དགུན་ཟླ་བར་མའི་ཁ་བའི་འཇིག་རྟེན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བའི་བོད་ཡིག་གསར་འགྱུར། སྤེལ་དུས། 02-04



    སྤྱི་ཟླ་2ཚེས་1ཉིན། ཧུང་ཡོན་སྐ་གཞུང་ཁུག་སོ་འདི་ཡང་བསྐྱར་དངུལ་དཀར་གྱི་ཁ་བའི་འཇིག་རྟེན་ཆུང་ཆུང་ཞིག་ཏུ་གྱུར། སྤྱིར་མདོ་དབུས་མཐོ་སྒང་གི་ས་གནས་གང་དུ་ཡང་དུས་བཞིའི་གནམ་གཤིས་ཀྱི་འགྱུར་བ་ཧ་ཅང་རྒོད་ལ་འབབ་ཞོད་དེ་ལས་ཀྱང་རྒྱུན་ལྡན་དུ་སྣང་ནའང་། དེ་རིང་ནི་ཐེངས་སྔོན་མ་དག་དང་མི་འདྲ་བར། ད་ལོའི་དགུན་ཁར་ཁ་བ་ཡུན་རིང་མ་བབས་པའི་རྐྱེན་ནམ་ཡང་ན་འོས་འཚམས་རན་པའི་དུས་ཚིགས་རང་བཞིན་གྱི་ཁ་བའི་བདུད་རྩི་འབྱོ་བ་གང་ཡིན་ཆ་མ་འཚལ་མོད། ངེད་གསར་འགོད་པ་ཚོ་ཞོགས་པའི་སྐྱ་རེངས་དུས་ཀྱི་སྐྱ་མདའ་དང་མཉམ་དུ་ཉིན་གཅིག་གི་ལས་ཀའི་སྐྱོ་ངལ་སྤངས་ཏེ་ཁ་བའི་དག་ཞིང་དུ་བསྐྱོད།
    འདི་ལྟར། ང་ཚོས་བརྙན་ཆས་བཟུང་སྟེ་འབྲོག་ཁུལ་སྤང་ལྗོངས་ཆེན་མོ་འདིའི་རི་ལུང་དང་གྲོང་བར། སྲང་ལམ་དང་རུ་སྡེ་སོ་སོའི་ལམ་ཁ་བརྒྱུད་དུས། ཁ་བ་སྔར་བཞིན་ལྷབ་ལྷུབ་དུ་འབབ་ཀྱིན་འདུག་ཅིང་ཞོགས་པའི་གནམ་གཤིས་འཁྱག་པའི་དབང་གིས་མཐའ་འཁོར་ཡུལ་ནི་རབ་དཀར་སྲིང་བལ་གྱི་མལ་ཆས་གྱོན་པའི་རྒན་པོ་ཞིག་བག་ཉལ་བྱས་པ་དང་འདྲ་བར་སྐྱ་ཐིང་ངེར་ལྷིང་འཇགས་ངང་གནས་འདུག འོན་ཏེ། གད་བདར་བ་ཚོ་དང་འགྲིམ་འགྲུལ་དོ་དམ་ཁང་གི་ལས་བྱེད་དག་ནི་དེ་ལས་ལྡོག་སྟེ། ཞོགས་པའི་སྐྱ་རེངས་དང་འགྲོགས་ནས་རང་རང་གི་ལས་གནས་སུ་འབྱོར་ཡོད་པ་དང་། ཁ་བའི་ཁྲོད་དུ་སྟབས་མི་བདེ་བའི་གོམ་འགྲོས་འཁྱར་འཁྱོར་དེས་ལམ་ཁུག་རེ་རེ་བཞིན་ཅི་ནུས་གང་འཚམས་སྒོས་གད་བདར་བྱེད་བཞིན་འདུག་པར་མ་ཟད། དེང་རབས་ཁ་འདེད་འཕྲུལ་འཁོར་ཁག་གཅིག་ཀྱང་སྲང་བར་དག་ན་བྲེལ་འཚུབ་ཀྱིས་རྒྱུ་བཞིན་འདུག མི་རེ་རེའི་ཚེ་སྲོག་བདེ་འཇགས་དང་རང་ཉིད་དང་ཁྱིམ་ཚང་གི་བདེ་སྐྱིད་དོན་དུ། ལས་ཀ་བ་འདི་ཚོས་ཆེས་སྤྱིར་བཏང་གི་ལས་གནས་ཞིག་ཏུ་ཆེས་སྤྱིར་བཏང་མིན་པའི་ལས་ཀ་ཁག་པོ་ཞིག་ཕྲག་གིས་འཁུར་གྱིན་པ་འདི་དོན་ཆུང་ཞིག་ག་ལ་ཡིན་ཨང་།

    འདི་ལྟ་བུའི་ཁ་བ་ནི་འབྲོག་པའི་ཕྱུགས་རྫི་ཚོར་མཚོན་ན་ནོར་ལུག་ལ་གནོད་པའི་ལས་ཀ་དཀའ་མོ་ཞིག་ཡིན་ཀྱང་རོང་བའི་སོ་ནམ་པར་མཚོན་ན་དཔྱིད་ཀྱི་རྨོ་འདེབས་ལ་འཚམས་པའི་རྟེན་འབྲེལ་གྱི་འབབ་ཞོད་ཅིག་ཡིན་འདུག  རྒྱུས་ལོན་བྱས་པ་ལྟར་ན། ཐེངས་འདིར་འགྲིམ་འགྲུལ་དང་འབྲོག་ལས། གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བ་གང་ལའང་ཤུགས་རྐྱེན་ངན་པ་ཅི་ཡང་ཐེབས་མེད་པའི་ཁར། ཤར་རིའི་ཉི་འོད་ཀྱི་བྱམས་བརྩེའི་ཟེར་རྒྱས་ས་གཞི་ཡོངས་ལ་བྱིལ་བྱིལ་ལན་ཙམ་བྱས་པ་དང་བསྟུན་ནས། དངུལ་དཀར་གྱི་འཇིག་རྟེན་འདི་མིག་མདངས་འཕྲོག་པའི་སྨན་ཤར་གཞོན་ནུ་མ་ཞིག་དང་འདྲ་བར་སྔར་ལས་མཛེས་སྡུག་ལྡན་ལ་དཀར་ཆེམ་ཆེམ་ངང་སྒེག་ཉམས་ངང་གནས་ཡོད་དོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1