འཁྲུངས་སྐར་བསུ།

གླིང་བ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-25


བཙན་འཛུལ་རྒྱལ་ཁབ་བཙན་གྱིས་ཕྱིར་དུ་སྤྱུགས། །

མེས་རྒྱལ་ས་ཆེན་གོང་བུ་གཅིག་ཏུ་བསྒྱུར། །

ཀྲུང་གོའི་མཚན་སྙན་སྲིད་པའི་ཡང་རྩེར་བསྒྲེངས། །

རླབས་ཆེན་ཏང་གི་འཁྲུངས་སྐར་ལོ་བརྒྱ་བསུ། །

མི་རིགས་ང་དྲུག་མེ་ཏོག་ཆུན་པོ་བཞིན། །

ལྡུམ་ར་གཅིག་ཏུ་འཛུམ་དཀར་འདབ་བརྒྱ་གྲོལ། །

ཀྲུང་གོ་རྣམ་པའི་དམངས་གཙོའི་རྒྱལ་ཁབ་ཀྱི། །

རླབས་ཆེན་ཏང་གི་འཁྲུངས་སྐར་ལོ་བརྒྱ་བསུ། །

བཅོས་སྒྱུར་སྒོ་འབྱེད་ཐབས་ཤེས་ཟུང་གི་ཇུས། །

དེང་རབས་ཅན་བཞིའི་མཛངས་མ་པང་དུ་བསུས། །

སྲིད་འབྱོར་རིག་གསུམ་ཡར་ངོའི་ཟླ་བཞིན་འཕེལ། །

རླབས་ཆེན་ཏང་གི་འཁྲུངས་སྐར་ལོ་བརྒྱ་བསུ། །

འབར་འདེལ་གཉིས་ཀྱི་རྒྱལ་ཁའི་ལེགས་གྲུབ་ཀྱིས། །

རྒྱལ་སྲུང་སྟོབས་ཀྱིས་འཛམ་གླིང་ཞི་བདེ་བསྐྱངས། །

འགྲན་མེད་སྟོབས་ཀྱིས་འཛམ་གླིང་ཟིན་ཐོ་བརྩམས། །

རླབས་ཆེན་ཏང་གི་འཁྲུངས་སྐར་ལོ་བརྒྱ་བསུ། །

མི་བཟོས་འཁོར་སྐར་ལྷ་གྲུ་བདུན་པ་ཡིས། །

ཨ་སྔོན་དབྱིངས་ནས་བརྗིད་པའི་གཤོག་འགྱུར་བྱས། །

ཀྲུང་གོའི་འཁའ་སྐྱོད་སྲིད་པའི་ཡང་རྩེར་སོན། །

རླབས་ཆེན་ཏང་གི་འཁྲུངས་སྐར་ལོ་བརྒྱ་བསུ། །

རྒྱུད་འདྲེས་ཆུ་འབྲས་གསོ་སྐྱེད་རྒྱལ་ཁ་ཡིས། །

རང་རྒྱལ་བཀྲེས་སྐོམ་རྙི་ལས་རྦད་དེ་བསྒྲལ། །

འཛམ་གླིང་འབྲུ་ཡི་བང་མཛོད་གཏེར་སྒོ་ཕྱེས། །

རླབས་ཆེན་ཏང་གི་འཁྲུངས་སྐར་ལོ་བརྒྱ་བསུ། །

དར་གོས་ཚོང་ལམ་སྲིད་འབྱོར་གསེར་གྱི་ལམ། །

ཉེར་གཅིག་མཚོ་ཐོག་དར་གོས་ཚོང་ལམ་གཉིས། །

རྒྱུད་གཅིག་ལམ་གཅིག་འཛམ་གླིང་ཤར་ནུབ་སྦྲེལ། །

རླབས་ཆེན་ཏང་གི་འཁྲུངས་སྐར་ལོ་བརྒྱ་བསུ། །

མཚོ་བོད་མཐོ་སྒང་འཛམ་གླིང་རྩེ་མོ་རུ། །

ངོ་མཚར་འབུམ་གྱིས་ཕྱུག་པའི་མཁའ་ལམ་བཞེངས། །

གངས་ཅན་ཡུལ་གྲུར་འགྲོ་བདེ་ཞིང་དུ་བཀོད། །

རླབས་ཆེན་ཏང་གི་འཁྲུངས་སྐར་ལོ་བརྒྱ་བསུ། །

དབུལ་བྲལ་འགག་སྒྲོལ་གནད་སྨིན་དབུལ་སྐྱོར་གྱི། །

བླ་ན་མེད་པའི་བྱ་གཞག་རླབས་པོ་ཆེ། །

དགོས་འདོད་ཀུན་འབྱུང་དབུ་ཁྲིད་བྱིན་རླབས་ཅན། །

རླབས་ཆེན་ཏང་གི་འཁྲུངས་སྐར་ལོ་བརྒྱ་བསུ། །

ཀྲུང་གོའི་ཕུགས་འདུན་སྲིད་སྐྱོང་མེ་ལོང་གསལ། །

ལོ་ངོ་གཉིས་བརྒྱའི་དམིགས་འབེན་བརྗིད་ཆགས་ལྡན། །

ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན། །

རླབས་ཆེན་ཏང་གི་འཁྲུངས་སྐར་ལོ་བརྒྱ་བསུ། །

ཀྲུང་གོའི་ཁྱད་ཆོས་བཀྲག་མདངས་དཔལ་དུ་འཚེར། །

སྤྱི་ཚོགས་རིང་ལུགས་བསྐྱོད་པའི་མདུན་ལྗོངས་རྨད། །

མི་རིགས་སྙིང་སྟོབས་ནུས་ཤུགས་གཅིག་ཏུ་སྒྲིལ། །

རླབས་ཆེན་ཏང་གི་འཁྲུངས་སྐར་ལོ་བརྒྱ་བསུ། །

རྒྱལ་སྟོབས་འགྲན་མེད་གཡུ་འབྲུག་ངར་སྐད་ལྡིར། །

མི་རིགས་དར་རྒྱས་འོད་སྟོང་ཕྱོགས་བཅུར་འཕྲོ། །

དམངས་ཀྱི་བདེ་སྐྱིད་དབྱར་མཚོ་བཞིན་དུ་རྒྱས། །

རླབས་ཆེན་ཏང་གི་འཁྲུངས་སྐར་ལོ་བརྒྱ་བསུ། །

གངས་ལྗོངས་གཡང་གི་ར་བའི་དག་ཞིང་དུ། །

གླུ་གར་རྩེ་འཇོའི་རིག་རྩལ་ཆུ་གཏེར་མཛོད། །

ཞི་མཐུན་སྐྱིད་ཀྱི་འཚོ་བའི་རླབས་ཕྲེང་འཕྱོ། །

རླབས་ཆེན་ཏང་གི་འཁྲུངས་སྐར་ལོ་བརྒྱ་བསུ། །


རྩོམ་ཡིག་སྔོན་མ།
བསྟོད་གླུ་ཁྱེད་ལ་འབུལ་།
རྩོམ་ཡིག་རྗེས་མ།
ལོ་བརྒྱའི་འོད་སྣང་།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1