐྱེས་འདྲ་བོ། འདི་སྐུ་མཁར་སེང་འབྲུག་སྟག་རྩེ་རེད། །ཅེས་པ་དང་། རྨ་སྨད་ས་ནག་ལུང་མདོ་ན། །ཨ་བྲ་ཤིག་ལས་མང་ས་ཡིན། །གྲོ་མ་གཞན་ལས་ཞིམ་ས་ཡིན། །སྒུག་ན་དགེ་ཆེན་འོང་ས་ཡིན། །མི་སྤྲང་པོ་འདུག་པའི་ས་ཆ་ཡིན། ངེད་འགོག་མོ་མ་བུའི་ས་ཆ་ཡིན། །ཞེས་པ་དང་། དགོན་པ་འདི་ཡང་ཁྲ་མོ་གླིང་གི་དགོན་པ་རེད། སྟོད་ན་སེང་འབྲུག་སྟག་རྩེ་ཡོད། བར་ན་རྒོད་ཚང་ཁ་གཡེལ་ཡོད། །སྨད་ན་ཇ་མཁར་རིང་མོ་ཡོད། ལ་སོགས་པ་མང་པོ་ཡོད་པས་བླ་རབས་མཁན་སྤྲུལ་མང་པོས་ས་ཆ་འདི་ནི་ཕོ་བྲང་སེང་འབྲུག་སྟག་རྩེ་ཡོད་ས་དང་། འགོག་བཟའ་མ་བུ་གཉིས་ཀྱི་གནས་བཅས་ས་ཡིན་པ་གཏན་དུ་ཁེལ་བ་རེད། །

ལོ་རྒྱུས་ཞིབ་འཇུག་པ་རྣམས་ཀྱིས་ཕོ་བྲང་སེང་འབྲུག་སྟག་རྩེ་ནི་སྤྱི་ལོ་1044ལོར་བཞེངས་པར་དགོངས་ཤིང་། ཇོ་རུས་རྫུ་འཕྲུལ་གྱིས་ལྷ་ཀླུ་གཉན་གསུམ་གྲོགས་སུ་བཀུག་སྟེ་སེང་གེའི་ཕྲུ་གུ་མང་པོ་ལ་རྡོ་བཀལ་ནས་བརྩིགས། གཉན་ཆེན་སྟག་ལྷས་ཁང་ཐོག་བཀབ་པས་སེང་ཕྲུག་སྟག་རྩེ་ཞེས་བཏགས་ཀྱང་། རྗེས་སུ་ཟུར་ཆག་སྟེ་སེང་འབྲུག་སྟག་རྩེ་འབོད་པ་རེད་ཅེས་གཏམ་རྒྱུད་ཡིད་ལས་འགོངས་པ་ཞིག་འདུག་མོད། སེང་གེ་དང་འབྲུག །སྟག་ཅེས་པ་ནི་མི་རྣམས་འཇིགས་ས་དང་སྐྲག་ས་ཡིན་པས། ཕོ་བྲང་གཟི་བརྗིད་ཅན་ལ་དཔེ་ཡི་སྒོ་ནས་མིང་གསོན་ཉམས་དོད་པ་ཞིག་བཏགས་པ་ནི་དོན་དང་མཐུན་པ་ཞིག་རེད། ལར་ངས་བསམས་ན་ཕོ་བྲང་སེང་འབྲུག་སྟག་རྩེ་ནི་ཇོ་རུ་རྟ་རྒྱུག་འགྲན་སྡུར་ལས་རྒྱལ་ཁ་ཐོབ་སྟེ་གེ་སར་རྗེས་བཞེངས་པ་སྟེ། སེང་ཆེན་ནོར་བུ་དགྲ་འདུལ་དང་ལྕམ་འབྲུག་མོ་གཉིས་ཀྱི་ཕོ་བྲང་ཡིན་པས་ཕོ་བྲང་སེང་འབྲུག་སྟག་རྩེ་ཞེས་བཏགས་པ་འདྲ། རྒྱུ་མཚན་ནི་ཇོ་རུ་མ་བུ་གཉིས་ཐོག་མར་བཞུགས་ས་ནི་དེང་སང་གི་ཕོ་བྲང་གི་གཡོན་ཕྱོགས་ཀྱི་སྤང་ཁུད་དེ་ན་ཡིན་པར་གྲགས། སྒྲུང་པ་གྲགས་པས་བཤད་པའི༼འཁྲུངས་གླིང༽ལས། ས་འདི་ས་ངོ་མ་ཤེས་ན། །རྨ་སྨད་འདྲེ་ལུང་གསུམ་མདོ་རེད། །སྦྲེ་བ་ཐང་གི་ཐང་སྟོད་རེད། །སྦྲེ་ཨབ་ར་གཉིས་ཀྱི་ཕ་ཚང་རེད། །ཕོ་ང་འདྲ་ང་ངོ་མ་ཤེས་ན། །སྨྱུག་ཁང་ཕྲ་མོའི་ནང་རྒྱུད་ལ། །མ་ངན་པང་ལ་བུ་ངན་འཁྲུངས། །བུ་སྡུག་ཇོ་རུ་འགོག་ཚ་ཡིན། །ཞེས་པ་དང་། ཡང་དེ་ལས། རྨ་སྨད་ཡུལ་ལ་སྐྱེས་པའི་རྗེས། །མ་ཡིས་གྲོ་མ་བཀོག་ནས་གསོས། །གྲོ་མ་ལོན་ན་ལྟོ་ཡོད་ཡིན། །གྲོ་མ་མ་ལོན་ལྟོ་མེད་ཡིན། །མ་ཡིས་ཨབ་ར་བསད་ནས་གསོས། །ཨབ་ར་བསད་ན་ལྟོ་ཡོད་ཡིན། །ཨབ་ར་མ་བསད་ལྟོ་མེད་ཡིན། །ཞེས་པ་ལྟར་ན། ལྟོ་གོས་ལ་དཀའ་ངལ་ཆེ་བའི་མི་ཞིག་ལ་ཕོ་བྲང་བཞེངས་པའི་ཕྱི་ནང་གཉིས་ཀྱི་ཆ་རྐྱེན་མི་འཛོམས་པ་དང་། རྟ་རྒྱུག་ལས་གེ་སར་རྗེས་གླིང་ཁྲ་མོའི་ཁྲི་ཐོག་ལ་བཞུགས་པས། གཞི་ནས་བརྗིད་ཆགས་ལྷུན་ཞིང་བརྗིད་པའི་ཕོ་བྲང་ཞིག་བཞེངས་སྲིད་པ་ཞིག་རེད། ཕོ་བྲང་དེ་དུས་ཡུན་རིང་པོའི་ནང་མེད་པར་ཆགས་རྗེས། མཁན་སྤྲུལ་མང་པོས་སྒྲུང་ཡིག་ནང་དུ་བཀོད་པ་ལྟར། རྨ་སྨད་གཡུ་ལུང་ནི་དེའི་ཆགས་ཤུལ་ཡིན་པར་གཏན་དུ་ཁེལ་རྗེས། གོང་རིམ་ལ་རེ་ཞུ་ཕུལ་ཏེ་སྤྱི་ལོ་1991ལོར་སྔོན་མའི་ཤུལ་ན་གསར་དུ་བཞེངས་པ་རེད་འདུག་སྟེ། དཀྱིལ་ལ་ཕོ་བྲང་སེང་འབྲག་སྟག་རྩེ་དང་ཤར་མཁར་རིང་མོ། ལྷོ་མཁར་དགུ་སྒྲིལ། ནུབ་མཁར་ཕྱུག་མོ། བྱང་མཁར་སྨུག་པོ་ཞེས་ཕྱོགས་རེ་ལ་མཁར་མཐོན་པོ་རེད་བཞེངས་འདུག །ཕོ་བྲང་གི་བརྩེགས་དང་པོའི་ནང་དཔལ་ཐུལ་བརྒྱད་ཅུའི་འདྲ་སྐུ་སོགས་བཞེངས་ཡོད་པ་ནི། དཔེ་ཆ་གཞན་ནང་ཞིབ་ཕྲ་ཡོད་པས་བསྐྱར་འབྲི་མི་བྱེད། ཕོ་བྲང་གི་རྒྱབ་ཀྱི་བཤམས་སྟོན་ཁང་ཞིག་གི་ནང་ལ། ས་དེ་གའི་འོག་ནས་བུད་པའི་མདུང་རྩེ་དང་གནམ་ལྕགས་སོགས་མང་པོ་སྣང་ལ། གླིང་གི་དཔེ་ཆ་རྙིང་པ་དང་། སྒྲུང་པའི་སྒྲུང་ཆས། འབྲོང་རྭ་ཆེན་མོ། སྔོན་བྱོན་མཁས་པ་རྣམས་ཀྱི་སྤྱོད་ཆས། གླིང་གི་མཚོན་ཆ་སོགས་མང་པོ་མཇལ་རྒྱུ་འདུག་མོད། པར་དུ་ལེན་མི་ཆོག་པས་རེ་རེ་བཞིན་གྲོགས་པོ་ཚོ་ལ་སྟོན་ཐབས་མི་འདུག

དེ་ཡང་། བུ་ཇོ་རུ་འཁྲུངས་སའི་ཐད་ལ་འགའ་ཞིག་གིས་སྡེ་དགེའི་ཨ་ཕྱུག་རེད་ཅེས་པ་དང་། ལ་ལ་ཡིས་དར་ལག་རྫོང་གི་རྨ་སྨད་གཡུ་ལུང་མདོ་ན་རེད་ཅེས་རྩོད་པ་མང་པོ་བྱས་མྱོང་བ་ནི། ༼འཁྲུངས་གླིང༽ལས། ཆུ་གཉིས་འབབ་སྒྲ་ལྷུང་ལྷུང་གྲགས། །བྲག་གཉིས་འདབ་སྒྲོ་གཤིས་འདྲ་ཡོད། །ཅེས་པ་ལ་བརྟེན་ཏེ། ཨ་ཕྱུག་ལ་སྒྲུང་ནང་བཤད་པ་ལྟ་བུའི་ཆུ་དང་བྲག་ཡོད་ལ། འདི་ནའང་དར་ཆུ་དང་རྨ་ཆུ་གཉིས་འཛོམས་སའི་བྲག་རིའི་ངོས་ལ། མདའ་སྒྲོ་གཤིབས་པ་འདྲ་བོ་ཡོད་པས་སོ་སོའི་མཐོང་སྣང་ལྟར་ལྟ་བ་མ་མཐུན་པ་ཡིན་སྲིད་མོད། མི་ཞིག་ལ་ཆུང་དུས་ལྟེ་ཁྲག་འཕོ་སའི་ཡུལ་ཞིག་དང་། ཆེན་པོར་ཆགས་རྗེས་འཕྲིན་ལས་དར་སའི་ཡུལ་ཞིག་ཡོད་པ་ནི། གནའ་དེང་གང་ལ་བལྟས་ཀྱང་ལུགས་དང་མཐུན་པ་ཞིག་རེད། ལར་དམིགས་བསལ་གྱི་དགོས་པ་མེད་ན་སྐྱེས་ཆེན་ཞིག་གི་འཁྲུངས་ས་རྩོད་པ་ལས། གང་གི་མཛད་རྗེས་དང་སྙིང་སྟོབས། རྗེས་ཤུལ་རྣམས་ལག་ནས་མ་ཤོར་བར་དམ་དུ་འཛིན་ན་ཅིས་མི་དགའ། ཡིན་ན་ཡང་། རྩོད་པ་བྱེད་པ་དེ་ཕྱོགས་གཅིག་ནི་སྐྱེས་བུ་དམ་པ་གང་ཞིག་ལ་བརྩི་མཐོང་བྱེད་འགོ་ཚུགས་པའི་རྟགས་རེད་མོད། རྩོད་པའི་ཆེད་དུ་རྩོད་པ་བྱེད་པ་ཙམ་ལས། དོན་དངོས་སུ་འབྲས་བུ་ཞིག་སྨིན་རྒྱུ་མེད་ན། དེའང་ས་ཁུལ་གྱི་ཕྱོགས་རིས་ཙམ་ལས་དགོས་པ་ཅི་ཡང་མེད་དོ། །

གདུགས་ཕུབ་པ་ལྟ་བུའི་གནམ་སྔོན་པོའི་འོག་དང་། གདན་བཏིང་པ་ནང་བཞིན་གྱི་ས་གཞིའི་ཐོག་ལ་ཆགས་པའི་རྨ་སྨད་གཡུ་ཡི་ལུང་པ་རུ། ཕོ་བྲང་སེང་འབྲག་སྟག་རྩེ་ལས་སླར་ཡང་ཁྲ་མོ་གླིང་གི་དབུ་འཕང་དགུང་ལས་མཐོ་ཚུལ་ཚོར་ཐུབ་ལ། ལྷུང་ལྷུང་དར་གྱིས་འབབ་པའི་རྨ་ཀླུང་རིང་མོ་ལས། འགོ་ནས་འཛད་རྒྱུ་མེད་ལ་མཇུག་ནས་རྫོགས་མཐའ་མེད་པའི་གླིང་སྒྲུང་ནི། རྒྱུན་ཆད་མེད་པར་ཕྱི་རོལ་ཡུལ་དུ་ཁྱབ་ཚུལ་ཤེས། ཕོ་བྲང་སེང་འབྲུག་སྟག་རྩེ་ན་བཞུགས་ཡོད་པའི་ཨ་ཁུ་འགའ་ལས། དར་ལག་རྫོང་གི་མངའ་ཁོངས་ན་ད་དུང་གླིང་སྒྲུང་སྐོར་གྱི་རྗེས་ཤུལ་ཡོད་ཚུལ་གོ་བས། ཕྱི་ཉིན་སྔ་མོ་ནས་ལངས་ཏེ་རྫོང་དང་བར་ཐག་སྤྱི་ལེ་བརྒྱ་དང་སུམ་ཅུ་ཙམ་ཡོད་པའི་གསང་རི་མ་ཡུལ་ཚོའི་ཕྱོགས་སུ་སོང་། །

གསུམ་པ། ཨ་སྟག་ལྷ་མོའི༼ཀླུ་མོ༽མཁར་ཤུལ།

ཞོགས་པའི་ཉི་འོད་རྨ་ཀླུང་སྒེག་མོར་ཕོག་སྟེ་གསེར་གྱི་རླབས་ཕྲེང་འཕྱོ་བ་དང་། ལམ་འགྲམ་གྱི་སྦྲ་གུར་དང་ནོར་ལུག །ཞོགས་ལས་ལ་བྲེལ་བའི་འབྲོག་མི་བཅས་ཀྱིས། མཐོ་སྒང་ཁོ་ན་ལ་ཡོད་པའི་ཞོགས་པའི་རྣམ་པ་ཞིག་གྲུབ་འདུག་པས། རྩྭ་ཕྲན་དང་ནོར་ལུག །ཆུ་བོ་དང་སྦྲ་གུར། འབྲོག་མི་དང་འབྲོག་ཁྱི་བཅས་རེ་རེ་བཞིན་པར་མིག་ཏུ་བཙུད་ཅིང་ཡིག་འབྲུར་འབེབས་འདོད་པ་ཞིག་རེད། ལམ་ལ་འགྲོ་བཞིན་དུ་རླངས་འཁོར་གྱི་སྐར་ཁུང་ལས་གཡས་གཡོན་གྱི་རི་ཆུ་ལ་ལྟ་དུས། ཕྲག་དོག་དང་ཞེ་སྡང་གིས་མ་ངན་བུ་ངན་གཉིས་འདྲེ་ཡི་ལུང་པར་ཕུད་ཀྱང་། རི་ཡག་མོ་གཡང་ཆགས་པའི་རི་དང་། ཆུ་བཟང་མོ་བསོད་ནམས་འཁོར་བའི་ཆུ་ཡི་དྲིན་གྱིས། འགོག་བཟའ་དང་ཇོ་རུ་མ་བུ་གཉིས་ལ་རི་བོ་ལྟ་བུའི་འགྱུར་མེད་ཀྱི་སྙིང་སྟོབས་འཁྲུངས། ཆུ་བོ་ལྟ་བུའི་རྒྱུན་རིང་གི་ངང་རྒྱུད་བསྐྱེད་པས། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཡིས། རྐྱེན་ངན་དྲག་པོས་ཆོས་དང་ཕྲད་པ་དེ། །མི་འགྱུར་ལམ་རྙེད་རྐྱེན་ངན་བཀའ་དྲིན་ཆེ། ཞེས་པ་ལྟར། ཕྲག་དོག་ཁྲག་གིས་མྱོས་པའི་སྟག་དང་། ཞེ་སྡང་དུག་གིས་རྒྱགས་ཏེ་སྦྱོར་བ་ངན་པ་སྤེལ་མཁན་རྣམས་ལ་ཅིས་ཀྱང་བཀའ་དྲིན་ཆེ་ཞུ་དགོས་ཏེ། གལ་སྲིད་ཕྲག་དོག་དང་ཞེ་སྡང་མེད་ན། བུ་ཇོ་རུ་གེ་སར་མི་སྲིད་ལ། ང་ཚོ་ལ་སེང་ཆེན་ནོར་བུ་འགྲ་འདུལ་ཞེས་པ་ཞིག་འཁྲུངས་མེད་ནའང་ཐང་།

དེ་ལྟར་ལོ་རྒྱུས་མི་སྣ་ཞིག་ལ་ཕྱིར་རྟོག་བྱེད་བཞིན་གསང་རི་མ་ཡུལ་ཚོའི་ཁངས་ལུང་ཞེས་པའི་ས་ཆ་དེར་སླེབས། ནམ་མཁར་སྤྲིན་དུམ་བུ་ཙམ་ཡང་མེད་པར་ཉི་འོད་གསལ་པོར་འཕྲོས་པས། ཕྱོགས་བཞིའི་རི་ཆུ་དང་བཅས་པ་གསལ་པོར་མཐོང་ཐུབ། ཁངས་ལུང་ཞེས་པའི་ལུང་པ་དེ་རྒྱ་ཆེ་བ་གཞོང་པ་ཆེན་པོ་ཞིག་དང་འདྲ། ལུང་པའི་སྟོད་དང་གཡས་གཡོན་གྱི་རི་བོ་རྣམས་ནི། རྡོ་ལས་བཞེངས་པའི་མཆོད་རྟེན་ལྟར་གཅིག་ལས་གཅིག་ཁྱད་ཆོས་ལྡན་པ་ཞིག་རེད། ཁངས་ལུང་གི་གཡས་ཕྱོགས་ཀྱི་རི་གདོང་གི་འོག་ལ་རི་གདོང་ཆུང་ངུ་ཞིག་སྣང་། དེ་གཉིས་ཀྱི་བར་ལ་རྐང་ཐང་མ་འགྲོ་དུས། གདོང་མགོར་ཨ་སྟག་ལྷ་མོས་ཆིབས་རྟ་བཞོན། མདའ་གཞུ་བཟུང་བའི་འདྲ་སྐུ་ཞིག་བཞེངས་འདུག །འདྲ་སྐུའི་རྒྱབ་ཀྱི་གཤོང་ས་ན་མཁར་ཤུལ་གྲུ་བཞི་མ་ཞིག་ཡོད་པ་དེ་ནི། ཨ་སྟག་ལྷ་མོའི་རྡོ་མཁར་རམ་རུས་མཁར་རེད་ཟེར། ཡུལ་མི་ཚོས་ཁངས་ལུང་རྡོ་མཁར་ཞེས་འབོད་སྲོལ་ཡང་འདུག །ད་ལྟར་མཇལ་དུ་ཡོད་པའི་མཁར་ཤུལ་མཐོ་ཤོས་ལ་སྨི་གསུམ་བཞི་ཙམ་ཡོད་ས་རེད། སྔ་དྲེག་མང་པོ་ཆགས་པའི་མཁར་ཤུལ་གྱི་ཐོག་ལ་འབྲོང་གི་མགོ་རུས་རྙིང་པ་དང་། གཡག་དང་འབྲི་ཡི་མགོ་རུས་ཀྱང་མང་པོ་སྣང་། མཁར་ཤུལ་གྱི་ཟུར་ལ་རྡོ་སྒོར་སྒོར་ཆེན་མོ་དཀྱིལ་ལ་བུ་ག་ཡོད་པ་ཞིག་འདུག དེ་ནི་ཨ་སྟག་ལྷ་མོའི་མདའ་མདུང་བརྡར་ཤུལ་རེད་ཟེར། བཤད་སྲོལ་དུ་མཁར་དེ་ལ་ཨ་སྟག་ལྷ་མོའི་རུས་མཁར་ཡང་ཟེར། རྒྱུ་མཚན་ནི། མོ་ཡི་ཨ་ཕ་ནི་འབྲོང་གི་རྭ་ཁ་ལས་འདས་པས། ཆུང་དུས་ནས་འབྲོང་ལ་འཁོན་སེམས་བཅངས་ཏེ་ཆེན་པོར་ཆགས་རྗེས། ཁངས་ལུང་ལ་ཡོད་པའི་འབྲོང་མང་པོ་བསད་དེ་འབྲོང་རུས་ལས་མཁར་དེ་བརྩིགས་པ་རེད་ཟེར། མཁར་ཤུལ་ལ་བལྟས་ན་མཁར་གྱི་གཞི་རྨིང་རྡོ་ལས་བརྩིགས་པ་ཡིན་ངེས་ཀྱང་། དེའི་ཐོག་ལ་འབྲོང་རུས་མང་པོ་གཅིག་ཐོག་གཅིག་བརྩེགས་ནས་མཁར་མཐོན་པོ་གྲུབ་མྱོང་བ་ནི་སྲིད་པ་ཞིག་རེད།

ས་ཆ་གཞན་ན་ཡོད་པའི་ལོ་རྒྱུས་རྗེས་ཤུལ་གྱི་མཐའ་འཁོར་དུ་འཚོལ་ཉུལ་བྱས་པ་ལྟར། ཨ་སྟག་ལྷ་མོའི་རྡོ་མཁར་གྱི་འགྲམ་ལ་ལོ་རྒྱུས་རྗེས་དྲན་བྱེད་ཆོག་པའི་རྟགས་མཚན་འདྲ་ཨེ་རྙེད་བལྟས་ཀྱང་ཅི་ཡང་མ་མཐོང་། རི་གདོང་ལ་ཙོག་སྟེ་ཁངས་ལུང་གི་མཛེས་ལྗོངས་ལ་ལྟ་དུས། འགྲམ་གྱི་གད་ཁུང་ལས་ཝ་ཞིག་ཕྱི་ལ་བུད་དེ་རི་འདབས་སུ་བྲོས་སོང་། ལམ་བར་གྱི་སྣང་བ་ཡོད་ཚད་དཔེ་ཐོག་ནས་བཤད་པར་གོམས་པའི་ང་ཡིས། ཝ་ཤར་ལེར་བྲོས་པ་འདི་ནི་སྟག་གི་འཇིགས་པ་ཝ་ཡིས་ཁྱེར་བའམ། སྔོན་མའི་དཔའ་བོ་སྟག་གི་ཤུལ་ལ། ད་ལྟར་སྡར་མ་ཝ་ཡིས་གནས་བཅས་འདུག་ཚུལ་བསྟན་པའི་མངོན་བརྡ་ཞིག་མིན་ནམ་སྙམ་སྟེ་ཁོང་དགོད་ཅིག་ཤོར་སོང་།

རྗེས་ཤུལ་གང་ཞིག་ལོ་རྒྱུས་མི་སྣ་གང་ཞིག་གི་ཡིན་མིན་ནི། ཁུངས་ཐུབ་པའི་ཡིག་ཆ་དང་གནའ་རྫས་རྟོག་དཔྱོད་བྱས་པའི་འབྲས་བུ་བཅས་གཞི་བརྟེན་ས་དགོས་པ་ལས། རང་འདོད་ཀྱིས་འོལ་ཚོད་རྒྱག་མི་རུང་བས། དེ་ཨ་སྟག་ལྷ་མོའི་མཁར་ཤུལ་རེད་ཟེར་ན། མི་མང་པོར་དོགས་པ་སྐྱེས་ཏེ་ཡིད་ཆེས་མི་སྲིད་མོད། ཁུངས་གཏུག་སའི་ལོ་རྒྱུས་ཀྱི་ཡིག་ཆ་མེད་ལ། གནའ་རྫས་རྟོག་དཔྱོད་བྱེད་ཐབས་ཀྱང་བྲལ་བས། འབྲོག་མི་རྣམས་ཀྱི་ངག་རྒྱུན་ལ་ཆ་བཞག་སྟེ། དེ་ལྟར་སྲུང་སྐྱོབ་བྱེད་པའང་གླིང་སྒྲུང་རིག་གནས་མ་ཉམས་རྒྱུན་དུ་འཛིན་པའི་ཐབས་ཤེས་ཤིག་ཡིན་ཏེ། དམངས་ཁྲོད་ཀྱི་ངག་རྒྱུན་ཡང་ལོ་རྒྱུས་ཀྱི་རྗེས་དྲན་གལ་ཆེན་པོ་ཞིག་ལ་བརྩིས་དང་རྩི་བཞིན་ཡོད་པས་སོ། ། 


རྩོམ་ཡིག་སྔོན་མ།
སྤྱིའི་དེབ་39པ།
རྩོམ་ཡིག་རྗེས་མ།
མེས་རྒྱལ་གྱི་གཟི་བརྗིད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1