དབྱི་སི་རལ་དང་ཨེ་ཅིབ་ཀྱིས་མཚོ་འོག་རང་བྱུང་སོལ་རླངས་སྦུག་ལམ་འཛུགས་སྐྲུན་བྱེད་རྒྱུ་རེད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 02-24


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་སི་རལ་གྱི་དཔོན་རིགས་ཀྱིས་ཚེས་ཉེར་གཅིག་ཉིན་བཤད་རྒྱུར། དབྱི་སི་རལ་དང་ཨེ་ཅིབ་ཀྱིས་མཚོ་འོག་གི་རང་བྱུང་སོལ་རླངས་སྦུག་ལམ་ཞིག་འཛུགས་སྐྲུན་བྱས་ཏེ། དབྱི་སི་རལ་གྱི་ས་དཀྱིལ་མཚོ་ཁོངས་ཤར་མར་གསར་སྤེལ་བྱས་པའི་རང་བྱུང་སོལ་རླངས་དེ་ཨེ་ཅིབ་བྱང་ཕྱོགས་སུ་འདྲེན་པ་དང་། དེ་ནས་གཤེར་གཟུགས་ཀྱི་རང་བྱུང་སོལ་རླངས་སུ་ལས་སྣོན་བྱས་རྗེས་ཡོ་རོབ་གླིང་དུ་ཕྱིར་གཏོང་པར་ཡིད་འཐད་བྱུང་ཡོད་ཟེར། 
        མིང་བཤད་མི་འདོད་པའི་དབྱི་སི་རལ་གྱི་དཔོན་པོ་ཞིག་གིས་བཤད་རྒྱུར། ཨེ་ཅིབ་ཀྱི་ནུས་ཁུངས་པུའུ་ཀྲང་ཐཱ་ལི་ཁི་མའོ་ལཱ་ཡིས་དབྱི་སི་རལ་དུ་འཚམས་འདྲི་བྱེད་སྐབས། དབྱི་སི་རལ་གྱི་ནུས་ཁུངས་པུའུ་ཀྲང་ཧྲི་ཐེ་ནེ་ཚི་དང་མཉམ་དུ་ལས་གཞི་དེར་གྲོས་ཐག་བཅད་ཡོད་ཟེར། 
        དཔོན་པོ་དེས་བཤད་རྒྱུར། སྦུག་ལམ་དེས་དབྱི་སི་རལ་གྱི་ལེ་ཝེ་ཡཱ་སིན་རང་བྱུང་སོལ་རླངས་ཐོན་ཁུལ་དང་ཨེ་ཅིབ་བྱང་ཕྱོགས་ཀྱི་གཤེར་གཟུགས་རང་བྱུང་སོལ་རླངས་ཀྱི་སྒྲིག་ཆས་སྦྲེལ་མཐུད་བྱེད་རྒྱུ་ཡིན་པ་དང་། དེའི་དམིགས་ཡུལ་ནི་ཡོ་རོབ་གླིང་གི་ཕྱིར་གཏོང་ཇེ་མང་དུ་གཏོང་བ་དེ་རེད་ཟེར། 
        ལེ་ཝེ་ཡཱ་སིན་རང་བྱུང་སོལ་རླངས་ཐོན་ཁུལ་དེ་དབྱི་སི་རལ་གྱི་གྲུ་ཁའི་གྲོང་ཁྱེར་ཧེ་ཧྥ་ནུབ་ངོས་ཀྱི་སྤྱི་ལེ་བརྒྱ་དང་སུམ་ཅུའི་མཚམས་ཀྱི་མཚོ་ཞབས་སུ་ཡོད་པ་དང་། ཉིས་སྟོང་བཅུ་ལོར་རྙེད་དེ་ཉིས་སྟོང་བཅུ་དགུའི་ལོར་ཐོན་སྐྱེད་བྱེད་མགོ་བརྩམས་ཡིན་ལ། ཚོད་དཔག་བྱས་ན་རང་བྱུང་སོལ་རླངས་ཀྱི་གསོག་ཚད་རྨིད་རྒྱ་དཔངས་གྲུ་བཞི་མ་ཁྲག་ཁྲིག་ལྔ་དང་ཐེར་ཆེན་གསུམ་ཐེར་འབུམ་ལྔར་བསླེབས་ཡོད་པ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1