རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་སྤྱི་ཁྱབ་ལས་འཛིན་པས་དབྱི་ལིང་དུ་འཚམས་འདྲི་བྱས་ཏེ་མཉམ་ལས་གླེང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 02-23


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་གསར་འགྱུར་བརྙན་འཕྲིན་ཁང་གིས་ཚེས་ཉེར་གཅིག་ཉིན་བསྒྲགས་པ་ལྟར་ན། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཀི་ལོ་ཞི་ཚེས་ཉི་ཤུ་ཉིན་གྱི་དགོང་མོར་ཏི་ཧེ་ལན་དུ་འབྱོར་ཏེ། དབྱི་ལིང་ལ་འཚམས་འདྲི་བྱས། ཁོས་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་དང་དབྱི་ལིང་གིས་མུ་མཐུད་དུ་མཉམ་ལས་བྱེད་པའི་ཐད་ནས་དབྱི་ལིང་གི་དཔོན་རིགས་དང་མཉམ་དུ་གྲོས་བསྡུར་བྱེད་རྒྱུ་རེད་ཟེར། 
        ཀི་ལོ་ཞི་ཡིས་ཉེ་སྔོན་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། དབྱི་ལིང་གིས་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ལ་རང་འདོད་ལྟར་ཉིང་རྡུལ་ནུས་པའི་མཚོན་ཆ་རྒྱ་ཡན་དུ་མི་གཏོང་བའི་ཆིངས་ཡིག་གི་ཟུར་སྣོན་གྲོས་ཆོད་ཡི་གེ་ལག་བསྟར་བྱེད་མཚམས་འཇོག་རྒྱུའི་བརྡ་བཏང་བས། ཁོས་དབྱི་ལིང་དུ་འཚམས་འདྲི་བྱེད་རྩིས་ཡོད་ཟེར། ཁོས་དབྱི་ལིང་གི་མཐོ་རིམ་དཔོན་པོའི་བར་གྲོས་མོལ་བྱས་ཤིང་། ཕྱོགས་གཉིས་ཀྱིས་དང་ལེན་བྱེད་ཐུབ་པ་དང་དབྱི་ལིང་གི་བཅའ་ཁྲིམས་དང་མི་འགལ་བའི་ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱས་ཏེ། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་མུ་མཐུད་དུ་དབྱི་ལིང་ནས་དགོས་ངེས་ཀྱི་དཔྱད་ཞིབ་བྱ་བ་སྤེལ་བར་སྟབས་བདེ་བཟོ་རྒྱུ་རེད། 
        དབྱི་ལིང་གྲོས་ཁང་གིས་ན་ནིང་ཟླ་བཅུ་གཉིས་པར་བཅའ་ཁྲིམས་འཆར་ཟིན་བཏོན་ནས། གལ་ཏེ་སྲིད་གཞུང་གིས་དུས་ཡུན་ངེས་ཅན་ནང་དབྱི་ལིང་གི་བཀག་སྡོམ་ཇེ་ལྷོད་དུ་གཏོང་བའི་སྣང་ཚུལ་མེད་ན། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་ཚད་བཀག་ལས་བརྒལ་བའི་བྱ་སྤྱོད་སྤེལ་རྒྱུའི་རེ་བ་བཏོན། དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཀྲ་ལི་ཧྥུའུ་ཡིས་ཟླ་འདིའི་ཚེས་བཅུ་བདུན་ཉིན་བསྟན་དོན། བཅའ་ཁྲིམས་འཆར་ཟིན་དེ་ལྟར་ན། གལ་ཏེ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་འབྲེལ་ཡོད་ཕྱོགས་ཀྱིས་གཏན་འཁེལ་བྱས་པའི་དུས་ཚོད་ནང་གྲོས་མཐུན་གྱི་འོས་འགན་ལག་བསྟར་མ་བྱས་ན། དབྱི་ལིང་གིས་ཟླ་གཉིས་པའི་ཚེས་ཉེར་གསུམ་ཉིན་ནས་བཟུང་ཉིང་རྡུལ་མཚོན་ནུས་པའི་ཆ་རྒྱ་ཡན་དུ་མི་གཏོང་བའི་ཆིངས་ཡིག་གི་ཟུར་སྣོན་གྲོས་ཆོད་ཡི་གེ་ལག་བསྟར་བྱེད་མཚམས་འཇོག་རྒྱུ་ཡིན་ཡང་། དབྱི་ལིང་གིས་སྔར་བཞིན་དུ་ཉིང་རྡུལ་ནུས་པའི་མཚོན་ཆ་རྒྱ་ཡན་དུ་མི་གཏོང་བའི་ཆིངས་ཡིག་དང་དེའི་འགན་སྲུང་གྲོས་ཆོད་བརྩི་སྲུང་བྱེད་ངེས་ཡིན་ཟེར། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1