མཚོ་སྔོན་མགོ་ལོག་ཁུལ་གྱི་གནོད་འགོག་ཕྱུགས་སྲུང་ཐད་ཀྱི་མཐོང་ཐོས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 02-09



     ཟླ་2ཚེས་6ཉིན། དགའ་བདེ་རྩྭ་ཐང་སྐྱ་སེར་སེར་གྱུར་ཞིང་། ནོར་གནག་ཁྱུ་དང་ཁྱུ་བྱས་ནས་གང་ས་གང་དུ་སོས་དལ་བག་ཕེབས་ཀྱིས་རྩྭ་ཟ་བཞིན་འདུག དེ་དང་ཐག་རིང་མེད་པའི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་གོང་སྟོད་ཤང་བང་ར་ཝོད་གྲོང་ཚོའི་གྲོང་མི་མཁའ་བྱང་གིས་ཕྱི་རོལ་ཏུ་གཟན་རྩྭ་ལེགས་སྒྲིག་བྱེད་བཞིན་པ་དང་། མཚམས་རེ་ལ་རང་ཉིད་ཀྱི་སྒོ་ཟོག་ལ་ལྟ་བཞིན་འདུག “གཟན་རྩྭ་ཚང་མ་ནི་ང་རང་གིས་བཏབ་པ་ཡིན། ན་ནིང་ཤང་ནས་རྩྭ་སོན་བླངས་རྗེས་ཟླ་བ་དྲུག་པར་མར་བཏབ་པས་ཟླ་བཅུ་བར་གཟན་རྩྭ་སྒྱེ་ཁུག་བརྒྱ་ལྷག་བསྡུས་ཐུབ་བྱུང་བས། གངས་སྐྱོན་སྔོན་འགོག་ལ་གྲ་སྒྲིག་ཡག་པོ་བྱས་པ་ཡིན”ཞེས་མཁའ་བྱང་གིས་བཤད་པ་རེད།
    དགུན་ཟླ་གྲང་མོ་མ་སླེབས་གོང་། གཟན་རྩྭ་སྔོན་ནས་གསོག་འཇོག་བྱོས། དགུན་ཁ་སླེབས་རྗེས། འབྲོག་མི་ཚོ་གཟན་རྩྭ་འདེབས་འཛུགས་དང་གསོག་འཇོག་གི་ལས་ལ་ཧུར་ཐག་ཞུགས་བཞིན་པ་དང་། ཞིང་འབྲོག་ཅུས་སོགས་སྡེ་ཁག་གིས་ཀྱང་གཟན་རྩྭ་སྐྱེལ་འདྲེན་དང་གསོག་འཇོག་ལས་དོན་འགོ་རྩོམ་གྱིན་འདུག 
   “ན་ནིང་ཟླ་བཅུ་པ་ནས་བཟུང་། ང་ཚོས་གཟན་རྩྭ་དང་ཟ་འབྲུ། འབུད་ཤིང་། སྨན་རྫས་སོགས་གནོད་འགོག་མུག་སྐྱོབ་དངོས་རྫས་གྲ་སྒྲིག་བྱེད་ཀྱིན་ཡོད”ཞེས་མགོ་ལོག་ཁུལ་ཞིང་འབྲོག་དང་ཚན་རྩལ་ཅུས་ཀྱི་ཅུས་ཀྲང་ཚུའེ་ཧོང་ཝེ་ཡིས་དེ་ལྟར་བཤད།
      རྨ་ཆེན་རྫོང་རྟ་བོ་ཡུལ་ཚོ་དགུ་སྟོད་གྲོང་ཚོའི་རྫོང་རིམ་པའི་གཟན་རྩྭ་གསོག་འཇོག་མཛོད་ཁང་དུ་སྐྱོད་སྐབས། རྩྭ་སྐམ་པོ་དང་གཟན་ཆག་སྒྱེ་མོ་མང་པོ་གྲ་སྒྲིག་བྱས་འདུག图片
    “ན་ནིང་དགུ་སྟོད་གྲོང་ཚོར་རྫོང་རིམ་པའི་གཟན་རྩྭ་དང་གཟན་ཆག་གསོག་འཇོག་མཛོད་ཁང་བསྐྲུན་ཡོད་པས་གནོད་འཚེ་བྱུང་ཚེ་དུས་དང་རྣམ་པ་ཀུན་ཏུ་གཟན་རྩྭ་དབོར་ཆོག་གི་ཡོད།” རྨ་ཆེན་རྫོང་ཞིང་འབྲོག་ཆུ་བེད་དང་ཚན་རྩལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་འབྲུག་ཐར་གྱིས་མིག་སྔར་རྫོང་ཡོངས་སུ་འདི་ལྟ་བུའི་གསོག་འཇོག་མཛོད་ཁང་4ཡོད་པ་དང་། གཟན་རྩྭ་དང་གཟན་ཆག་བེད་སྤྱོད་འགྲོ་གྲོན་དག་སྲིད་གཞུང་ནས་ཆེད་དོན་མ་དངུལ་ཐོག་དང་འབྲོག་པའི་ངོས་སོ་སོས་ཕྱེད་ཀ་གཏོང་འགན་འཁུར་གྱི་ཡོད་པས་མང་ཚོགས་ལ་ཕན་པ་ཆེ་ཤོས་ཐོབ་ཡོད་ཅེས་བཤད་པ་རེད།
   ལག་ཏུ་རྩྭ་ཡོད་ན། གནོད་འཚེ་འགོག་པར་འཚབ་མི་དགོས། མིག་སྔར་མགོ་ལོག་ཁུལ་གྱི་གཟན་རྩྭ་འདེབས་འཛུགས་རྟེན་གཞི་24ཡིས་གཟན་རྩྭ་དང་གཟན་ཆག་ཏུན་ཁྲི་4ལྷག་ཙམ་གྲབས་གསོག་བྱས་པ་དེས་ད་ཡོད་ཕྱུགས་རིགས་ཀྱི་ཉིན་60ཙམ་གྱི་གཟན་ཆས་མཁོ་འདོན་བྱེད་ཐུབ་པས་འབྲོག་པ་མང་ཚོགས་ལ“བློ་བདེ་”ཡོང་དུ་བཅུག་པ་རེད།
   གནོད་འགོག་ཕྱུགས་སྲུང་གི་བྱེད་ཐབས་ཆ་ཚང་ཡོད་པའི་རྐྱེན་གྱིས་གནོད་འགོག་གནོད་སེལ་དང་ཕྱུགས་སྲུང་གི་ལས་དོན་ལ་རང་འགུལ་བྱུང་བ་དང་། འབྲོག་པ་མང་ཚོགས་ཀྱི་བློ་སེམས་བདེ་པོའང་བྱུང་ཡོད།
    མཁའ་བྱང་གིས་གཟན་རྩྭ་ཞིག་བླངས་ནས་ནོར་ཁྱུའི་ཕྱོགས་ལ་གཡུགས་ཚེ། ནོར་གནག་ཚོ་མྱུར་དུ་རུབ་ཡོང་ནས་འཛེམ་ཆ་སྤུ་ཙམ་ཡང་མེད་པར་བལྡད་པ་རེད། “དེ་སྔོན་བགྲེས་སོང་ཚོས། གངས་སྐྱོན་འཕྲད་སྐབས་ལས་དབང་ལ་ལྟ་རྒྱུ་ལས་ཐབས་གཞན་མེད་ཟེར་བ་རེད། ད་ཆ་ང་ཚོས་འབྲུ་རིགས་དང་གཟན་རྩྭ་གསོག་འཇོག་བྱས་ཚར་ཡོད་པས་དགུན་སྒྲོལ་ལ་སྐྲག་དགོས་དོན་མེད”ཅེས་མཁའ་བྱང་གིས་དེ་ལྟར་བཤད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1