གྲུམ་བུའི་ནད་ལས་རུས་ཏྲེམ་གྱི་ནད་ཐོག་བཅོས་ཚུལ་ལ་དཔྱད་པ།

སྣང་སྐྱིད རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-25


འདིར་རུས་ནི་ཕ་ཡི་ཁུ་བ་དང་འབྱུང་བ་ས་ཁམས་ཤས་ཆེ་བ་ལས་སྐྱེད་ཅིང་། བྱེད་ལས་ནི་ལུས་བརྟེན་པར་བྱེད་པ་སྟེ་དཔལ་ལྡན་རྒྱུད་བཞི་ལས། ཕ་ཡིས་ཁུ་བས་རུས་པ་ཀླད་གཞུང་སྐྱེད། །ཅེས་དང་ས་ལས་ཤ་དང་རུས་པ་སྣ་དྲི་སྐྱེད། །ཅེས་དང་། ཚིལ་གྱིས་སྣུམ་དང་རུས་པས་བརྟེན་པ་དང་། །ཞེས་གསུངས་སོ། །གྲུམ་ཞེས་དུམ་བུར་ཆགས་པའི་མིང་ཡིན་ཡང་གསོ་རིག་སྐབས་ནད་རྟགས་ལ་བལྟོས་ནས་ནད་མིང་དུ་སྦྱར་བ་ཞིག་སྟེ། སྟག་ཚང་ལོ་ཙཱ་བས། ཚིགས་མིག་ཆུ་སེར་འཕེལ་བ་ཡིས། །འབྱོར་བྱེད་བྱེད་ལས་ཉམས་གྱུར་ཏེ། ཚིགས་ཀུན་ཆགས་གྲུམས་ཤོར་བ་ལྟར། །གྱུར་བས་གྲུམ་བུ་ཞེས་སུ་བཤད། ཅེས་གསུངས་པའོ། །དེ་བས་ན་རུས་གྲུམ་མམ་རུས་ཏྲེམ་ཞེས་པ་ནི་གྲུམ་བུའི་ནད་རིགས་དྲུག་གི་ཡ་གྱལ་ཞིག་སྟེ། ངོ་བོ་གྲུམ་ནད་རུས་པ་ལ་ཞུགས་ཤིང་རླུང་ཤས་ཆེ་བ་ལ། རྟགས་སུ་སྐོམ་དད་ཆེ་བ་དང་། རུས་པར་ཚ་བ་སྐྱེ་ཞིང་ཤ་ཚིལ་རིམ་གྱིས་འཇུ་ལ་སྐམ་དུ་འགྲོ་བ་དང་། རྐང་ལག་གི་ཚིགས་འགྲམས་ནས་གཡས་གཡོན་དུ་ཀྱོག་པ། ན་ཟུག་ཆེ་བས་འགུལ་བསྐྱོད་ཤུགས་ཆེར་མི་བཏུབ་པ། ཚིགས་བསྐུལ་བ་དང་སྒྲ་ཆེན་པོའི་རིགས་མི་བཟོད་པར་གཡང་དུ་བསྐྱུར་སྙམ་སེམས་པའོ། །དེང་གི་སྐབས་འདིར། ཁོར་ཡུག་རྫོབ་པོར་གྱུར་བའི་དབང་གིས་འཐུང་ཆུ་མི་གཙང་བ་དང་། མིས་བཟོས་ཀྱི་སྐོམ་ཆུ་སྣ་ཚོགས་ཀྱིས་ལུས་ཟུངས་ལ་གནོད་ཅིང་གདུང་བ་དང་། རུས་ཏྲེམ་གྱི་ནད་འདི་ཇེ་མང་དང་ཇེ་ལྕི་ལ་འགྲོ་བཞིན་ཡོད་ཕྱིར་སྐབས་འདིར་ནད་དེ་ཡི་གསོ་ཚུལ་དང་བཅོས་ཐབས་ལ་བདུད་རྩི་ལྔ་ལུམས་སྟེང་དྲེག་གྲུམ་ལུམས་ཀྱི་ཁ་ཚར་བསྣན་པའི་སྨན་ནུས་ལ་ལྟ་ཞིབ་བྱས་པ་གཤམ་གསལ་བཞིན་ནོ། །

དཔྱད་ཚུལ་དང་བཅོས་ཐབས།

1.དཔྱད་ཡུལ། ངེད་ལུམས་བཅོས་ཁང་གིས་2018ལོའི་ཟླ་10བ་ནས་2020ལོ་ཟླ་10བར་ལོ་ངོ་གཉིས་རིང་གི་ནད་པ་180དེའི་ནང་། སྐྱེས་པ་84དང་། བུད་མེད་96མཆིས། ལོ་ཚོད་35་ནས་80བར་ཡིན། ན་ཡུན་ཟླ་8་ནས་ལོ་ངོ་50བར་ཡིན། ཆ་མཉམ་ན་ཡུན་ལོ(4.0±6.35)ཡིན། ནད་པ་180བསལ་ནས་བརྟག་གཞིའི་ཚན་པ་གཉིས་སུ་བྱས་པའི་བདུད་རྩི་ལྔ་ལུམས་རྐྱང་བ་ཅན་གྱི་ལུམས་བཅོས་ཀྱི་ཚན་པ་ལ་ནད་པ་90་དང་། བདུད་རྩི་ལྔ་ལུམས་སྟེང་དྲེག་གྲུམ་ལུམས་ཀྱི་ཁ་ཚར་བསྣན་པའི་ལུམས་བཅོས་ཀྱི་ཚན་པ་ལ་ནད་པ་90་ལ་བརྟེན་ནས་དཔྱད་བསྡུར་བྱས། དེའི་ནང་ལོ་ཚོད་དང་། རྟེན་དང་། ན་ཡུན། ལྷུ་ཚིགས་ཀྱི་ནུས་པའི་རིམ་དབྱེ། ལྷུ་ཚིགས་Xསོགས་བསྡོམས་རྩིས་རིག་པའི་དོན་སྙིང་མེད་ལ་ཕན་ཚུན་བསྡུར་བའི་རང་བཞིན་གྱི་ཡོན་ཏན་ལྡན་ཡོད།

2. བཅོས་ཐབས། ནད་འདིའི་བཅོས་ཐབས་ནི་སྤྱིར་གྲུམ་བུའི་ལེའུ་བསྟན་པའི་བཅོས་ཐབས་ལྟར་ཟས་དང་སྤྱོད་ལམ་སྨན་དཔྱད་སོགས་གཞུང་དང་བསྟུན་དགོས་ཡང་། སྐབས་འདིར་ངེད་སྨན་ཁང་གིས་གྲུམ་བུའི་ནད་ལས་རུས་ཏྲེམ་ལ་ཁྱད་དུ་འཕགས་པའི་འཇམ་དཔྱད་བདུད་རྩི་ལྔ་ལུམས་ཀྱིས་གཙོར་བྱས་པའི་བཅོས་ཐབས་དེ་ལ་ཁ་ཚར་དགོས་མིན་གྱི་དཔྱད་བསྡུར་ཅུང་གླེང་ན། ཐོག་མར་རུས་ཏྲེམ་ནད་ལ་གཉན་ཚད་ཤིན་ཏུ་རྒྱས་པའི་དབང་གིས་ནོར་བུ་བདུན་ཐང་དང་། འབྲས་བུ་གསུམ་ཐང་སོགས་དང་། མི་ཚད་ནུབ་ལུགས་གསོ་བཅོས་ལ་བསྟེན་གཉན་ཚད་གཅོག་དགོས་པ། གཉན་ཚད་གཅོག་རྗེས་བདུད་རྩི་ལྔ་ལུམས་ཀྱི་རླངས་ལུམས་སམ་བཅིང་ལུམས་གང་རུང་གིས་ནད་དམིགས་སྟེང་དུགས་པ། དུགས་ཡུན་སྐར་40ཡས་མས་དང་། ཉིན་རེར་ཐེངས་གཉིས་དུགས་པ། ཚར་གཅིག་ཉིན་བདུན་གྱི་རིང་ཡིན།

3. དཔྱད་གཞི། རུས་ཏྲེམ་ནད་འདི་ལ་ལག་ལེན་གོང་ལྟར་བདུད་རྩི་ལྔ་ལུམས་རྐྱང་པས་བཅོས་པ་དང་། དེའི་སྟེང་དྲེག་གྲུམ་ལུམས་ཀྱི་ཁ་ཚར་བསྣན་པས་བཅོས་ཚུལ་གཉིས་སུ་དབྱེ་བས་དེ་གཉིས་ཀྱི་ཕན་འབྲས་ལ་དཔྱད་པ།

4. ཕན་འབྲས་དཔྱད་བསྡུར་གཏན་འབེབས་བྱེད་པའི་ཚད་གཞི། སྨན་ནུས་ཚད་གཞི་གཏན་ལ་ཕབ་པའི་《ཀྲུང་ལུགས་སྨན་རྫས་གསར་པའི་ནད་ཐོག་སྨན་བཅོས་ཐད་ཞིབ་འཇུག་དང་མཛུབ་སྟོན་བྱེད་པའི་རྩ་དོན་》ཞེས་པ་དཔྱད་གཞིར་བཟུང་ནས། སངས་དྲག་གི་ཚད་ནི། གོང་གསལ་གྱི་རྟགས་ཐམས་ཅད་མེད་པར་གྱུར་ཏེ་ནད་སངས་དྲག་ཏུ་ཕྱིན་པ། ཕན་སྐྱེད་ཆེ་བའི་ཚད་ནི། རླུང་ཤས་ཆེ་ཞིང་སྐོམ་དད་ཆེ། རུས་པར་ཚ་བ་སྐྱེ་བ། འཇུ་སྐམ་ཆགས་པ། རུས་ཚིགས་ན་ཟུག་ཆེ་ལ་འགུལ་མི་ནུས་པ། མིས་བསྒུལ་བ་དང་སྒྲ་ཆེན་པོའི་རིགས་མི་བཟོད་ཅིང་རུས་པ་ལྷང་ལྷང་ན་བ། ཚིགས་མིག་ན་ཞིང་བརྐྱང་སྐུམ་འགྲོ་འདུག་དཀའ་ལ་ཚིགས་སྐྲངས་ཟ་བ་སོགས་ཀྱི་ན་ལུགས་ཕལ་ཆེར་ཞི་བ། ཕན་སྐྱེད་ཆུང་བའི་ཚད་ནི། ནད་རྟགས་འགའ་རེ་ཞི་ཡང་རྩ་ཆུར་འགྱུར་ལྡོག་ཆུང་བ། ཕན་མེད། ཕན་བསྐྱེད་ཅི་ཡང་མ་བྱུང་བའམ་ཇེ་སྡུག་ཏུ་ཕྱིན་པའོ། །

5. སྡོམ་རྩིས་རིག་པའི་ཐག་གཅོད། གྲངས་ཀའི་དཔྱད་ཡིག་x2 ཡིས་ཞིབ་བཤེར་བྱས་ནས་P<0.05ནི་ཁྱད་པར་མངོན་གསལ་དོད་པའི་རང་བཞིན་ལྡན་པ་རེད། །

མཇུག་འབྲས།

1.སྨན་བཅོས་ནུས་པ་བསྡུར་བ། ནད་ཐོག་སྨན་བཅོས་ཀྱི་སྨན་ནུས་ལ་དབྱེ་ཞིབ་བྱས་པའི་མཇུག་འབྲས་ལས་མངོན་པར་གཞིགས་ན། ཁ་ཚར་ཅན་གྱི་སྤྱིའི་ཕན་ནུས་ནི་(87.8%)ཡིན་པ་དང་། མངོན་གསལ་དོད་པའི་ཚད་(38.9%)ཡིན་པ་དང་། སོ་སོར་བསྡུར་བས་མངོན་གསལ་དུ་རྐྱང་བའི་ལུམས་བཅོས་ལས་62.2%དང་16.7%(P<0.05%,P<0.05)ཕན་པའི་ཡོན་ཏན་ཟིན་ཡོད། མཇུག་འབྲས་བསྡུར་ཚུལ་གཤམ་གྱི་རེའུ་མིག་1པ་ལ་གཟིགས། ཁ་ཚར་ཅན་གྱི་སྨན་ནུས་ཐོན་པའི་དུས་ཚོད་ནི་གཟའ་འཁོར་(5.21±0.4)ཡིན། རྐྱང་བའི་ལུམས་བཅོས་ཀྱི་སྨན་ནུས་ཐོན་ཚད་གཟའ་འཁོར་ (7.84±0.45)ཡིན་པ་ལས་ཁ་ཚར་ཅན་གྱི་ནུས་པའི་མྱུར་བ་གསལ་འདུག །དེ་བས་རྐྱང་བའི་ལུམས་དང་ཁ་ཚར་ཅན་གྱི་ལུམས་བཅོས་ཀྱི་ཕན་ནུས་བར་ཁྱད་པར་མངོན་གསལ་(P<0.05)ཡི་རང་བཞིན་ལྡན།

རེའུ་མིག

2. ཚན་པ་གཉིས་ཀྱི་ཕན་ནུས་བརྡུར་ཚད། གྲངས་གཞི་(%)འཛིན་པ།

ཚན་པ། མི་གྲངས། སངས་དྲག སྐྱེད་ཆེ། སྐྱེད་ཆུང་། ཕན་མེད། སྤྱིར་ཕན་པ། མངོན་གསལ།

ཁ་ཚར་ཅན། 90 8(8.9) 27(30.00) 44(47.8) 11(12.2) 79(87.8) 35(38.9)

རྐྱང་བའི་ལུམས། 90 2(2.2) 13(14.4) 41(45.6) 34(37.8) 56(62.2) 15(16.7) མཆན། རྐྱང་བའི་ལུམས་དང་བརྡུར་བས་P<0.05ཡིན། །

བསྡུས་དོན།

རུས་ཏྲེམ་ཞེས་པ་ནི། བོད་ལུགས་གསོ་རིག་གི་དགོངས་པ་ལྟར་ན། ཟས་ཀྱི་དྭངས་མ་གནས་སུ་མ་སྨིན་པར་ཆུ་སེར་དཀར་པོ་བད་རླུང་དང་བསྡོངས་པ་རྒྱས་ནས་གཙོ་བོ་རླུང་གི་གནས་རུས་པར་ཞུགས་པ་ལས་བྱུང་བའི་ནད་ཅིག་རེད། རླན་ཅན་སྣུམ་པའི་ཡུལ་དུ་བསྡད་དྲགས་པ་དང་། ལྕི་སྣུམ་འཇུ་དཀའ་བའི་ཟས་ཟོས་དྲགས་པས་དྭངས་གནས་སུ་མ་སྨིན་པར་ཆུ་སེར་དཀར་པོ་རླུང་དང་བསྡོངས་ནས་གནས་རུས་པར་ཞུགས་པ་ལ་ལྕི་སྣུམ་བསིལ་བ་བད་རླུང་སྐྱེད་པའི་ཟས་སྤྱོད་ཀྱིས་བསླང་བའི་ནད་ཅིག་ཡིན་པ་དང་། དེ་ལ་ཁྱད་ཆོས་སྐོམ་དད་ཆེ་ལ་རུས་པར་ཚ་བ་སྐྱེ་ཞིང་འཇུ་ལ་སྐམ་པ། ཚིགས་ན་ཟུག་ཆེ་བ། འགུལ་མི་ནུས་པ། མིས་བསྒུལ་བ་དང་སྒྲ་ཆེན་པོའི་རིགས་མི་བཟོད་པ། རུས་པ་ལྷང་ལྷང་ན་བ། ཚིགས་མིག་ན་ཞིང་བརྐྱང་སྐུམ་འགྲོ་འདུག་དཀའ་བ། ཚིགས་ཁ་སྐྲངས་ལ་ཟ་བའི་གདུག་རྩུབ་ཅན་གྱི་ནད་ཅིག་ཡིན། ནད་དེ་ལ་བཅོས་ཚུལ་གསར་བཅུད་འཇུ་སླ་བའི་རིགས་ཀྱི་ཟས་དང་། གནས་དྲོ་སར་འདུག་པ་དང་ལུས་མི་རྔུལ་ཙམ་རན་པར་རྩོལ་བས་བཅག་དགོས་ལ། སྨན་དུ་བདུད་རྩི་སུམ་སྦྱོར་དང་། སྟབ་སེང་བརྒྱད་པ། མ་ནུ་བཞི་ཐང་། སེ་འབྲུ་དྭངས་གནས། སེ་འབྲུ་ལྔ་པ། སེང་ལྡེང་ཉེར་གསུམ། སེང་ལྡེང་ཉེར་ལྔ། མགྲིན་མཚལ་ཉེར་ལྔ། བསམ་ཁྱུང་། ན་ཟུག་ཆེ་ན་སླེ་ཏྲེས་ལྔ་ཐང་། སྤོས་ཁྱུང་བཅོ་ལྔ། དངུལ་ཆུ་བཅོ་བརྒྱད། གྲུམ་ཟུགཀླུ་བདུད་བཅོ་བརྒྱད། ཨ་གར་སོ་ལྔ། ཨ་གར་ཉི་ཤུ་སོགས་གཏོང་བ་མང་ཡང་། སྐབས་འདིར་བདུད་རྩི་ལྔ་ལུམས་ཏེ། ཤུག་པ། བ་ལུ། འཁན་དཀར། མཚེ་ལྡུམ། འོམ་བུ་བཅས་ཁྲོབ་བརྡུང་བྱས་པའི་སྨན་ཆུར་ཞུགས་པའི་ནུས་པ་ནི། གཞུང་ལས། ས་སྤྱིའི་འདུ་བ་སྙོམས་བྱེད་ཅིང་། །དྲེག་གྲུམ་ཡན་ལག་རེངས་འཁུམས་སྐྱོན། །ཀོ་ལེར་ངན་སྐྲངས་འདོན་པའི་མཆོག །དུག་དང་ཚ་བ་རྙིང་རྙོགས་སོགས། །ཤ་པགས་རྩ་རུས་ལ་ཞེན་པ། །མ་ལུས་བ་སྤུའི་བུ་གར་འདྲེན། །ཞེས་པ་བཞིན། དེ་ལ་དྲེག་གྲུམ་ལུམས་ཀྱི་ཁ་ཚར་བསྣན་པས་ནུས་པ་ཁྱད་ལས་འཕགས་པར་བཟང་ཞེས་གཞུང་འདིའི་གཙོ་བོའི་བརྗོད་དོན་དགེའོ། ། 

 རྩོམ་པ་པོ། སྣང་སྐྱིད། སི་ཁྲོན་ཞིང་ཆེན་རྔ་བ་རྫོང་བོད་ལུགས་གསོ་རིག་ཁང་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1