ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་ཐོག་གསུང་བཤད་གལ་ཆེན་གནང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 02-22


        ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་ཐོག ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་དང་སྙིང་དོན་ཤེས་རྟོགས། བྱ་བ་དངོས་སྒྲུབ་པ། རྣམ་པ་གསར་པ་གཏོད་པ་བཅས་བྱས་ནས། གཡུར་ཟའི་གྲུབ་འབྲས་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་བསུ་བ་ཞུ་དགོས་ཞེས་ནན་སྟོན་གནང་བ་དང་། ལི་ཁེ་ཆང་དང་། ལི་ཀྲན་ཧྲུའུ། ཝང་དབྱང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་བཅས་ཚོགས་འདུར་ཞུགས་གནང་བ་དང་། ཝང་ཧུའུ་ཉིང་གིས་གཙོ་སྐྱོང་གནང་བ།
        འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་20ཉིན་གྱི་སྔ་དྲོ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་པེ་ཅིང་དུ་སྐོང་འཚོགས་བྱས་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གྲོས་ཚོགས་ལ་ཞུགས་གནང་བ་མ་ཟད་གསུངས་བཤད་གལ་ཆེན་གནང་ཡོད་པ་རེད།
        ཁོང་གིས། ཏང་ཡོངས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་བྱེད་དོན་ནི་ཏང་ཀྲུང་དབྱང་འདི་ཉིད་ཏང་གི་ལོ་ངོ་བརྒྱའི་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་བརྟན་པོར་གནས་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་གནས་བབ་ཧྲིལ་པོ་དང་ལོ་བརྒྱར་བྱུང་མྱོང་མེད་པའི་འགྱུར་ལྡོག་ཆེན་པོར་གཅིག་གྱུར་འཆར་འགོད་བྱེད་པ། ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་སེམས་ཤུགས་ཆེན་པོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པར་སྐུལ་སློང་བྱ་ཆེད་ཀྱི་བཀོད་ཇུས་གལ་ཆེན་ཞིག་ཡིན། ཏང་ཡོངས་ཀྱི་བློ་མཐུན་ཚོས་ལོ་རྒྱུས་སྦྱངས་ནས་གནས་ལུགས་གསལ་པོ་ཤེས་པ་དང་། ལོ་རྒྱུས་སྦྱངས་ནས་བློ་སྤོབས་ཆེ་རུ་གཏོང་བ། ལོ་རྒྱུས་སྦྱངས་ནས་ཀུན་སྤྱོད་བཟང་དུ་གཏོང་བ། ལོ་རྒྱུས་སྦྱངས་ནས་རང་ནུས་དཔག་ཚོད་ཀྱི་ལས་དོན་སྒྲུབ་པ། ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་དང་། སྙིང་དོན་རྟོགས་པ། བྱ་བ་དངོས་སྒྲུབ་པ། རྣམ་པ་གསར་པ་གཏོད་པ་བཅས་བྱས་ནས། དཔའ་ངར་ཆེར་སྐྱེད་ངང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་གསར་པ་འགོ་འཛུགས་པ་དང་། གཡུར་ཟའི་གྲུབ་འབྲས་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་བསུ་བ་ཞུ་དགོས་ཞེས་ནན་སྟོན་གནང་ཡོད།
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན་ལི་ཁེ་ཆང་དང་། ལི་ཀྲན་ཧྲུའུ། ཝང་དབྱང་། ཀྲའོ་ལེ་ཅི། ཧན་ཀྲེང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་བཅས་གྲོས་ཚོགས་ལ་ཞུགས་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན་ཝང་ཧུའུ་ཉིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་ཡོད་པ་རེད།
        ཞི་ཅིན་ཕིང་གིས། རང་རེའི་ཏང་གིས་སྔར་ནས་བཟུང་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་དང་སློབ་གསོ་གཏོང་རྒྱུར་མཐོང་ཆེན་གནང་གི་ཡོད་པ་དང་། ཏང་གི་འབད་འཐབ་བྱས་པའི་ལོ་རྒྱུས་འཕེལ་རིམ་དང་རླབས་ཆེའི་གྲུབ་འབྲས་ཐོག་ནས་དཔའ་ངར་ཆེར་བསྐྱེད་དང་། ཁ་ཕྱོགས་གསལ་སྟོན་གནང་རྒྱུར་བརྩི་མཐོང་གནང་གི་ཡོད་པ། ཏང་གི་གཟི་བརྗོད་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོའི་ཐོག་ནས་ཡིད་ཆེས་བརྟན་དུ་གཏོང་བ་དང་། སྟོབས་ཤུགས་གཅིག་སྒྲིལ་བྱེད་པ། ཏང་གི་ལག་ལེན་གསར་གཏོད་དང་ལོ་རྒྱུས་ཀྱི་ཉམས་མྱོང་ལས་བློ་སྒོ་འབྱེད་པ་དང་། གཤིས་སྤྱོད་ལ་སྦྱོང་བརྡར་བྱེད་ཀྱི་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་པ་དང་། བླང་བྱ་ཡང་རབ་དང་རིམ་པ་བཏོན་གནང་ཡོད། རང་རེའི་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་དུས་སྐབས་གལ་ཆེན་དང་། ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་གྱི་ལོ་རྒྱུས་འབྲེལ་མཚམས་ཀྱི་འགག་རྩའི་དུས་སུ། ཏང་ཡོངས་ཀྱིས་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་དང་སློབ་གསོ་གཏོང་བ་ནི་དུས་ལ་བབས་པ་དང་དགོས་གལ་ཤིན་ཏུ་ཆེ་བ་ཞིག་རེད་ཅེས་ནན་སྟོན་གནང་ཡོད།
        ཞི་ཅིན་ཕིང་གིས། རང་རེའི་ཏང་གི་ལོ་ངོ་བརྒྱ་ནི། ཐོག་མའི་བསམ་འདུན་གྱི་དམ་བཅའ་ལག་བསྟར་བྱས་པའི་ལོ་ངོ་བརྒྱ་དང་། དཀའ་ངལ་ཁྱད་བསད་བྱས་ནས་རྨང་གཞི་བཏིང་བའི་ལོ་ངོ་བརྒྱ་ཡིན་པ། འོད་སྟོང་བཏོད་པ་དང་འབྱུང་འགྱུར་བཏོད་པའི་ལོ་ངོ་100བཅས་ཡིན། འབད་འཐབ་བྱས་པའི་ལམ་བུར་ཕྱིར་དྲན་བྱས་པ་དང་། མདུན་ཕྱོགས་ཀྱི་འབད་འཐབ་ལམ་བུར་རྒྱང་ལྟ་བྱེད་པར་ངེས་པར་དུ་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་ཕྱོགས་སྡོམ་ཡག་པོ་བྱ་དགོས་པ་དང་། ཏང་གི་ལེགས་སྒྲུབ་ལྡན་པའི་ཉམས་མྱོང་རྒྱུན་འཛིན་དང་དར་སྤེལ་ཡག་པོ་གཏོང་དགོས། ཏང་ཡོངས་ཀྱིས་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་དང་སློབ་གསོ་སྤེལ་དགོས་པ་ནི་ཐོག་མའི་བསམ་འདུན་མི་བརྗེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་བྱ་གཞག་ལ་སྐུལ་འདེད་གཏོང་བའི་དགོས་ངེས་བླང་བྱ་ཞིག་ཡིན། ཆོད་སེམས་བརྟན་དུ་གཏོང་བ་དང་། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་གོང་འཕེལ་གཏོང་བའི་དགོས་ངེས་བླང་བྱ་ཡིན་ལ། ཏང་གིས་རང་ཉིད་གསར་བརྗེ་དང་། ཏང་གི་སྐྱེ་སྟོབས་དང་གསོན་ཤུགས་མ་ཉམས་པ་བྱེད་པའི་དགོས་ངེས་བླང་བྱ་ཞིག་ཡིན། ཏང་ཀྲུང་དབྱང་གིས་ཏང་ཡོངས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་སྐོར་གྱི་བརྡ་ཐོ་པར་འགྲེམས་བྱས་ནས་ལས་དོན་དེར་བཀོད་སྒྲིག་གནང་ཡོད་པས། རིམ་ཁག་ཏང་ཨུད་ཀྱིས་ལག་བསྟར་དོན་འཁྱོལ་ནན་ཏན་བྱ་དགོས་ཞེས་ནན་སྟོན་གནང་ཡོད།
        ཞི་ཅིན་ཕིང་གིས། རང་རེའི་ཏང་གི་ལོ་རྒྱུས་ནི་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བའི་ལོ་རྒྱུས་ཞིག་ཡིན་པ་དང་། རིགས་པའི་གཞུང་ལུགས་གསར་གཏོད་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་དང་། རིག་པའི་གཞུང་ལུགས་གསར་གཏོད་བྱེད་པའི་ལོ་རྒྱུས་ཤིག་ཡིན། ལོ་ངོ་བརྒྱའི་རིང་། རང་རེའི་ཏང་གིས་བསམ་བློར་བཅིངས་འགྲོལ་གཏོང་བ་དང་དངོས་ཐོག་བདེན་འཚོལ་བྱ་རྒྱུ་གཉིས་གཅིག་གྱུར་ཡོང་བ་དང་། རྨང་གཞི་བརྟན་དུ་གཏོང་བ་དང་གསར་གཏོད་བྱ་རྒྱུ་གཉིས་གཅིག་གྱུར་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཡོད། མར་ཁེ་སི་རིང་ལུགས་ཀྱི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་ནས། མའོ་ཙེ་ཏུང་གི་དགོངས་པ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ། ཀྲུང་གོའི་ཁྱད་ཆོད་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་བྱུང་ནས། ཏང་དང་མི་དམངས་ཀྱི་བྱ་གཞག་གོང་འཕེལ་འགྲོ་རྒྱུར་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་མཛུབ་སྟོན་བྱས་ཡོད། ཏང་ཡོངས་ལ་སློབ་གསོ་ཁྲིད་སྟོན་བྱས་ནས་ཏང་གི་སྤྱིར་བཏང་མ་ཡིན་པའི་ལོ་རྒྱུས་འཕེལ་རིམ་ཁྲོད་མར་ཁེ་སི་རིང་ལུགས་ཀྱིས་ཀྲུང་གོ་དེ་ཉིད་གང་འདྲ་བྱས་ནས་འགྱུར་ལྡོག་བྱུང་བ་དང་། འཛམ་གླིང་ལ་འགྱུར་ལྡོག་བྱུང་བར་གོ་བ་ལེན་པ་དང་། མར་ཁེ་རིང་ལུགས་ཀྱི་བདེན་དོན་སྟོབས་ཤུགས་དང་ལག་བསྟར་སྟོབས་ཤུགས་གཉིས་ཚོར་ཤེས་ཐུབ་པ། ཀྲུང་གོ་ཅན་གྱི་མར་ཁེ་སི་རིང་ལུགས་དེ་གཅིག་རྒྱུན་གཅིག་འཛིན་དང་དུས་རབས་ཀྱི་གོམས་འགྲོས་དང་མཐུན་པའི་རིགས་པའི་གཞུང་ལུགས་ངོས་འཛིན་གཏིང་ཟབ་ཐུབ་པ། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་དང་རྒྱལ་ཁབ་ཀྱི་རླབས་ཆེའི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བའི་འཕེལ་རིམ་དང་ཟུང་འབྲེལ་བྱས་ཏེ། དུས་རབས་གསར་པའི་ནང་ཏང་གིས་གསར་གཏོད་བྱས་པའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ཉམས་ལེན་གཏིང་ཟབ་བྱེད་པ་དང་། ཏང་གི་རིགས་གཞུང་གསར་གཏོད་ཀྱི་གྲུབ་འབྲས་གསར་ཤོས་ལ་བརྟེན་ནས་བསམ་བློར་དྲག་ཆས་སྤྲོད་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱ་དགོས་ཞེས་ནན་སྟོན་གནང་ཡོད།
        ཞི་ཅིན་ཕིང་གིས། ལོ་བརྒྱའི་འབད་འཐབ་ཁྲོད། རང་རེའི་ཏང་གིས་སྔ་བར་ཕྱི་གསུམ་དུ་མར་ཁེ་སི་རིང་ལུགས་ཀྱི་རྩ་བའི་རིགས་པར་བརྟེན་ནས་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་མོར་དབྱེ་ཞིབ་དང་ཁོང་དུ་ཆུད་པ་བྱས་པ་དང་། ཀྲུང་གོ་དང་འཛམ་གླིང་གི་འབྲེལ་བ་ཐག་གཅོད་ཡང་དག་བྱས་པ། ལོ་རྒྱུས་ཀྱི་གོ་སྐབས་སྣ་ཚོགས་དམ་འཛིན་མཁས་པོ་དང་བེད་སྤྱོད་ཡག་པོ་བྱས་ཡོད། ཏང་ཡོངས་ནས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་འཐབ་ཇུས་ཀྱི་གནས་བབ་ཧྲིལ་པོ་དང་འཛམ་གླིང་ཐོག་ལོ་བརྒྱ་མཐོང་དཀོན་པའི་འགྱུར་བ་ཆེན་མོ་ཁོང་དུ་ཆུད་པར་སློབ་གསོ་ཁྲིད་སྟོན་བྱེད་པ་དང་། ལོ་རྒྱུས་ཆེན་པོའི་ལྟ་བ་བཙུགས་ཏེ། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་པོ་དང་དུས་རབས་ཀྱི་རླབས་རྒྱུན་ཆེན་པོ། གོ་ལ་ཧྲིལ་པོའི་འགྱུར་བ་བཅས་ལ་འཕོ་འགྱུར་འབྱུང་བའི་རྒྱུ་རྐྱེན་ལ་དབྱེ་ཞིབ་དང་ལོ་རྒྱུས་ཀྱི་ཆོས་ཉིད་ལ་ཞིབ་འཇུག་བྱས་ནས་དེ་མཚུངས་ཀྱི་འཐབ་ཇུས་བཏོན་པ་དང་། ལས་ཀའི་ཆ་ལག་ཚང་བའི་རང་བཞིན་དང་། སྔོན་མཐོང་རང་བཞིན། གསར་གཏོད་རང་བཞིན་བཅས་ཤུགས་ཆེར་བཏང་ཡོད་ཅེས་གསུངས་པ་རེད།
        ཞི་ཅིན་ཕིང་གིས། རང་རེའི་ཏང་གི་ལོ་བརྒྱའི་ལོ་རྒྱུས་ནི་ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་བསྟར་བྱེད་པའི་ལོ་རྒྱུས་ཤིག་དང་། ཏང་དང་མི་དམངས་སེམས་པ་གཅིག་སྦྲེལ་དང་། དབུགས་ལམ་གཅིག་གྱུར། ལས་དབང་གཅིག་སྦྲེལ་བཅས་ཀྱི་ལོ་རྒྱུས་ཤིག་ཡིན། རྒྱལ་ཁ་ནི་མི་དམངས་ལ་བརྟེན་པ་དང་མི་དམངས་ཀྱི་རྒྱལ་ཁའི་རྩ་བ་ཡིན། ཏང་གི་འཆི་གསོན་ཆགས་འཇིག་དེ་མང་ཚོགས་དང་འབྲེལ་བ་ཡོད་པ་ལོ་རྒྱུས་ལས་ར་སྤྲོད་གང་ལེགས་བྱས་ཡོད། མི་དམངས་ཀྱི་ཡིད་ཆེས་ཐོབ་པ་དང་། མི་དམངས་ཀྱི་རྒྱབ་སྐྱོར་ཐོབ་ཚེ། ཏང་གིས་དཀའ་ངལ་མཐའ་དག་ལས་ཁྱད་བསད་ཐུབ་པ་དང་། རྒྱལ་ཁ་མི་ཐོབ་པ་ཡོང་མི་སྲིད། ཏང་ཡོངས་ཀྱིས་ཏང་གི་ངོ་བོ་དང་དམིགས་ཡུལ་ལ་ངོས་འཛིན་གསལ་པོ་ཡོང་རྒྱུར་སློབ་གསོ་ཁྲིད་སྟོན་བྱ་དགོས་པ་དང་། ཡོད་ཚད་མི་དམངས་ཀྱི་ཆེད་དུ་དང་ཡོད་ཚད་མི་དམངས་ལ་བརྟེན་རྒྱུ་རྒྱུན་འཁྱོངས་བྱེད་པ། སྔ་བར་ཕྱི་གསུམ་དུ་མི་དམངས་སེམས་དབུས་ཀྱི་གནས་བབ་མཐོ་སར་འཇོག་པ་དང་། མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བློ་ཁ་ཕྱོགས་པ་དེ་འབད་འཐབ་དམིགས་འབེན་ལ་བརྩིས་ཏེ། སྒྱུར་བཅོས་གོང་འཕེལ་གྱི་གྲུབ་འབྲས་ཀྱིས་མི་དམངས་ཡོངས་ལ་ཕན་པ་དེ་མང་བ་དང་གཞུང་དྲང་སྒོ་ནས་ཕན་པ་ཐོབ་རྒྱུར་སྐུལ་འདེད་གཏོང་བ་དང་། ཐུན་མོང་འབྱོར་ཕྱུག་ཡོང་བར་དེ་བས་མངོན་གསལ་དོད་པའི་ངོ་བོའི་རང་བཞིན་གྱི་འཕེལ་རིམ་ཐོན་རྒྱུར་སྐུལ་འདེད་བཏང་སྟེ། ཀྲུང་གོའི་མི་དམངས་དུང་ཕྱུར་བཅུ་བཞི་རྣམས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེར་སྐུལ་འདེད་གཏོང་མཁན་གྱི་སྟོབས་ཤུགས་ཆེན་པོར་འགྱུར་བ་བྱ་དགོས་ཞེས་གསུངས་པ་རེད།
        ཞི་ཅིན་ཕིང་གིས། རང་རེའི་ཏང་ནི་གོམ་པ་རེ་རེ་བཞིན་བརྒྱུད་མྱོང་བ་ཞིག་ཡིན་པ་དང་། གལ་ཆེ་ཤོས་ཤིག་ནི་ཉམས་མྱོང་ལ་ཕྱོགས་སྡོམ་དང་འཇོན་ནུས་ཆེ་རུ་ཟམ་མི་ཆད་པ་བཏང་བ་དང་། ཉེན་ཁར་ཁ་གཏད་གཅོག་པ་དང་། འགྲན་རྩོད་ལ་གདོང་ལེན་བྱེད་པ། ཉེན་ཁ་སེལ་བ་བཅས་ཀྱི་ནུས་པ་དང་ཆུ་ཚད་མཐོ་རུ་ཟམ་མི་ཆད་པར་བཏང་ཡོད། མདུན་སྐྱོད་ལམ་བུའི་སྟེང་གི་སྔོན་མཐོང་ཐུབ་པ་དང་སྔོན་མཐོང་དཀའ་བའི་ཉེན་ཁ་དང་འགྲན་རྩོད་སྣ་ཚོགས་ལ་ཁ་གཏད་སྔར་ལས་ལྷག་པ་གཅོག་པར་ངེས་པར་དུ་ལོ་རྒྱུས་ཁྲོད་ནས་བློ་སྒོ་འབྱེད་པ་དང་། ལོ་རྒྱུས་ཀྱི་ཉམས་མྱོང་ཁྲོད་ནས་གཞན་ལས་རྣམ་པར་རྒྱལ་བའི་ནོར་བུ་འཚོལ་དགོས། ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བའི་དུས་སྐབས་འདིར་དམ་འཛིན་བྱེད་པ་དང་། ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་ལྡན་པའི་འཐབ་རྩོད་མང་པོ་ནས་རྡོག་ཐོན་བྱེད་པ། ཏང་གིས་ལོ་རྒྱུས་དུས་སྐབས་མི་འདྲ་བའི་རིང་ཉེན་ཁ་དང་འགྲན་རྩོད་ལ་ཁ་གཏད་བཅག་པའི་ཕུན་སུམ་ཚོགས་པའི་ཉམས་མྱོང་ཕྱོགས་སྡོམ་དང་བེད་སྤྱོད་བྱེད་པ། དུས་ཡུན་རིང་པོའི་ནང་ཕྱི་རོལ་ཁོར་ཡུག་གི་འགྱུར་བར་ཁ་གཏད་གཅོག་པའི་བསམ་བློའི་གྲ་སྒྲིག་དང་ལས་ཀའི་གྲ་སྒྲིག་ཡག་པོ་བྱེད་པ། འཐབ་རྩོད་ཀྱི་འདུ་ཤེས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། འཐབ་རྩོད་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་སུ་གཏོང་བ། འཐབ་རྩོད་ཀྱི་འཇོན་ནུས་མཐོ་རུ་གཏོང་བ་བཅས་བྱས་ཏེ། རྒྱལ་སྐྱོང་སྲིད་འཛིན་གྱི་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། ཏང་གི་ལོ་བརྒྱའི་ལོ་རྒྱུས་ནི་རང་རེའི་ཏང་གིས་ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ཟམ་མི་ཆད་པར་རྒྱུན་འཁྱོངས་བྱེད་པ་དང་། ཐོར་བཤིག་དང་རུལ་སུངས་སུ་འགྱུར་བའི་ཉེན་ཁ་ཟམ་མི་ཆད་པར་སྔོན་འགོག་བྱེད་པའི་ལོ་རྒྱུས་ཀྱང་རེད། ཏང་ཡོངས་ཀྱིས་ལོ་རྒྱུས་ཀྱི་ཉམས་མྱོང་དང་བསླབ་བྱ་ཕྱོགས་སྡོམ་བྱེད་པར་སློབ་གསོ་ཁྲིད་སྟོན་བྱེད་པ་དང་། ཏང་འཛུགས་སྐྱོང་གི་དོན་དངོས་གནད་དོན་ཐག་གཅོད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ཏང་གི་འགོ་ཁྲིད་ནུས་པ་དང་སྲིད་སྐྱོང་ཆུ་ཚད་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། རུལ་སུངས་ལ་མི་འགྱུར་བ་དང་འགྱུར་བ་མི་འགྲོ་བ། ཉེན་ཁ་འགོག་པའི་ནུས་པ་ཆེ་རུ་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།
        ཞི་ཅིན་ཕིང་གིས། ལོ་ངོ་བརྒྱའི་སྤྱིར་བཏང་མ་ཡིན་པའི་འབད་འཐབ་ཀྱི་ལོ་རྒྱུས་འཕེལ་རིམ་ཁྲོད། མི་རབས་ནས་མི་རབས་བར་གྱི་ཀྲུང་གོའི་གུང་ཁྲན་ཏང་མིས་དཔའ་མཛངས་རྟུལ་ཕོད་དང་། དཀའ་སྤྱད་འབད་བརྩོན་བྱས་ནས། འཆི་གསོན་ལ་མ་འཛེམས་པའི་གསར་བརྗེའི་དཔའ་བོ་དང་། ཞུམ་མེད་འབད་འཐབ་ཀྱི་དཔའ་བོའི་མི་སྣ། རང་གི་ཁེ་ཕན་དོར་ཕོད་པའི་སྔོན་ཐོན་མིག་དཔེ་འབོར་ཆེན་ཞིག་ཐོན་ཡོད་པས། རླབས་ཆེའི་སྙིང་སྟོབས་རབ་དང་རིམ་པ་ཆགས་ཡོད་པ་དང་། ཀྲུང་གོ་གུང་ཁྲན་ཏང་མིའི་བསམ་བློའི་ཀ་རྟེན་བསྐྲུན་ཡོད། རང་རེའི་་ཏང་བཙུགས་པ་དང་ཏང་དར་བ། ཏང་སྟོབས་ཆེར་གཏོང་བའི་ཆེད་ཕུན་སུམ་ཚོགས་པའི་འཚོབཅུད་བྱིན་ཡོད། ཏང་ཡོངས་ཀྱིས་གསར་བརྗེའི་སྲོལ་རྒྱུན་དར་སྤེལ་གཏོང་རྒྱུ་དང་། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱ་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་ནས། གུང་ཁྲན་ཏང་མིའི་སྙིང་སྟོབས་ཀྱི་ཁྲག་རྩ་མི་ཆད་པ་བྱ་དགོས་པ་དང་། གསར་བརྗེ་མཁན་གྱི་ཞུམ་པ་མེད་པའི་་འབད་འཐབ་སྙིང་སྟོབས་སྔ་བར་ཕྱི་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ། རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་བསྐྱོད་པ་དང་། དུས་རབས་གསར་པའི་ཉམས་སྣང་ཐོག་ནས་མདུན་སྐྱོད་བྱ་དགོས་ཞེས་སྟོན་ཡོད།
        ཞི་ཅིན་ཕིང་གིས། དར་ཆ་གསལ་སྟོན་སྒོ་ནས་ཆབ་སྲིད་གླེང་བ་དང་། ཏང་གི་མཐུན་སྒྲིལ་དང་གོང་བུ་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱ་རྒྱུ་ནི་ཏང་གི་ཚེ་སྲོག་ཡིན་ལ། རང་རེའི་ཏང་དེ་ཡང་ལོ་ངོ་བརྒྱའི་ལོ་རྒྱུས་ཡོད་པའི་ཏང་ཆེན་པོར་འགྱུར་བ་དང་། དུས་རབས་ཀྱི་རླབས་ཆེའི་བྱ་གཞག་བསྐྲུན་ཐུབ་པའི་འགག་རྩ་ཡིན། ཏང་ཡོངས་ཀྱིས་ཏང་གི་ལོ་རྒྱུས་ཁྲོད་དྲང་ཕྱོགས་ལྡོག་ཕྱོགས་གཉིས་ཀྱི་ལོ་རྒྱུས་ཉམས་མྱོང་བསྡུ་ལེན་བྱས་ནས། བློ་བརྟན་འགྱུར་མེད་ངང་ཏང་ཀྲུང་དབྱང་ལ་ཁ་ཕྱོགས་དགོས། ཆབ་སྲིད་ཀྱི་བརྡར་ཤ་གཅོད་པའི་ནུས་པ་དང་། ཆབ་སྲིད་ཀྱི་གོ་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་ཟམ་མི་ཆད་པར་མཐོ་རུ་བཏང་ནས། རང་འགུལ་ངང་བསམ་བློ་དང་བྱ་སྤྱོད་ཆབ་སྲིད་བཅས་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་དང་། ཏང་ཡོངས་རྡོག་རྩ་གཅིག་ཏུ་བསྒྲིལ་ནས། བསམ་བློ་ཁ་ཕྱོགས་གཅིག་གི་ཐོག་གཏོང་བ་དང་། ཤུགས་མཉམ་དུ་རྒྱག་དགོས་ཞེས་ནན་སྟོན་གནང་ཡོད།
        ཞི་ཅིན་ཕིང་གིས། ཏང་ཡོངས་སུ་ཏང་གི་ལོ་རྒྱུས་སློབ་སྦྱོང་གི་སློབ་གསོ་སྤེལ་བ་ནི་ཏང་གི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་རེད། ཏང་ཡོངས་ཀྱིས་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། བསམ་བློའི་གནས་ཚད་མཐོ་རུ་གཏོང་བ། དོན་དངོས་ལ་གཞི་ཚུགས་པ། གསར་གཏོད་ཏན་ཏིག་བཅས་བྱས་ནས་ཚད་གཞི་མཐོ་ལ་སྤུས་ཚད་མཐོ་བའི་སྒོ་ནས་སློབ་སྦྱོང་སློབ་གསོའི་ལས་འགན་ཁག་ལེགས་སྒྲུབ་བྱེད་དགོས། དེ་ཡང་གཅིག་ནས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས། རིམ་ཁག་ཏང་ཨུད་དང་ཏང་ཙུའུ་ཡིས་བྱེད་པོའི་འགན་འཁྲི་འཁུར་བ་དང་། འགོ་ཁྲིད་བློ་མཐུན་གཙོ་བོས་དངོས་སུ་དམ་འཛིན་དང་སྣེ་ཁྲིད་དཔེ་སྟོན་བྱས་ཏེ། འགོ་ཁྲིད་སྒྲིག་གཞི་བཙུགས་ཐོག་ཏང་ཀྲུང་དབྱང་གི་བཀོད་སྒྲིག་དང་བླང་བྱ་ཁག་དོན་ཐོག་ཏུ་ཏན་ཏིག་འཁྱོལ་བ་བྱ་དགོས། ཀྲུང་དབྱང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གིས་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་ཏང་ཨུད་དང་ལས་རིགས་ཁོངས་གཏོགས་ཀྱི་གཙོ་གཉེར་སྡེ་ཚན་གྱི་ཏང་ཙུའུ་དང་ཏང་ཨུད་བཅས་ཀྱིས། ཁོངས་གཏོགས་ས་ཁུལ་དང་། སྡེ་ཚན། ཚན་པ་བཅས་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། ཏང་ཡོན་དང་ལས་བྱེད་པས་བང་རིམ་དང་ལས་གནས་གང་ཞིག་གི་ཐོག་ཏུ་གནས་ཀྱང་སེམས་ནུས་ཡོད་རྒུ་བཏོན་ནས་སྦྱོང་དུས་བསམ་བློ་གཏོང་བ་དང་། སྦྱངས་ནས་སྙིང་པོ་རྟོགས་པ། སྦྱངས་ནས་འབྲས་བུ་ཐོབ་པ་བཅས་བྱ་དགོས། གཉིས་ནས། ཡང་དག་པའི་ཏང་གི་ལོ་རྒྱུས་ལྟ་བ་འཛུགས་དགོས། ལོ་རྒྱུས་ཀྱི་གནད་དོན་སྐོར་གྱི་རང་རེའི་ཏང་གི་གྲོས་ཆོད་གཉིས་དང་ཏང་ཀྲུང་དབྱང་གི་འབྲེལ་ཡོད་དགོངས་དོན་གཞི་འཛིན་སར་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། ཏང་གི་ལོ་རྒྱུས་གོང་འཕེལ་གྱི་བརྗོད་དོན་གཙོ་བོ་དང་གཙོ་རྒྱུན་གྱི་ངོ་བོ་ཁོང་དུ་ཡང་དག་ཆུད་པ་བྱས་ཐོག་ཏང་གི་ལོ་རྒྱུས་ཐོག་གི་དོན་རྐྱེན་གལ་ཆེན་དང་། གྲོས་ཚོགས་གལ་ཆེན། མི་སྣ་གལ་ཆེན་བཅས་ལ་ངོས་འཛིན་ཡང་དག་དང་ཚན་རིག་དང་མཐུན་པའི་གདེང་འཇོག་བྱེད་དགོས། དར་ཆ་གསལ་སྟོན་་ཐོག་ནས་ལོ་རྒྱུས་དོན་སྟོང་རིང་ལུགས་ལ་ངོ་རྒོལ་དང་། བསམ་བློའི་ཁྲིད་སྟོན་དང་རིགས་པའི་གཞུང་ལུགས་ཀྱི་དབྱེ་འབྱེད་ལ་ཤུགས་སྣོན་བརྒྱབ་སྟེ་གཞི་སྒྱུར་རྩ་སྒྱུར་དང་རྨང་བརྟན་བློ་སྦྱོང་སྔར་བས་ལེགས་པ་བྱ་དགོས། གསུམ་ནས། མང་ཚོགས་ཀྱི་ཆེད་དུ་བྱ་བ་དངོས་སྒྲུབ་པ་དང་དཀའ་གནད་ཏན་ཏིག་སེལ་དགོས། ཏང་གི་ལོ་རྒྱུས་སློབ་སྦྱོང་བྱ་རྒྱུ་དེ་ཉམས་མྱོང་ཕྱོགས་སྡོམ་དང་། དོན་དངོས་ལ་གཞིགས་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་དང་ཟུང་འབྲེལ་དང་། གནད་དོན་དངོས་ཐག་གཅོད་བྱ་རྒྱུ་དང་ཟུང་འབྲེལ་བྱེད་པ། ངས་མང་ཚོགས་ཀྱི་དོན་དུ་བྱ་བ་དངོས་སྒྲུབ་ཅེས་པའི་ལག་ལེན་བྱེད་སྒོ་ཡག་པོ་སྤེལ་བ་དང་། སློབ་སྦྱོང་གི་ཕན་འབྲས་དེ་ལས་ཀའི་སྒུལ་ཤུགས་དང་ཕན་འབྲས་སུ་བསྒྱུར་བ། སློབ་སྦྱོང་དང་ལས་ཀ་གཉིས་ཕྱི་ཚུལ་ཙམ་ལ་འགྱུར་རྒྱུར་སྔོན་འགོག་བྱ་དགོས། བཞི་ནས། བྱེད་སྟངས་དང་བྱེད་ཐབས་གསར་གཏོད་ལ་དོ་སྣང་བྱ་དགོས། མར་ཁེ་སིའི་རིང་ལུགས་ཀྱི་སློབ་སྲོལ་བཟང་པོ་དར་སྤེལ་དང་། སློབ་སྦྱོང་གི་བླང་བྱ་དང་སློབ་སྦྱོང་གི་ལས་འགན་ཁ་གསལ། ནང་དོན་དང་། རྣམ་པ། བྱེད་ཐབས་བཅས་གསར་གཏོད་བྱ་རྒྱུར་སྐུལ་འདེད་བཏང་སྟེ། དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། རྫོང་དང་ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ་གཙོ་གནད་དུ་བཟུང་སྟེ། གཅིག་སྡུད་སློབ་སྦྱོང་དང་རང་བདག་སློབ་སྦྱོང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་དང་། གཏན་འཁེལ་ཟིན་པའི་བྱ་སྤྱོད་དང་རང་འདེམས་ཆོག་པའི་བྱ་སྤྱོད་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། ཁྱད་ཆོས་མངོན་གསལ་ལྡན་ཞིང་རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་སློབ་སྦྱོང་སློབ་གསོའི་ལས་དོན་སྤེལ་བ་བཅས་བྱ་དགོས། སྤྱི་ཚོགས་ཡོངས་སུ་ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ལོ་རྒྱུས་བཅས་ཀྱི་དྲིལ་བསྒྲགས་སློབ་གསོ་རྒྱ་ཁྱབ་ཏུ་སྤེལ་བ་དང་། ཏང་གི་ལོ་རྒྱུས་སྐོར་གྱི་ཤེས་བྱ་ཁྱབ་གདལ་བཏང་ནས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་མང་ཚོགས་ཀྱི་ཁྲོད་དུ་ཟབ་ཞུགས་དང་། གཞི་རིམ་དུ་ཟབ་ཞུགས། མི་སེམས་སུ་གཏིང་ཟབ་ཟུག་པ་བཅས་ལ་སྐུལ་འདེད་གཏོང་དགོས། ཏང་གི་ལོ་རྒྱུས་བརྗོད་བྱར་འཛིན་པའི་རིག་རྩལ་བརྩམས་ཆོས་དང་ལྷག་པར་དུ་གློག་བརྙན་དང་བརྙན་འཕྲིན་བརྩམས་ཆོས་གསར་རྩོམ་བྱེད་པར་བསྔགས་སྐུལ་དང་། གཞོན་ནུ་ལོ་ཆུང་ལ་སློབ་སྦྱོང་དང་སློབ་གསོ་རྒྱག་རྒྱུར་དམ་འཛིན་ལེགས་པོ་བྱས་ཏེ། གསར་བརྗེའི་གཞི་རྒྱུ་དང་གསར་བརྗེའི་མེ་སྟག་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་པ་བྱ་དགོས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཁྱད་བསད་མཐའ་གཅིག་ཏུ་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་རྒྱུར་དོ་སྣང་བྱེད་དགོས་ཞེས་བསྟན་གནང་ཡོད།
        ཝང་ཧུའུ་ཉིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཟིགས་རྒྱང་རིང་བ་དང་། གཟིགས་རྒྱ་ཆེ་བ། དགོངས་དོན་ཟབ་པ་བཅས་ཀྱི་གསུང་བཤད་གལ་ཆེན་གནང་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལས་དོན་སྤེལ་བའི་དོན་སྙིང་གལ་ཆེན་རྒྱས་བཤད་གཏིང་ཟབ་གནང་བ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གཙོ་གནད་དང་ལས་ཀའི་བླང་བྱར་རྒྱས་བཤད་གཏིང་ཟབ་གནང་བ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་ཁྱོན་ཡོངས་ནས་སྐུལ་སློང་དང་བཀོད་སྒྲིག་གནང་བས།ང་ཚོས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་ལེགས་པོ་སྤེལ་རྒྱུར་ཁ་ཕྱོགས་གསལ་སྟོན་དང་། རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། རིམ་ཁག་ཏང་ཨུད་དང་ཏང་ཙུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ཐོག་ འདུ་ཤེས་བཞི་ཆེ་རུ་གཏོང་བ་དང་། བློ་སྤོབས་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ་བཅས་བྱས་ནས་བསམ་བློའི་ངོས་འཛིན་དང་ཆབ་སྲིད་ཀྱི་གནས་ཚད་མཐོ་རུ་བཏང་སྟེ། རང་ས་ཁུལ་དང་། རང་སྡེ་ཚན། རང་ཚན་པ་བཅས་ཀྱི་སློབ་སྦྱོང་སློབ་གསོའི་ལས་དོན་ལ་དམ་འཛིན་ཡག་པོ་བྱ་དགོས་ཞེས་བསྟན་གནང་ཡོད།
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཡོན་ཨུ་ཡོན་ཀྲང་གཞོན་པ། རྒྱལ་དོན་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགོ་འཛིན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཏང་ཡོན་ཀྲུའུ་ཞི་གཞོན་པ། དེ་བཞིན་ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་བཅས་ཚོགས་འདུར་ཞུགས་པ་རེད།
        གྲོས་ཚོགས་དེ་བརྙན་འཕྲིན་ཁ་པར་ཐོག་ནས་སྐོང་འཚོགས་བྱས་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མི་དང་། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་དང་ཞིང་ཆེན་རིམ་པ་གཞོན་པའི་གྲོང་ཁྱེར་དང་། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེའི་འགོ་ཁྲིད་ཚན་ཁག་གི་ཁོངས་མི། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྡེ་ཚན་ཁག་དང་མི་དམངས་ཀྱི་ཚོགས་པ་ཁག ཀྲུང་དབྱང་དོ་དམ་དངུལ་རྩའི་ཁེ་ལས་དང་ཀྲུང་དབྱང་གི་དོ་དམ་ཁེ་ལས། ཀྲུང་དབྱང་གི་དོ་དམ་སློབ་གྲྭ། ཀྲུང་དབྱང་གི་དོ་དམ་མཐོ་སློབ་བཅས་དང་། དེ་བཞིན་དམག་དཔུང་གི་འབྲེལ་ཡོད་ཚན་པའི་འགན་ཁུར་བློ་མཐུན་གཙོ་བོ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་སོགས་ཚོགས་འདུར་ཞུགས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1