རྫ་ཆུའི་ཆུ་འགོའི་ལྗང་མདོག་ལམ་བུ་འཚོལ་ཞིབ་བྱེད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 01-27



    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལི་ཀྲན་དབྱི།
    རྫ་ཆུའི་མཛེས་སྡུག་ལྡན་པའི་རྣམ་སྲས་གྲོག་རོང་ཆེན་པོ་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་རྣམ་སྲས་ཤང་དུ་གནས་ཡོད།
    “ང་རང་གནས་དེར་ཕྱུགས་འཚོས་ནས་འཚར་ལོངས་བྱུང་བ་ཞིག་ཡིན། ཕ་ཡུལ་གྱི་མཛེས་ལྗོངས་དེས་ཚང་མར་མདུན་ལམ་བཟང་པོ་གཏོད་ཐུབ་ཡོང་སྙམ་པ་བསམ་པའི་ཡུལ་ལའང་མ་བྱུང”ཞེས་པད་མ་དབང་གྲགས་ཀྱིས་བརྗོད།
   པད་མ་དབང་གྲགས་ནི་རྣམ་སྲས་ཤང་གནས་མདོ་གྲོང་ཚོའི་འབྲོག་པ་ཡིན་པ་དང་། དེ་སྔ་ཕྱུགས་རྫི་ཡིན་པའི་ཁོ་པ་ད་ཆ་ས་གནས་དེ་གར་སྐད་གྲགས་ཅུང་ཟད་ཡོད་པའི་སྣེ་ཤན་པ་ཞིག་ཏུ་གྱུར་ཡོད།
    རྣམ་སྲས་ཤང་ནི་གཙང་གསུམ་ཆུ་འགོའི་ས་ཁུལ་གྱི་སྐྱེ་དངོས་སྣ་མང་ཕུན་སུམ་ཚོགས་པའི་ས་ཁུལ་གྱི་གྲས་ཤིག་ཡིན་པ་དང“གསའི་ཕ་ཡུལ”ཞེས་འབོད་ཀྱི་ཡོད། གནས་དེ་ཡང་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་ནང་གི་སྐྱེ་ཁམས་མྱོང་རོལ་གྱི་དམིགས་བསལ་ཆོག་འཐུས་གཉེར་སྐྱོང་བྱེད་སྒོ་སྤེལ་བའི་ཚོད་ལྟའི་གནས་ཐོག་མ་དེ་རེད།
    པད་མ་དབང་གྲགས་ནི་དེའི་ཁྲོད་ཀྱི་ཕན་པ་ཐོབ་མཁན་གྱི་གྲས་ཤིག་རེད། ཁོ་པས་ཡུལ་སྐོར་བ་གྲོག་རོང་དུ་ཡུལ་སྐོར་དང་རི་སྐྱེས་སྲོག་ཆགས་ལ་ལྟ་དཔྱད་བྱེད་པར་ཁྲིད་པ་སོགས་ལས་ལོ་གཅིག་ནང་ཁོ་པར་ཡོང་འབབ་མང་པོ་རག་གི་ཡོད་པ་རེད།
    “ང་ནི་སྐྱེ་ཁམས་བདག་སྐྱོང་བ་ཞིག་ཡིན་པ་དང་། 2019ལོར་རང་བྱུང་མྱོང་ལེན་གྱི་སྣེ་ལེན་བྱེད་མཁན་ཁྱིམ་ཚང་ཞིག་ཏུ་གྱུར་པ་དང་། དེའི་ཐོག་སྐྱེ་ཁམས་བདག་སྐྱོང་བའི་ཡོང་འབབ་སྒོར་ཁྲི་2.16བསྣན་ན་ལོ་གཅིག་གི་ཡོང་འབབ་སྒོར་ཁྲི་15ཙམ་ཟིན་གྱི་འདུག ང་ཚོའི་ཁྱིམ་ཚང་གི་འཚོ་བའང་ཡག་ཏུ་ཕྱིན་སོང”ཞེས་པད་མ་དབང་གྲགས་ཀྱིས་བརྗོད།
    སྣེ་ཤན་པ་མ་བྱས་གོང་། པད་མ་དབང་གྲགས་ཁྱིམ་གྱི་ཡོང་སྒོ་ཕྱུགས་རིགས་ཁོ་ནར་བརྟེན་དགོས་པས་འཚོ་བ་འཁྱོལ་ཙམ་ལས་མེད།
    དེ་སྔ་ས་ཐག་རིང་བ་དང་། ཆ་འཕྲིན་ཤར་གཏོང་མི་ཐུབ་པ། ཐོན་སྐྱེད་རྐྱང་པ་བཅས་ཡིན་པ་ལས་གནས་མདོ་གྲོང་ཚོའི་འབྲོག་པ་ཚོའི་འཚོ་བའི་ཆུ་ཚད་མཐོ་པོ་མེད་ཅིང་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཡི་གྲོང་ཚོ་དབུལ་པོའི་གྲས་ཤིག་རེད།
    2019ལོར་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་ནང་བཅུག་པའི་རྣམ་སྲས་ཤང་ལ་གོ་སྐབས་འཕྲད་ཡོད། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་དང་རང་བྱུང་སྲུང་སྐྱོང་སྒྲིག་གཞི་མཉམ་ལས་བྱས་ནས་རྣམ་སྲས་གྲོག་རོང་ཆེ་མོའི་རང་བྱུང་མྱོང་རོལ་གྱི་དམིགས་བསལ་ཆོག་འཐུས་གཉེར་སྐྱོང་ཚོད་ལྟ་ལག་བསྟར་བྱ་རྒྱུའི་གཏན་འཁེལ་བྱས་པ་རེད། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དང་ས་གནས་དེ་གའི་སྲིད་གཞུང་གིས་གནས་མདོ་གྲོང་ཚོར་རེས་སྐོར་མང་པོའི་གཅིག་སྡུད་གསོ་སྦྱོང་བྱེད་པ་དང་སྐྱེ་ཁམས་ཆེད་ལས་མཁས་དབང་གིས་འབྲོག་པ་ཚོར་རི་སྐྱེས་སྲོག་ཆགས་ཀྱི་ཤེས་བྱ་དང་། ཕྱི་རོལ་ཡུལ་དུ་དོ་སྣང་བྱེད་དགོས་པ་སོགས་ཀྱི་ཤེས་བྱ་དང་རྩལ་ནུས་བསླབ་པར་བརྟེན། སྐྱེ་ཁམས་ཤེས་བྱ་ཁོང་དུ་ཆུད་པའི་འབྲོག་པས་རྒྱལ་ཁབ་ཕྱི་ནང་གི་གཞི་ཁྱོན་ཆུང་བའི་སྐྱེ་ཁམས་ཡུལ་སྐོར་བར་སྣེ་ལེན་ཞུ་གི་ཡོད་པ་རེད།
   ཡུལ་སྐོར་བ་ཚོས་གྲོས་མཐུན་ལ་མིང་རྟགས་བཀོད་ནས་སྐྱེ་ཁམས་སྲུང་སྐྱོང་བྱ་སྤྱོད་ཀྱི་ཚད་གཞི་རབ་དང་རིམ་པར་བརྩི་སྲུང་བྱེད་དགོས་ཀྱི་ཡོད། ཁོ་ཚོས་ས་གནས་ས་ཐོག་ནས་མཛེས་སྡུག་ལྡན་པའི་གྲོག་རོང་གི་མཛེས་ལྗོངས་ལ་ལྟ་སྐོར་དང་རི་སྐྱེས་སྲོག་ཆགས་ཀྱི་རྐང་རྗེས་འཚོལ་ཞིབ་བྱས་ནས་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་ཀྱི་ངོ་མཚར་མྱོང་རོལ་ཐུབ་ཀྱི་ཡོད། གནས་མདོ་གྲོང་ཚོའི་འབྲོག་པ་ཚོས་ཁོ་ཚོར་བཟའ་བཅའ་དང་སྡོད་ས་མཁོ་འདོན་དང་སྣེ་ཤན་བྱེད་པ་སོགས་བརྒྱུད། གྲོང་མི་ཚོར་ཡོང་འབབ་རག་གི་ཡོད།
   “2019ལོར་ང་ཚོར་དམིགས་བསལ་ཆོག་འཐུས་གཉེར་སྐྱོང་དངུལ་འབོར་སྒོར་ཁྲི་60ལྷག་ཙམ་རག་པ་དེའི་ནང་45%སྣེ་ལེན་ཁྱིམ་ཚང་ལ་སྤྲད་པ་དང་། 45%གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ལ་སྤྲད་ནས་སྡེ་ཁུལ་འཕེལ་རྒྱས་དང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་རོགས་རམ་བྱ་རྒྱུར་སྤྱོད་ཀྱི་ཡོད། 10%གསའ་འཕེལ་རྒྱས་ཀྱི་སྲུང་སྐྱོང་ཐེབས་རྩར་སྤྲད་ཡོད། ཡོང་འབབ་མང་དུ་སོང་རྗེས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་སོང”ཞེས་རྣམ་སྲས་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཚེ་དབང་རྡོ་རྗེས་བཤད།
   དམིགས་བསལ་ཆོག་འཐུས་གཉེར་སྐྱོང་ལག་བསྟར་བྱས་ཚུན། འབྲོག་པ་ཁག་གཅིག་གིས་རང་འགུལ་ངང་སྐྱེ་ཁམས་རིགས་གཅིག་མཁས་ཅན་གྱི་ས་ནས་སློབ་སྦྱོང་བྱས་ཏེ། ཤེས་བྱ་མི་ཉུང་བ་ཞིག་སྦྱངས་ཡོད་པས་སྐྱེ་ཁམས་བདག་སྐྱོང་བར་གྱུར་ཡོད། ཁོ་ཚོས་ཉེ་འཁོར་སྲོག་ཆགས་ཀྱི་རྐང་རྗེས་དང་སྲོག་ཆགས་ཀྱི་བྲུན་ལ་ལྟ་ཞིབ་བྱེད་སྟངས་རིམ་གྱིས་ཤེས་པ་དང་ཟིན་དེབ་ཏུ་རི་སྐྱེས་སྲོག་ཆགས་ཐོན་སའི་གནས་དང་བྱེད་སྒོའི་ལམ་ཐིག་བཀོད་ནས་སྐྱེ་ཁམས་སྲུང་སྐྱོང་ཐད་རང་ནུས་བཏོན་ཐུབ་པ་བྱེད་ཀྱི་ཡོད།
   སྲིད་གཞུང་གིས་ལག་བསྟར་བྱས་པའི་གསར་གཏོད་རང་བཞིན་གྱི་བྱེད་ཐབས་ལ་བརྟེན་ནས་ས་གནས་དེ་གའི་མང་ཚོགས་ལ་སྐྱེ་ཁམས་ཀྱི་ཕན་པ་ཐོབ་ཡོད་ཅིང་། དབུལ་སྒྲོལ་ཕྱུག་འགྱུར་དང་སྐྱེ་ཁམས་སྲུང་སྐྱོང་བྱ་རྒྱུ་དེ་ས་གནས་དེ་གར་ཟུང་འབྲེལ་ཡག་པོ་ཐུབ་ཡོད།
    གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་ཚོད་ལྟའི་ཁྱབ་ཁོངས་ནང་འཚོ་སྡོད་བྱེད་མཁན་མང་ཆེ་བ་བོད་རིགས་ཡིན་པ་དང་། ལོ་ངོ་སྟོང་ཕྲག་གོང་ནས་ཁོ་ཚོས་སྲོལ་རྒྱུན་གྱི་འབྲོག་ལས་ལ་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད། ད་ཆ་པད་མ་དབང་གྲགས་དང་འདྲ་བར་དམིགས་བསལ་ཆོག་འཐུས་གཉེར་སྐྱོང་སོགས་ཀྱི་ཐབས་ལ་བརྟེན་ནས་ཁེ་ཕན་ཐོབ་པའི་འབྲོག་པ་ཇེ་མང་དུ་སོང་བ་དང་ཁོང་ཚོར་སྣ་མང་ཅན་གྱི་ཡོང་འབབ་ལེན་རྒྱུ་ཡོད་པས་རྒྱལ་ཁབ་སྤྱི་གླིང་གི་ལྟ་སྲུང་བར་གྱུར་ཡོད།
   “རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱ་རྒྱུ་ནི་ང་ཚོ་འབྲོག་པ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བ་དང་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པའི་གོ་སྐབས་བཟང་པོ་ཞིག་རེད”ཅེས་པད་མ་དབང་གྲགས་ཀྱིས་བརྗོད།(http://tibet.people.com.cn/15836153.html)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1