ལི་ཁེ་ཆང་གིས་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ལུས་རྩལ་བཅས་ལས་རིགས་ཀྱི་མི་སྣ་དང་གཞི་རིམ་འཐུས་མིའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 01-27


        འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་25ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས་སློབ་གསོ་དང་། ཚན་རིག རིག་གནས། འཕྲོད་བསྟེན། ལུས་རྩལ་བཅས་ལས་རིགས་ཀྱི་མི་སྣ་དང་གཞི་རིམ་གྱི་འཐུས་མིས་སྲིད་གཞུང་ལས་དོན་སྙན་ཞུ་དང་། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པ་དང་སྤྱི་ལོ་2035ལོའི་རྒྱང་རིང་དམིགས་འབེན་རྩ་གནད་འཆར་ཟིན་གྱི་བསམ་འཆར་བསྡུ་ལེན་མ་ཟིན་གཉིས་ཀྱི་བསམ་འཆར་དང་གྲོས་འགོ་གསན་གནང་ཡོད།
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་གྲོས་ཚོགས་ལ་ཞུགས་གནང་ཡོད།
        གྲོས་ཚོགས་ཐོག འཐུས་མི་བདུན་གྱིས་གཏམ་བཤད་གནང་ཡོད། ལི་ཁེ་ཆང་གིས། ན་ནིང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་གསལ་དོད་པོ་བྱུང་ནས། མི་དམངས་རྩ་བའི་རྩེ་ལ་འཇོག་པའི་འདུ་ཤེས་མངོན་པ་དང་མི་དམངས་མང་ཚོགས་ཀྱི་སྟོབས་ཤུགས་ཆེན་པོ་མངོན་ཡོད། མི་དམངས་མང་ཚོགས་ནི་འཕེལ་རྒྱས་དང་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཡིན་པས། མི་དམངས་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་དང་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ། རྒྱལ་ཁབ་འཕེལ་རྒྱས་སྔར་ལས་ཡག་པ་དང་མང་ཚོགས་ལ་ཕན་པ་དངོས་སྔར་བས་མང་བ་ཐོབ་པ་བྱེད་དགོས་ཞེས་གསུངས་ཡོད།
        ལི་ཁེ་ཆང་གིས། འོས་འགན་སློབ་གསོའི་ཞན་ཆ་གསབ་རྒྱུར་ཤུགས་སྣོན་རྒྱག་པ་དང་། རྩིས་རིག་དང་དངོས་ཁམས་སོགས་རྨང་གཞིའི་རིག་ཚན་ལ་མཐོང་ཆེན་སྔར་ལས་ལྷག་པ་བྱེད་པ། སློབ་མའི་རྨང་གཞིའི་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་བརྟན་དུ་གཏོང་བ། རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ། ཚན་རྩལ་གྱི་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས་ཚན་ཞིབ་མི་སྣའི་གསར་གཏོད་ནུས་པ་སྔར་བས་ཆེ་བ་འཕེལ་བ་བྱེད་དགོས། གཞོན་ནུ་ལོ་ཆུང་ལ་གཞི་རྩའི་སྦྱོང་བརྡར་བྱ་རྒྱུར་དོ་སྣང་བྱས་ནས་ཤེས་ལྡན་མི་སྣའི་རྨང་གཞི་བརྟན་དུ་གཏོང་དགོས། ཀྲུང་ཧྭ་ཡི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་བཏང་སྟེ་བསམ་བློར་བག་ཆགས་བཟང་པོ་ཐེབས་སུ་འཇུག་པ་དང་བསམ་བློའི་བློ་སྒོ་འབྱེད་ཐུབ་པའི་བརྩམས་ཆོས་ཡག་པོ་དེ་བས་མང་བ་བཏོད་དེ་མང་ཚོགས་ཀྱི་རིག་གནས་དགོས་མཁོ་སྐོང་བ་བཅས་བྱ་དགོས་ཞེས་གསུངས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1