མཛོད་དགེའི་ངང་མཚོའི་མཛེས་ལྗོངས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 02-07


    རྨེ་ཆུ་ཡུལ་ཚོ་ནི་སི་ཁྲོན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་མཛོད་དགེ་རྫོང་གི་བྱང་སྣེ་རུ་ཆགས་ཡོད་ཅིང་། ལོ་ལྟར་དགུན་དུས་སུ་སྤྱི་ལེ་སུམ་སྟོང་ལྷག་ཡོད་པའི་མོང་གོལ་རྒྱལ་ཁབ་ནས་ངང་པའི་ཁྱུ་ཚོགས་འདམ་ས་འདིར་དགུན་སྐྱེལ་བར་ཡོང་སྲིད། ངང་པ་ཆེན་པོ་འདི་དག་མདོག་དཀར་ལ་གཟུགས་མཛེས་ཤིང་། རྒྱང་ནས་བལྟས་ཚེ་མཚོ་ནང་གི་གྲུ་གཟིངས་ཆུང་ཆུང་དང་འདྲ་ལ། ས་གནས་དེ་གའི་བོད་ཀྱི་ལོ་གསར་སྔ་གཞུག་ཏུ་ཐུན་མོང་མ་ཡིན་པའི་ལྟད་མོ་ཞིག་ཏུ་གྱུར་ཡོད། 

   “ངང་པ་བབས་པའི་དབང་གིས། ང་ཚོས་ས་ཆ་འདི་ལ་ངང་མཚོ་འབོད་ཀྱིན་ཡོད།” ཚེས་2ཉིན། འདམ་སའི་འགྲམ་གྱི་རྨེ་ཆུ་ཡུལ་ཚོའི་བོ་ཚང་གྲོང་ཚོའི་གྲོང་མི་ཚེ་རིང་བཀྲ་ཤིས་དུས་རྒྱུན་བཞིན་ངང་མཚོའི་འགྲམ་དུ་འཆམ་འཆམ་བྱེད་པ་དང་། འདི་ནི་ཉེ་བའི་ལོ་གཉིས་རིང་ཁོ་རང་གི་གོམས་གཤིས་སུ་ཆགས་པ་ཞིག་རེད། སྔོན་ཆད་རྨེ་ཆུ་ཡུལ་ཚོ་ལ་ངང་པ་མཐོང་རྒྱུ་མེད། ཚེ་རིང་བཀྲ་ཤིས་ཀྱིས་སྨི་200ཙམ་དུ་ཡོད་པའི་གཞི་རྒྱ་ཆེ་བའི་མཚེའུ་བསྟན་ཏེ་གསར་འགོད་པར་བཤད་དོན། ས་ཆ་འདི་སྔོན་མ་ནི་ས་རྒྱུ་ཞན་པའི་ས་ནག་རེད། ས་འདིར་བྱི་བས་ཁེངས་ནས་རྩྭ་ས་ཡག་པོ་མེད། “2019ལོར་སི་ཁྲོན་ཞིང་ཆེན་མཛོད་དགེ་རྫོང་རྒྱལ་སྤྱིའི་གཙོ་གནད་འདམ་ས་སྲུང་སྐྱོང་དང་ཉམས་གསོ་ལས་གྲྭ་ལག་བསྟར་བྱས་པ་དང་། ས་ཆ་འདི་རུ་སྤྱི་ལེ་ཁ་ཤས་ཡོད་པའི་ཆུ་རགས་བཞི་བཟོས་རྗེས། རིམ་བཞིན་འདམ་ས་ཆགས་ནས་ངང་པའང་འཁོར་ཡོང་བ་རེད།”


   མཛོད་དགེ་ནི་མཚོ་བོད་མཐོ་སྒང་གི་ནུབ་བྱང་མཐའ་མཚམས་དང་། རྨ་ཆུའི་སྟོད་རྒྱུད་དུ་ཆགས་ཡོད་ཅིང་། ངོ་སྤྲོད་བྱས་པར་གཞིགས་ན། རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ཁུངས་གསོ་སྐྱོང་ཁུལ་ཡིན་པའི་ངོས་ནས། མཛོད་དགེའི་འདམ་ས་རུ་ཆུ་རྒྱས་པ་དང་ཆུ་དཀོན་པའི་དུས་སུ་རྨ་ཆུའི་སྟོད་རྒྱུད་ལ་ཆུ་ཁ་གསབ་བྱེད་ཚད་ནི་རྨ་ཆུའི་སྟོད་རྒྱུད་ནས་ཡོང་བའི་ཆུ་བོའི་བསྡོམས་འབོར་གྱི་29%དང་45%ཟིན་ཡོད། 

   “མཛོད་དགེ་འདམ་ས་ནི་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རྩལ་རྩ་འཛུགས་ཀྱིས་‘རྒྱལ་སྤྱིའི་འདམ་ས་གཙོ་བོ’རུ་བཀོད་པ་དང་། ཕྱི་རྒྱལ་གྱི་རིགས་གཅིག་མཁས་པས་‘ཀྲུང་གོའི་ནུབ་རྒྱུད་མཐོ་སྒང་གི་མཁལ་མ’དང་‘ཀྲུང་ཧྭའི་ཆུ་མཛོད’ཀྱི་གྲུབ་ཆ་གལ་ཆེན་ཡིན་པ་ངོས་བཟུང་། ཀྲུང་གུང་མཛོད་དགེ་རྫོང་ཨུད་ཧྲུའུ་ཅི་ཚེ་བརྟན་གྱིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་དུས། ཉེ་བའི་ལོ་འགའི་ནང་། མཛོད་དགེ་ཡིས་རི་ཁུལ་དང་ཆུ་ཁོངས། ནགས་ཚལ། ཞིང་ས། མཚེའུ། རྩྭ་ཐང་སོགས་ཁྱབ་པའི་ཉམས་གསོ་བཅོས་སྐྱོང་ཇུས་གཞི་བཟོས་ནས། བསྟུད་མར་རྨོ་བསྐྱུར་ནགས་འཛུགས་དང་ཕྱུགས་བསྐྱུར་རྩྭ་འདེབས། བྱེ་འགོག་བྱེ་བཅོས། སྐྱེ་ཁམས་ཞན་ཁུལ་བཅོས་སྐྱོང་སོགས་སྣོད་བཅུད་ལས་གྲྭ་ལག་བསྟར་བྱས་པ་ཡིན། མིག་སྔའི་བར། མཛོད་དགེ་ཡིས་ནགས་འཛུགས་ཚད་མུའུ་ཁྲི་3.2ཇེ་མང་བཏང་བ་དང་། ས་མུའུ་ཁྲི་458ལ་ཕྱུགས་འཚོ་རྒྱུ་བཀག་པ་དང་། མུའུ་ཁྲི་518ལྷག་ལ་རྩྭ་ས་དང་ཕྱུགས་སྙོམས་པོ་བྱས་ནས། རྩྭ་ཐང་བྱེ་འགྱུར་རིགས་ཁག་སྤྱི་ཆིངས་3450བཅོས་པ། འདམ་ས་སྤྱི་ཆིངས་6400ཉམས་གསོ་བྱས་ཡོད། 2019ལོ་ནས་2020ལོའི་བར། རྒྱ་ཁྱོན་མུའུ་ཁྲི་1ཙམ་ལ་གསར་དུ་ནགས་བཙུགས་ནས། རྩྭ་ཐང་བྱེ་འགྱུར་རྒྱ་ཁྱོན་མུའུ་ཁྲི་6ཉེ་བ་ཙམ་བཅོས་སྐྱོང་བྱས་པ་ཡིན་ཟེར། “སྔོན་ཆད་དང་བསྡུར་ན། མཛོད་དགེའི་བྱེ་འགྱུར་གྱི་འཕེལ་ཕྱོགས་བཀག་པ་དང་། ཆུ་ཁུངས་གསོག་ཤུགས་ཇེ་ཆེར་བཏང་ཞིང་། རྩྭ་ཐང་གི་འདམ་སའི་སྣོད་བཅུད་ཀྱི་བརྟན་ལྷིང་རང་བཞིན་ཇེ་ཆེར་གྱུར་བས། གཞི་རྩའི་ཆ་ནས་གནམ་སྔོན་པོ་དང་ཆུ་དྭངས་མོ། རྩྭ་སྔོ་ལྗང་བཅས་མངོན་འགྱུར་བྱུང་ཡོད”ཅེས་ཚེ་བརྟན་གྱིས་འདི་ལྟར་བཤད། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1