ཀྲུང་གོའི་ལྷོ་ནུབ་མཐའ་མཚམས་ཀྱི་རྫ་ཡུལ་དུ་བསྐྱོད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 02-02



   མཐོ་སྒང་གི་གྲང་ལྷག་མེད་པས་དགུན་དུས་ཀྱི་བོད་ལྗོངས་ཉིང་ཁྲི་རྫ་ཡུལ་ཆུ་བོའི་སྟོད་རྒྱུད་གྲོང་རོང་དུ་བསིལ་རླུང་ལྡང་ཞིང་། ངོགས་གཉིས་ཀྱི་ནགས་ཚལ་སྔོ་ལྗང་ལྗང་དང་། ཀྲོང་ངེར་འགྱིང་བའི་གངས་རི་གནམ་ལ་ཐུག་འདུག  བོད་རིགས་དང་ལྷོ་པ་རིགས། རྒྱ་རིགས་སོགས་མི་རིགས་10དང་གཏིང་པ་དང་བཅས་འཆམ་མཐུན་ངང་ཉེ་འཁོར་གྱི་གྲོང་ཚོར་འཚོ་བ་སྐྱིད་པོར་རོལ་ནས་ཡོད། 
   ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་ནི་ཀྲུང་གོའི་ལྷོ་ནུབ་མཐའ་མཚམས་སུ་ཆགས་ཤིང་། ལྷོ་འབར་མ་དང་རྒྱ་གར་དང་འབྲེལ་ཡོད། “འདི་གའི་ས་བབ་དམའ་པོ་ཡོད་པས། བོད་དུ་ཆུ་འབྲས་འདེབས་ཐུབ་སའི་གྲས་ཤིག་ཡིན་པ་མ་ཟད། ནགས་ཚལ་གྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་ཀྱང་རི་སྐྱེས་ཤ་མོ་དང་། ཕོ་སུལ་སྲིན། ཤ་མོ་རག་ཆེན་སོགས་ཐོན་གྱི་ཡོད”ཅེས་ཟླ་1ཚེས་28ཉིན་རྫ་ཡུལ་རོང་སྟོད་གྲོང་རྡལ་རོང་ཡུལ་གྲོང་ཚོའི་གྲོང་མི་ཨ་ཏིས་གསར་འགོད་པར་ངོ་སྤྲོད་བྱས་པ་རེད། 
   ཀྲུང་གོ་ཏཱ་ཐང་ཚོགས་པ་ཚད་ཡོད་ཀུང་སི་བོད་ལྗོངས་ཡན་ལག་ཀུང་སིའི་སྡེ་ཁག་དང་པོའི་འགན་འཁུར་བ་ལིའུ་ཆིང་གིས་2011ལོར་ཁོང་གིས་ཀུང་སིའི་ཚབ་ཞུས་ཏེ་རྫ་ཡུལ་གྱི་རོང་ཡུལ་གྲོང་ཚོར་རོགས་སྐྱོར་ལ་བསྐྱོད་པ་ཡིན། ཁོང་གིས་ས་ཁམས་དང་། འགྲིམ་འགྲུལ། ཆ་འཕྲིན་སོགས་ཀྱིས་རྐྱེན་པས་དེ་གའི་ཕུན་སུམ་ཚོགས་པའི་ཐོན་རྫས་ཀྱིས་གྲོང་མི་ཚོར་ལག་ཐོག་ཡོང་འབབ་རག་ཁག་པོ་ཡོད་པ་ཤེས་རྟོགས་བྱུང་བ་དང་། སྐབས་དེ་དུས་གྲོང་མི་མང་ཆེ་བའི་འཚོ་བ་འབྱོར་ཕྱུག་དེ་ཙམ་མེད།
   “ང་ལ་བག་ཆགས་ཟབ་མོ་ཞིག་བྱུང་བ་ནི་གྲོང་མི་ཚོས་སྐབས་དེ་དུས་ད་དུང་རྨོ་ཕྱུགས་སྤྱད་ནས་ཞིང་འདེབས་ཀྱི་ཡོད་པས། ཐོན་སྐྱེད་བྱེད་སྟངས་ད་དུང་རྗེས་ལུས་ཡིན”ཞེས་བཤད། ལིའུ་ཆིང་གིས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་དོན་དངོས་ལ་གཞིགས་ནས་དམིགས་སའི་རང་བཞིན་གྱི་རོགས་སྐྱོར་འཆར་གཞི་བཟོས་པ་དང་ཆབས་ཅིག་གྲོང་ཚོར་གཞུང་ལམ་བཟོས་པ་དང་། རི་ཁུལ་དུ་སྤྱོད་རྒྱུར་འཚམ་པའི་རྨོ་འདེབས་སྒྲིག་ཆས་ཆུང་གྲས་སོགས་མཁོ་འདོན་བྱས་ནས་ས་གནས་དེ་གའི་ཐོན་སྐྱེད་ལས་ཕྱོད་ཆེ་རུ་བཏང་ཡོད་ཟེར།
   ཉེ་བའི་ལོ་ཤས་རིང་། བོད་ལྗོངས་གཞུང་ཕྱོགས་ཀྱིས་ཀྱང་རྫ་ཡུལ་དང་། མེ་ཏོག་དང་མཚོ་སྣ་སོགས་མཐའ་མཚམས་རྫོང་གི་མང་ཚོགས་ཀྱི་ཁ་གསབ་མཐོ་རུ་བཏང་ཞིང་། སྲིད་ཇུས་རང་བཞིན་གྱི་ཡོང་འབབ་ནི་ས་གནས་དེ་གའི་མང་ཚོགས་ཀྱི་འཚོ་བའི་མཐའ་སྐྱོང་དང་དབུལ་སྒྲོལ་གྱི་ཡོང་འབབ་ཡོང་ཁུངས་གཙོ་བོའི་གྲས་ཤིག་ཏུ་གྱུར་ཡོད། རིམ་སྤེལ་རོགས་སྐྱོར་དང་། ཁ་གསབ་རོགས་དངུལ། ཁྱད་ལྡན་ཐོན་ལས་འཕེལ་རྒྱས། ངལ་ནུས་ཕྱིར་གཏོང་སོགས་ཀྱི་བྱེད་ཐབས་སྤྱད་པ་དེས་བོད་ཀྱི་རྫ་ཡུལ་སོགས་མཐའ་མཚམས་ས་ཁུལ་གྱི་མང་ཚོགས་ཉིན་བཞིན་ཕྱུག་ཏུ་ཕྱིན་ཡོད། 
   “ང་ཚོའི་གྲོང་ཚོར་དུད་ཚང་50ལྷག་ཙམ་ཡོད་ཅིང་། མིག་སྔར་སློབ་ཆེན་སློབ་མ་18ཡོད་པའི་ཁར་སློབ་གྲྭ་ཐོན་ཟིན་པ་དང་ལས་ཀ་བྱེད་མཁན་སློབ་ཆེན་སློབ་མ་21དང་ཁྱོན་མི39ཡོད་པས། ཕལ་ཆེར་དུད་ཚང་ཚང་མར་སློབ་ཆེན་སློབ་མ་ཡོད།”  སུང་ལིན་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་འཕྲིན་ལས་ཀྱིས་བཤད་ཅིང་། གྲོང་ཚོའི་ནང་ལོ་མང་བསྟུད་མར་སློབ་མཚམས་འཇོག་པའི་གནས་ཚུལ་ཐོན་མེད། 
   ཁོང་གིས་གཞོན་རབས་རྫ་ཡུལ་བས་མཐོ་རིམ་སློབ་གསོ་དང་ལེན་བྱས་ཚེ། མི་རབས་ནས་མི་རབས་བར་དབུལ་ཕོངས་བརྒྱུད་མཐུད་ཡོང་བ་ནུས་ལྡན་ངང་འགོག་ཐུབ་པ་དང་། ས་ཁུལ་དེ་གའི་ཕུགས་ཀྱི་འཕེལ་རྒྱས་ལའང་ཕན་པ་ཡོད་པའི་ངོས་འཛིན་བྱས་ཡོད།
   ལོ་23ལ་སླེབས་པའི་འོད་གཡང་ནི་གཏིང་པ་ཞིག་ཡིན་པ་དང་། 2020ལོར་སློབ་ཆེན་ནས་ཐོན་རྗེས་རྫ་ཡུལ་དུ་ལོག་ནས་གཏིང་པ་འདུས་སྡོད་ཁུལ་གྱི་ཤིས་པ་གྲོང་ཚོར་ཚན་རྩལ་ཆེད་མངགས་པའི་ལས་འགན་འཁུར་གྱི་ཡོད། ཁོ་མོས་རང་ཉིད་ཀྱི་ལས་ཀ་གཙོ་བོ་ནི་གྲོང་མི་ཚོར་ཚན་རིག་ཁྱབ་གདལ་གྱི་སློབ་གསོ་བཏང་ནས་གྲོང་ཚོའི་འཛུགས་སྐྲུན་ལ་ཐབས་འདོན་ཇུས་འབུལ་བྱ་རྒྱུ་དེ་ཡིན་ཞེས་བཤད་པ་རེད། 
   འོད་གཡང་ནི་གྲོང་ཚོའི་ནང་གི་སློབ་ཆེན་སློབ་མ་དང་པོ་དེ་མིན་ན་ཡང་རང་འགུལ་ངང་གྲོང་ཚོར་ལོག་ནས་ལས་ཀ་བྱེད་མཁན་དང་པོ་རེད། འོད་གཡང་གིས“ང་ལས་ཀར་ཞུགས་པའི་དུས་ཚོད་རིང་པོ་མིན་ན་ཡང་། རང་ཉིད་ཀྱི་ནུས་པར་བརྟེན་ནས་ཕ་ཡུལ་འཕེལ་རྒྱས་དང་གྲོང་མིའི་འཚོ་བ་འབྱོར་ཕྱུག་ཡོང་རྒྱུར་རོགས་རམ་བྱེད་ཐུབ་པས། རང་ཉིད་ཀྱི་གདམ་ག་དེ་ནོར་མེད་བསམ་གི་ཡོད”ཅེས་བཤད། (http://tibet.people.com.cn/15836676.html)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1