འཇར་མན་རྒྱལ་སྲུང་པུའུ་ཡིས་སྨན་བཅོས་རུ་ཁག་མངག་ནས་ཕུའུ་ཐའོ་ཡཱའི་རིམས་ནད་འགོག་བཅོས་ཐད་རོགས་སྐྱོར་བྱེད་རྒྱུ་རེད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 02-02


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཇར་མན་རྒྱལ་སྲུང་པུའུ་ཡིས་ཚེས་གཅིག་ཉིན་ཁྱབ་སྒྲོག་བྱས་དོན། ཕུའུ་ཐའོ་ཡཱ་རྒྱལ་ཁབ་ལ་མི་ཉེར་དྲུག་གིས་གྲུབ་པའི་སྨན་བཅོས་རུ་ཁག་ཅིག་མངག་ནས། ཕུའུ་ཐའོ་ཡཱ་ཡིས་ཛ་དྲག་ཆེ་བའི་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱེད་པར་རོགས་རམ་བྱེད་རྒྱུ་ཡིན་ཟེར། 
        འཇར་མན་རྒྱལ་སྲུང་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། སྨན་བཅོས་རུ་ཁག་དེས་འབྱིན་རྔུབ་ཡོ་བྱད་ལྔ་བཅུ་དང་སྟབས་བདེའི་ནད་ཁྲི་བརྒྱ་དང་ལྔ་བཅུ་སོགས་སྒྲིག་ཆས་ཁྱེར་ནས་ཕུའུ་ཐའོ་ཡཱའི་རྒྱལ་ས་ལི་སི་མུའུ་རུ་སོང་ནས། གཙོ་བོ་ལི་སི་མུའུ་ཡི་སྨན་ཁང་གཅིག་ལ་རོགས་སྐྱོར་བྱེད་རྒྱུ་རེད། ཐོག་མའི་ཚོད་དཔག་ལྟར་ན། ཐེངས་འདིའི་རོགས་སྐྱོར་འགུལ་སྐྱོད་དེ་ཉིན་ཉེར་གཅིག་འགོར་རྒྱུ་རེད་ཟེར། 
        འཇར་མན་གྱི་རྒྱལ་སྲུང་བློན་ཆེན་ཁཱ་ལོན་པའོ་ཨར་གྱིས་གསལ་སྒྲོག་ལས་བཤད་རྒྱུར། རིམས་ནད་ཛ་དྲག་ཆེ་བའི་དབང་གིས་ཕུའུ་ཐའོ་ཡཱ་ཆེས་དཀའ་སྡུག་གི་དུས་སྐབས་སུ་གནས་ཡོད། རིམས་ནད་ལས་འཇར་མན་གྱི་སྨན་བཅོས་མ་ལག་ལའང་འགྲན་རྩོད་ཆེན་པོ་བསླངས་ཡོད་ཀྱང་། སྐབས་འདིའི་ཡོ་རོབ་གླིང་མནའ་འབྲེལ་ལ་མཚོན་ན། མཐུན་སྒྲིལ་ནི་མེད་དུ་མི་རུང་བ་ཞིག་ཡིན་པས། འཇར་མན་གྱིས་ངེས་པར་དུ་རོགས་སྐྱོར་བྱེད་དགོས་ཟེར། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1