ལྷ་སའི་མི་སྣ་འདི་ཚོར་ཏོག་གསར་གློ་ཚད་ཀྱི་འགོག་ཁབ་རྒྱག་མགོ་བརྩམས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 01-28



            ཟླ་དང་པོའི་ཚེས25ཉིན་གྱི་ཕྱི་དྲོར། གསར་འགོད་པས་ཁྲེང་ཀོན་ཆུས་ཀུན་བདེ་གླིང་ཁྲོམ་གཞུང་དོན་གཅོད་ཁྲུའུ་ཡི་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་སུ་ལྷ་ས་གྲོང་ཁྱེར་སྤྱི་པའི་འགྲིམ་འགྲུལ་ཚོགས་པ་ཚད་ཡོད་ཀུང་སིས་ལས་བྱེད་པ་དང་ལས་བཟོ་བ་རྩ་འཛུགས་བྱས་ནས་ཏོག་གསར་གློ་ཚད་རིམས་ནད་ཀྱི་འགོག་ཁབ་རྒྱག་བཞིན་ཡོད་པ་མཐོང་། 
            སྤྱི་པའི་འགྲིམ་འགྲུལ་ཚོགས་པ་ནི་ཞབས་ཞུ་རྣམ་པའི་ལས་རིགས་ཤིག་ཡིན་སྟབས་རིམས་ནད་འགོས་པའི་ཉེན་ཁ་ཅུང་ཆེ་ཞིང་། ཚོགས་པས་ད་དུང་རླངས་འཁོར་འགྲུལ་སྐྱེལ་ས་ཚིགས་དང་། གླ་གཏོང་རླངས་འཁོར་ཀུང་སི། སྤྱི་སྤྱོད་རླངས་འཁོར་ཀུང་སི་སོགས་ཡན་ལག་ཀུང་སིའི་ལས་བྱེད་པ་དང་ལས་མིར་ཏོག་གསར་གློ་ཚད་རིམས་ནད་ཀྱི་འགོག་ཁབ་རྒྱག་བཞིན་ཡོད་ཅིང་། མིག་སྔར་ཁྱོན་བསྡོམས་ལས་བཟོ་བ་མི127ལ་འགོག་ཁབ་བརྒྱབ་པ་རེད།

            འབྲེལ་ཡོད་ལས་དོན་མི་སྣས་བརྗོད་དོན། སྤྱི་སྤྱོད་རླངས་འཁོར་གྱི་ཁ་ལོ་བའི་ལས་རིགས་དང་སྤྱི་ཚོགས་དབར་འབྲེལ་འདྲིས་མང་བས། ཏོག་གསར་གློ་ཚད་རིམས་ནད་ཀྱི་འགོག་ཁབ་བརྒྱབ་ཚེ་ཚད་ངེས་ཅན་ཞིག་གི་ཐོག་ནས་རིམས་ནད་འགོས་པའི་ཉེན་ཁ་ཆུང་དུ་གཏོང་ཐུབ་པ་མ་ཟད། ལྷ་ས་གྲོང་ཁྱེར་གྱི་སྤྱི་པའི་འགྲིམ་འགྲུལ་ལ་སྔར་ལས་ལྷག་པའི་སྒོ་ནས་ཞབས་འདེགས་ཞུ་ཐུབ་ཅེས་བཤད།
            འདིར་རྩོམ་སྒྲིག་པས་ཀྱང་ཚང་མར་གསལ་འདེབས་ཞུ་རྒྱུ་ཞིག་ལ། གླ་གཏོང་རླངས་འཁོར་དང་སྤྱི་སྤྱོད་རླངས་འཁོར་སོགས་སྤྱི་པའི་འགྲིམ་འགྲུལ་ནང་སྡོད་སྐབས་ངེས་པར་དུ་སོ་སོ་སྒེར་གྱིས་འགོག་སྲུང་ཡག་པོ་བྱས་ཏེ། བརྒྱུད་རིམ་ཧྲིལ་པོར་ཁ་རས་རྒྱག་དགོས། འདི་ནི་རང་གཞན་ཀུན་ལ་འགན་འཁུར་བའི་བྱ་སྤྱོད་ཅིག་རེད། 

            ལྷ་ས་གྲོང་ཁྱེར་གྱིས་ཏོག་གསར་གློ་ཚད་ཀྱི་འགོག་ཁབ་རྒྱག་མགོ་ཚུགས་པ་ནས་བཟུང་། གཙོ་གནད་མི་ཚོགས་རིགས9ལ་དམིགས་ནས་འགོག་ཁབ་རྒྱག་པའི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་ཁྲེང་ཀོན་ཆུས་སུ་ཁྱོན་བསྡོམས་ཏོག་གསར་གློ་ཚད་རིམས་ནད་ཀྱི་འགོག་ཁབ་རྒྱག་ཡུལ་ས་ཚིགས14བཙུགས་ཡོད་པ་དང་། ཁྲེང་ཀོན་ཆུས་ཀྱི་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས12དང་ཚལ་གུང་ཐང་ཤང་འཕྲོད་བསྟེན་ཁང་། རྔ་ཆེན་ཤང་འཕྲོད་བསྟེན་ཁང་བཅས་སུ་འགོག་ཁབ་རྒྱག་ཆོག་པ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1