བདེན་འཚོལ་དུས་དེབ་ཐོག་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྤེལ་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 02-16



སྤྱི་ཟླ་2པའི་ཚེས་16ཉིན་དཔེ་སྐྲུན་བྱས་པའི་༼བདེན་འཚོལ༽དུས་དེབ་འདོན་ཐེངས་བཞི་པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་༼ཧོ་པེ་ཞིང་ཆེན་ཧྥུུ་ཕིང་རྫོང་དུ་དབུལ་སྐྱོར་གསར་སྤེལ་ལས་དོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད༽ཅེས་པ་སྤེལ་ཡོད།

རྩོམ་ཡིག་ནང་། དབུལ་ཕོངས་སེལ་བ་དང་དམངས་འཚོ་ལེགས་བཅོས་བྱེད་པ། ཐུན་མོང་འབྱོར་ཕྱུག་མངོན་འགྱུར་བྱེད་པ་བཅས་ནི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་ཡིན། སྒོ་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཟིན་པ་བྱེད་པའི་ཆེས་དཀའ་ཚེགས་ཆེ་ཞིང་ལྗིད་ཆེ་བའི་ལས་འགན་ནི་གྲོང་གསེབ་དང་ལྷག་པར་དུ་དབུལ་ཕོངས་ས་ཁུལ་དུ་ཡོད། གྲོང་གསེབ་ཀྱི་འབྱོར་འབྲིང་དང་ལྷག་པར་དུ་དབུལ་ཕོངས་ས་ཁུལ་གྱི་འབྱོར་འབྲིང་མེད་ན་སྒོ་ཀུན་གྱི་འབྱོར་འབྲིང་ཡོང་ཐབས་མེད། རིགས་ཁག་གི་དཀའ་ངལ་ཡོད་པའི་མང་ཚོགས་ལ་ང་ཚོས་དོ་ཁུར་དང་། གཅེས་སྐྱོང་། སེམས་ཁུར་བཅས་གཞན་ལས་ལྷག་པ་བྱེད་དགོས་ལ། ཐབས་བརྒྱ་ཇུས་སྟོང་གིས་ཁོང་ཚོའི་སེམས་ཁྲལ་སེལ་རོགས་བྱེད་དགོས་ཞེས་བསྟན་ཡོད།

རྩོམ་ཡིག་ནང་། དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་རམ་བྱེད་པ་དང་། ལྷག་པར་དུ་གསར་བརྗེའི་རྟེན་གཞི་རྙིང་ཁུལ་དང་དབུལ་ཕོངས་རི་ཁུལ་གྱི་དཀའ་ངལ་ཡོད་པའི་མང་ཚོགས་གང་མགྱོགས་དབུལ་སྒྲོལ་ཐུབ་པ་བྱས་ནས། སྤྱི་ལོ་2020ལོར་སླེབས་དུས་དབུལ་སྐྱོར་བྱ་ཡུལ་རྣམས་ཟས་གོས་གཉིས་ལ་སེམས་ཁྲལ་མེད་པ་དང་། འོས་འགན་སློབ་གསོ་དང་གཞི་རྩའི་སྨན་བཅོས། སྡོད་ཁང་བཅས་ལ་འགན་སྲུང་ཡོད་པ་བྱ་རྒྱུ་ནི་ཀྲུང་དབྱང་གིས་གཏན་འཁེལ་བྱས་པའི་དམིགས་འབེན་ཡིན་པས། ཆོད་སེམས་བརྟན་གཏོང་དང་ལམ་བུ་ཡང་དག་འཚོལ་དགོས། ཆོད་སེམས་བརྟན་པོ་ཡོད་ན་མི་འགྲུབ་བྱ་བ་ཅི་ཡང་མེད། ཡུལ་བབ་དང་བསྟུན་པ། ཚན་རིག་དང་མཐུན་པའི་འཆར་འགོད། རིགས་དབྱེའི་མཛུབ་ཁྲིད། བབ་བསྟུན་སྣེ་ཁྲིད་བཅས་རྒྱུན་འཁྱོངས་ཀྱིས་དོན་དངོས་ལ་གཞི་ཚུགས་ཏེ་མང་ཚོགས་རྣམས་ལ་ཕན་པ་དངོས་ཐོབ་པ་བྱེད་དགོས་ཞེས་བསྟན་ཡོད།

རྩོམ་ཡིག་ནང་། གྲོང་གསེབ་གོང་འཕེལ་ཡོང་བ་དང་ཞིང་པ་ཕྱུག་འགྱུར་ཡོང་བ་བྱེད་པའི་འགག་རྩ་དེ་ཀྲི་པུའུ་ལ་ཐུག་ཡོད། གྲོང་ཚོའི་ཏང་རྩ་འཛུགས་ཀྱིས་མང་ཚོགས་དང་འབྲེལ་གཏུག་བྱེད་པ་དང་། མང་ཚོགས་ལ་ཞབས་ཞུ་སྒྲུབ་པ། མང་ཚོགས་གཅིག་སྡུད་བྱེད་པ། མང་ཚོགས་ལ་བདེ་སྐྱིད་སྐྲུན་པ་བཅས་ཀྱི་འཇོན་ནུས་ཆེ་རུ་གཏོང་བ་དང་། དམག་འཐབ་མཁར་རྫོང་ལྟ་བུའི་ནུས་པ་དངོས་འདོན་སྤེལ་ཐུབ་པ་བྱས་ནས། ཡུལ་མི་རྣམས་ཀྱི་སྣེ་ཁྲིད་དེ་དབུལ་སྒྲོལ་ཕྱུག་འགྱུར་དང་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པའི་ཀ་རྟེན་དང་སྣེ་ཁྲིད་པར་འགྱུར་བ་བྱེད་དགོས། སྲིད་ཇུས་རྣམས་ཇི་མ་ཇི་བཞིན་དོན་འཁྱོལ་ཡག་པོ་བྱེད་པ་དང་། གནས་ཚུལ་རྣམས་ཇི་མ་ཇི་བཞིན་གསལ་རྟོགས་ཐུབ་པ་བྱེད་པ། ཀྲི་པུའུ་ཏན་ཏན་ཏིག་ཏིག་ངང་འཛུགས་སྐྱོང་ཡག་པོ་བྱེད་པ། མཐུན་སྒྲིལ་ཏན་ཏན་ཏིག་ཏིག་ཐུབ་པ་བྱེད་པ་བཅས་བྱས་ནས་ཡུལ་མི་རྣམས་ཀྱི་དོན་དག་ཡག་པོ་བསྒྲུབ་དགོས་ཞེས་བསྟན་ཡོད།

རྩོམ་ཡིག་ནང་། ང་ཚོས་དམིགས་ཡུལ་གླེང་སྐབས་སྐད་ཆ་མང་པོ་བཤད་ཡོད། འོན་ཀྱང་། དེ་དག་མདོར་བསྡུས་ན་མི་དམངས་ལ་ཞབས་འདེགས་ཞུ་ཞེས་པར་ཐུག་ཡོད། རང་རེའི་ཏང་ནི་མི་དམངས་ལ་ཞབས་ཞུ་བསྒྲུབ་མཁན་ཞིག་རེད། ཀྲུང་དབྱང་གི་བསམ་གཞིགས་བྱ་ཡུལ་དེ་མི་དམངས་ཀྱི་ཆེད་དུ་ལས་དོན་བསྒྲུབ་རྒྱུ་དེ་རེད། རིམ་ཁག་ལས་བྱེད་པས་རྒྱུན་དུ་རང་ཉིད་ལ་ང་ཚོས་ཏང་གི་རྩ་བའི་དམིགས་འབེན་དང་འབྲེལ་བ་སྤུ་ཙམ་ཡང་མེད་པའི་ལས་དོན་སྒྲུབ་བཞིན་ཡོད་མེད་དང་བློ་གཅིག་སེམས་གཅིག་གིས་མང་ཚོགས་ཆེད་དུ་ལས་དོན་སྒྲུབ་བཞིན་ཡོད་མེད། ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་འགན་ལ་གཞིགས་ནས་ལས་དོན་སྒྲུབ་བཞིན་ཡོད་མེད། ང་ཚོས་བསྒྲུབས་པའི་ལས་དོན་རྣམས་ཏང་དང་མི་དམངས་ཀྱི་རེ་བ་ཡིན་མིན་སོགས་ཀྱི་ཐད་དོགས་འདྲི་བྱས་ནས། བློ་གཅིག་སེམས་གཅིག་གིས་མང་ཚོགས་ཀྱི་ཆེད་དུ་ལས་དོན་སྒྲུབ་པ་དང་། དཀའ་ངལ་ཡོད་པའི་མང་ཚོགས་སེམས་དབུས་སུ་འཇོག་པ། ཁ་ཚ་དགོས་གཏུག་གི་རོགས་རམ་མང་ཙམ་བྱེད་པ། རྒྱུན་དུ་དབུལ་ཕོངས་ས་ཁུལ་དུ་མང་ཙམ་སྐྱོད་པ། རྒྱུན་དུ་དབུལ་ཕོངས་དུད་ཁྱིམ་དུ་མང་ཙམ་སྐྱོད་པ། རྒྱུན་དུ་དཀའ་ངལ་ཡོད་པའི་མང་ཚོགས་དང་སྤེལ་རེས་མང་ཙམ་བྱེད་པ། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་རེ་སྒུག་བྱ་ཡུལ་ལ་ཤེས་རྟོགས་མང་ཙམ་བྱེད་པ། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གནད་དོན་ཐག་གཅོད་མང་ཙམ་བྱེད་པ། སེམས་རྩ་འཁོལ་པོས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཆེད་དུ་ལས་དོན་བསྒྲུབ་པ་བཅས་བྱེད་དགོས་ཞེས་ནན་སྟོན་བྱས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1