གཙོ་ངོས།>> གསར་འགྱུར།>>བོད་འབྲེལ་ས་ཁུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༡ཚེས་༢༦ཉིན།

བོད་ལྗོངས་ཀྱིས་སྣོད་བཅུག་དཔལ་ཡོན་འཛུགས་སྤེལ་གྱི་ཕྱོགས་བསྡུས་རང་བཞིན་གྱི་ཁྲིམས་སྲོལ་བཏོན་པ།


   ཟླ་1ཚེས་24ཉིན།བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག《བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྱོང་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་།བོད་ལྗོངས་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྤེལ་གྱི་བཅའ་ཁྲིམས་མ་ལག་སྔར་བས་འཐུས་ཚང་དུ་བཏང་ཡོད།

   ཤེས་རྟོགས་བྱུང་བར་གཞིགས་ན།《སྲོལ་ཡིག》དེར་ཁྱོན་ལེའུ་བཅུ་དང་དོན་ཚན་རེ་བརྒྱད་ཡོད། སྣོད་བཅུད་འཆར་འགོད་དང་། སྣོད་བཅུད་བདེ་འཇགས། སྣོད་བཅུད་དཔལ་འབྱོར། སྣོད་བཅུད་རིག་གནས། དཔེ་སྟོན་གསར་གཏོད། སྤྱི་ཚོགས་མཉམ་རོགས། འགན་ལེན་ལྟ་སྐུལ་སོགས་ཐད་ནས་རྒྱལ་ཁབ་ཀྱི་ལས་ཁུངས་དང་། སྤྱི་ཚོགས་རྩ་འཛུགས།སྤྱི་དམངས་མི་སྒེར་བཅས་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྤེལ་ཁྲོད་ཀྱི་འགན་འཁྲི་དང་འོས་འགན་ཚད་ལྡན་དུ་བཏང་ཡོད་ཅིང་། དེའི་ཐོག་ནས་དམངས་ཡོངས་ཀྱིས་མཉམ་སྐྲུན་མཉམ་སྐྱོང་མཉམ་སྤྱོད་བཅས་བྱེད་པའི་འདུ་ཤེས་གང་ལེགས་མཚོན་ཡོད་པ་རེད།


   ངོ་སྤྲོད་བྱས་པར་གཞིགས་ན།《སྲོལ་ཡིག》ནང་སྣོད་བཅུད་བདེ་འཇགས་སྲུང་སྐྱོང་དང་། སྣོད་བཅུད་དཔལ་འབྱོར་འཕེལ་རྒྱས།སྣོད་བཅུད་རིག་གནས་དར་སྤེལ་བཅས་ཕྱོགས་གསུམ་ལ་སྤྱི་འདོམས་བྱས་ཡོད་པ་དང་། རི་ཆུ་ནགས་ཞིང་མཚེའུ་རྩྭ་ཐང་བྱེ་ཐང་བཅས་བཅོས་སྐྱོང་དང་སྲུང་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་དང་། གཙང་པོ་དང་། མཚེའུ། འཁྱག་རོམ། ནགས་ཚལ། རྩྭ་ཐང་། འདམ་ར། ཐང་རྒོད་སོགས་སྣོད་བཅུད་མ་ལག་དང་སྣོད་བཅུད་ཐོན་ཁུངས་ལ་སྲུང་སྐྱོང་བྱ་རྒྱུ། རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་རྒྱུ། སའི་གོ་ལའི“སྣེ་གསུམ་པའི”རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ། སྣོད་བཅུད་གཙོ་གནད་འདུ་འགོད་ལག་བསྟར་བྱེད་པའི་སྒྲིག་འཛུགས་བྱ་རྒྱུ་བཅས་ཁ་གསལ་བྱུང་ཡོད།གཞན་ཡང་།《སྲོལ་ཡིག》ནང་ལྗང་མདོག་ཞིང་འབྲོག་ལས་རིགས་དང་། དྭངས་གཙང་ནུས་རྒྱུ། འཁོར་རྒྱུག་དཔལ་འབྱོར། ལྗང་མདོག་གཏེར་རི། སྣོད་བཅུད་ཡུལ་སྐོར། སྣོད་བཅུད་རིག་གནས་ཐོན་ལས་བཅས་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་ལེགས་སུ་གཏོང་རྒྱུ། སྣོད་བཅུད་རིག་གནས་སྐྱེད་སྲིང་བྱ་རྒྱུ་སོགས་གཏན་འབེབས་བྱས་ཡོད་པ་རེད།


   བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་གཡུང་བཀྲ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན།《སྲོལ་ཡིག》ནང་ས་བབ་ཧ་ཅང་མཐོ་བའི་སྣོད་བཅུད་གནས་སྤོ་དང་། མཚོ་བོད་ས་མཐོར་དམིགས་བསལ་དུ་ཡོད་པའི་རྩ་ཆེའི་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་། དེ་བཞིན་རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་བོད་ནུབ་བྱང་གི་བྱང་ཐང་ས་མཐོའི་ཐང་རྒོད་ཀྱི་སྣོད་བཅུད་སྲུང་སྐྱོང་དང་ཉམས་གསོ། བོད་ཤར་ལྷོའི་ས་མཐོའི་སྣོད་བཅུད་སྲུང་སྐྱོང་དང་ཉམས་གསོ།“གཙང་པོ་གཉིས་དང་ཆུ་བོ་བཞིའི”ནགས་ཚལ་སྔོ་འགྱུར་དང་ཕྱོགས་བསྡུས་བཅོས་སྐྱོང་། མཚོ་བོད་ས་མཐོའི་གཏེར་རིའི་སྣོད་བཅུད་སླར་གསོ་སོགས་སྣོད་བཅུད་འདུ་འགོད་གལ་ཆེན་ཚང་མར་གཏན་འབེབས་བྱས་ཡོད་པ་རེད། (http://tibet.people.com.cn/15836017.html)




39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1