དཀར་མཛེས་སུ་ཡང་བུ་མོ་དྲ་གྲགས་ཞིག་ཐོན་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 02-24



       ཉེ་ཆར། རང་ལོ་4ལ་སླེབས་པའི་བུ་མོ་ཞིག་གིས་གངས་ཁྲོད་དུ་འཛུམ་དམུལ་དམུལ་བསྡད་པའི་བརྙན་ཐུང་ཞིག་དྲ་ཐོག་ཏུ་སྐད་གྲགས་ཆོད་པར་གྱུར། དྲ་གྲོགས་མང་པོ་ཞིག་གིས་བུ་མོ་སྙིང་རྗེ་མོ་འདི་པང་ལ་བཏབ་རྒྱུ་བྱུང་ན་བསམ་གྱི་འདུག་ཅེས་དང་། ད་དུང་བུ་མོ་འདིའི་མིག་ལམ་ལས་སྐར་འོད་འཚེར་བཞིན་འདུག་ཅེས་བསྔགས་བརྗོད་བྱེད་བཞིན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། རང་ལོ་4ལ་སླེབས་པའི་བུ་མོ་ཆུང་ཆུང་འདིའི་མིང་ལ་སྒྲོལ་མ་ཟེར་བ་དང་། ཕ་ཡུལ་སི་ཁྲོན་དཀར་མཛེས་ཁུལ་སྡེ་དགེ་རྫོང་མ་ཎི་གད་འགོ་གྲོང་རྡལ་ཡིན་པ་དང་། ཁོང་དང་ཁྱིམ་མི་རྣམས་གྲོང་ཚོའི་ནང་བདེ་སྐྱིད་བག་ཕེབས་ཀྱི་འཚོ་བར་རོལ་བཞིན་ཡོད།  


       དཀར་མཛེས་ཁུལ་སྡེ་དགེ་རྫོང་སྨྱན་སྦྱོར་ལྟེ་གནས་ཀྱིས་རོགས་རམ་འོག གསར་འགོད་པས་སྒྲོལ་མའི་ཨ་ཕར་བཅར་འདྲི་ཞུས་པ་དང་། འབྲོག་སར་ཕྱུགས་འཚོ་བའི་ཁོང་ཚོས་དྲ་གྲགས་ཟེར་བ་གང་ཡིན་མིན་དེ་ཙམ་ཤེས་ཀྱི་མེད་ཁར། དེ་སྔོན་སྐད་གྲགས་ཆོད་པའི་ལི་ཐང་གི་བསྟན་འཛིན་ལ་ཡང་རྒྱུས་མངའ་དེ་ཙམ་མེད། ད་ཐེངས་སྒྲོལ་མ་གློ་བུར་དུ་སྐད་གྲགས་ཆོད་དོན་ནི། དཔྱིད་གསར་དུས་ཆེན་རིང་། སྒྲོལ་མའི་ཨ་ཁུས་སྒྲོལ་མར་བརྙན་ཐུང་ཞིག་ཕབ་ལེན་བྱས་ཏེ་དྲ་ཐོག་ཏུ་སྐུར་བས་ཡིན། སྡེ་དགེ་སྨྱོན་སྦྱོར་ལྟེ་གནས་ཀྱི་ལས་དོན་མི་སྣས་ཁོང་ཚོ་སྒྲོལ་མ་ཆུང་ཆུང་འཚོལ་བར་སླེབས་སྐབས། ནང་མི་ཚོས་གཞི་ནས་སྒྲོལ་མའི་བརྙན་ཐུང་དེ་དྲ་ཐོག་ཏུ་སྐད་གྲགས་ཆོད་པ་ཤེས་རྟོགས་བྱུང་བ་དང་། དྲ་གྲོགས་ཚོས་དོ་སྣང་ཆེན་པོ་གནང་བར་སྒྲོལ་མའི་པཱ་ལགས་ཀྱིས་བཀའ་དྲིན་ཆེ་ཞུས་ཤིང་། ཁོང་གིས་སྒྲོལ་མའི་ཚབ་ཞུས་ནས་ཚང་མ་སྡེ་དགེར་སྤྲོ་རྩེད་གནང་དུ་ཕེབས་པར་དགའ་བསུ་ཞུ་ཞེས་གསུངས་པ་རེད། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1