༄༅། །གེ་སར་རྒྱལ་པོའི་ཕྱག་རྗེས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-23


             རྨ་ཆུའི་ལྷོ་འགྲམ་གྱི་གཅན་ཚ་རྫོང་ལྷ་ས་གྲོང་སྡེ་རུ་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ཧ་ཅང་དར་རྒྱ་ཆེ་ཞིང་། ས་དེའི་སྐྱེ་བོ་ཕོ་མོ་རྒན་གཞོན་རྣམས་གེ་སར་སྒྲུང་ལ་དགའ་བ་ཤིན་ཏུ་ཆེ་བ་དང་། དུས་ནམ་ཡང་ཁོམ་པ་ཙམ་ཡོད་ན་མི་རྣམས་རང་ཤུགས་སུ་སྒྲུང་པའི་ཁྱིམ་ལ་འདུས་ཏེ་སྒྲུང་བཤད་པར་ཉན་བཞིན་ཡོད། ད་དུང་ལྷ་ས་གྲོང་སྡེ་དེའི་གཡས་གཡོན་ཀུན་ཏུ་གེ་སར་རྒྱལ་པོའི་རྟེན་འགངས་ཆེན་གྱི་རིགས་དང་ངོ་མཚར་ལྡན་པའི་གཏམ་རྒྱུད་མང་པོ་ཞིག་ལྟ་རྒྱུ་དང་ཉན་རྒྱུ་ཡོད། ཁྱད་པར་དུ་འདིར་དམིགས་སུ་བཀར་ནས་བརྗོད་པར་བྱ་བ་ནི་ལྷ་ས་གྲོང་སྡེའི་ནུབ་ཕྱོགས་ཀྱི་ནགས་ཚུལ་སྟུག་པོའི་གསེབ་ན་ཀྲོང་ངེར་འགྱིངས་ཤིང་བྲག་རིའི་ངོས་སུ་གསལ་ལེར་བབས་ཡོད་པའི་གླིང་རྗེ་གེ་སར་རྒྱལ་པོའི་ཕྱག་རྗེས་ཟེར་བ་དེ་ལགས། བྲག་ངོས་སུ་བབས་པའི་ཕྱག་རྗེས་ཡ་མཚན་ཅན་དེ་ནི་ངོ་མ་མི་ཞིག་གིས་དངོས་སུ་འདམ་འབག་ནང་དུ་ལག་རྗེས་བཀོད་པ་བཞིན་བྲག་ངོས་སུ་སོར་གསུམ་ཙམ་བརྡིབས་འདུག  ཕྱག་རྗེས་དེའི་ཆེ་ཆུང་ནི་མི་ཕལ་བའི་རྐང་རྗེས་ལས་ལྡབ་གཉིས་གསུམ་ཙམ་ཆེ་བར་མ་ཟད། རྗེས་ཤུལ་དེ་སྙོམས་ཤིང་འཇམ་པོར་གྱུར་འདུག  བྲག་གི་མདུན་ཕྱོགས་སུ་རང་བྱུང་གི་ཕ་བོང་མང་པོ་ཐར་ཐོར་དུ་ཡོད་པས་རང་གའི་མི་ཕལ་བ་ཞིག་གིས་བྲག་ངོས་སུ་ལག་རྗེས་འགོད་བསམ་ཀྱང་རྦབ་རྡོ་ཇི་བཞིན་མར་འགྲིལ་ཡོང་ཁོ་ཐག་རེད། མཐོན་པོ་བྲག་ངོས་སུ་ཡོད་པའི་ཕྱག་རྗེས་དེ་ལ་བཤད་ཚུལ་འདྲ་མིན་སྣ་ཚོགས་ཡོད་ནའང་སྒྲུང་པ་ནོར་བུ་རྒྱ་མཚོས་བཤད་པའི་གཏམ་རྒྱུད་ཐུང་ངུ་དེར་ཉན་འདོད་ཆེ་བའི་དབང་གིས་གཤམ་དུ་གསལ་བོར་བཀོད་ན་འདི་ལྟ་སྟེ། དེ་སྔ་སྐྱེས་མཆོག་ནོར་བུ་དགྲ་འདུལ་གྱིས་དགྲ་མགོ་ཡར་ཁམས་བྱང་ལ་གཏད་ནས་བདུད་ཀླུ་བཙན་རྒྱལ་པོར་ཐོད་མདའ་སྤྲད་པ། དགྲ་མཐའ་སྨུག་པོ་འཇང་ལ་གཏད་ནས་འཇང་ས་དམ་རྒྱལ་པོ་ཆམ་ལ་ཕབ་སྟེ་དགུང་ལོ་ཞེ་ལྔའི་གོང་ཐོག་གི་ལྕགས་ཕོ་རྟའི་གནམ་ལོའི་དབྱར་ཟླ་འབྲིང་བའི་ཚེས་གཅིག་གི་ནམ་སྨད་ལ་ལྷ་མཁར་དུ་གཟིམས་ལ་བཞུགས་པའི་སྐབས་སུ། ནམ་མཁའ་འཇའ་གུར་གྱི་གསེབ་ནས་སྟོད་ལྷ་ཆེན་ཚངས་པ་དཀར་པོ་ཉིད་ལྷ་འཁོར་བྱེ་བ་སྟོང་གིས་བསྐོར་ཏེ། ཤེལ་དཀར་ཁུ་འཕངས་སི་ལི་ལི། མེ་ཏོག་སྤོས་དྲི་ཐུ་ལུ་ལུ། ལུང་བསྟན་གྱི་སྙན་གླུ་ཀྱུ་རུ་རུ་འདི་སྐད་གསུང་དོན། གླིང་རྗེ་ནོར་བུ་དགྲ་འདུལ་ཁྱོད།། རེ་ཞིག་བདག་གི་ཚིག་ལ་གསོན།། ཁྱོད་ད་ལྟ་དགུང་ལོ་ཞེ་ལྔ་རེད།། དགྲ་མཐའ་ལྷོ་ལ་གཏད་དགོས་འདུག། ལྷོ་ནགས་རྒྱུད་ཤིང་ཁྲི་རྒྱལ་པོ་དེ།། ནག་པོ་བདུད་ཀྱི་རྗེ་བོ་ཡིན།། སངས་རྒྱས་བསྟན་པའི་སྤྱི་དགྲ་ཡིན།། ཁྲ་བོ་གླིང་གི་སྒེར་དགྲ་རེད།། འདི་མ་བཏུལ་འཇོག་ཐབས་ག་ན་ཡོད།། ཁྱོད་མ་འདུག་ལ་མོ་ལྷོ་ལ་ཆས།། དམག་རྟ་སེར་བ་འབབ་འབབ་དགོས།། རྐང་དམག་བུ་ཡུག་འཚུབ་འཚུབ་དགོས།། ཞེས་ལུང་བསྟན་གནང་རྗེས་ནམ་མཁར་འཇའ་ཡལ་བ་བཞིན་དུ་མི་སྣང་བར་གྱུར་ཏོ།། དེ་ནས་སེང་ཆེན་རྒྱལ་པོ་མཆོག་གིས་གོང་མ་ལྷའི་ལུང་བསྟན་ལ་འཆུགས་ནོར་ཞིག་གང་ན་ཡོད་དགོངས་ནས་མ་འགྱངས་པར་དཔའ་རྟུལ་རྣམས་ལ་བཀའ་ཕབ་སྟེ། ཕྱི་ཉིན་ཞོགས་པའི་ཉི་རྩེ་མ་ཤར་བའི་སྔོན་ལ་ཚོ་དྲུག་གླིང་རུའི་ལས་དམག་ཐམས་ཅད་རང་རང་དཔུང་དང་བཅས་པ་གོ་བཀྲག་འཇའ་ཚོན་ཤར་འདྲ། རྟ་འདོ་བ་སྒ་སྲབ་ཁྲིགས་སེ་བྱས་ནས་སྐུ་མཁར་སེང་འབྲུག་སྟག་རྩེའི་མདུན་དུ་ཚོགས་དགོས་གསུངས།། ཕྱི་ཉིན་ནམ་ལངས་པ་དང་མཉམ་དུ་སྐུ་རྗེ་ཡིད་བཞིན་ནོར་བུ་ཁོང་ཡང་འབྱོན་པར་བརྩམས་ཤིང་། གླིང་རུའི་ཤོག་ཆེན་བརྒྱད་ཅུ་ནས་རང་རང་དཔུང་དང་བཅས་པ་རྟ་དམག་སེར་བ་འབབ་འབབ། རྐང་དམག་བུ་ཡུག་འཚུབ་འཚུབ་ཀྱི་ངང་དུ་འདུས་པ་ན། རྒྱལ་མཆོག་རིན་པོ་ཆེ་ཉིད་གསེར་ཁྲི་ལས་བཞེངས་ཏེ་རྨོག་དཀར་རྒྱལ་བའི་གླིང་བཞི། ཁྲབ་ཆེན་ཁྲོམ་ནག་ཟིལ་བ། གཞུ་མོ་རྭ་རྒོད་འབྲུག་གྲགས། སྟག་རལ་རྡོ་རྗེ་འབར་བ། རལ་གྲི་བཏབ་པ་ལན་མེད།ཞགས་པ་ཁམས་གསུམ་རང་འགུགས། མདུང་མོ་ཁམས་གསུམ་དགྲ་འདུལ། ཕུབ་ཆེན་སྦ་དམར་ལིང་དྲུག རྟ་ལྕག་འཕྲུལ་གྱི་རྡོ་རྗེ། ཁྲབ་གདན་པདྨ་སྟོང་ལྡན། འཆིང་བྱེད་གསེར་གྱི་ཅོད་པན། རུ་དར་ལྷ་ཡི་སོ་བ། གཙུག་ཕྲ་གཟི་འོད་ཁྲ་ཡག་བཅས་སྐུ་ཆས་བཞེས་ཤིང་། འདོ་བ་རྐྱང་རྒོད་གཡེར་བ་དེ། རྟ་རྐྱང་དཀར་མ་ཡིན་རྐྱང་དམར་ཡིན་པ། པདྨ་རྰ་གའི་སྤུ་མདོག  སྣང་བ་མཐའ་ཡས་སྤྲུལ་བ། ཁྱུང་སྒ་ཡིད་བཞིན་དབང་རྒྱལ། བལ་སྟན་སྨེ་བ་དགུ་ལིང་། ཀོ་གཟར་ཉི་ཟླ་ཁ་སྤྲོད། གློ་ལེན་འབྲུག་གི་ཤ་འགྱུ། གོང་ཐག་ལྷ་འདྲེ་ཟིལ་གནོན། དུང་ཡོབ་དཀར་པོ་རྒྱང་ཤར། གསེར་སྲབ་དུང་གི་ཁ་མུར་བཅས་སྒ་ཆས་ལུས་ལ་རྫོགས་ཤིང་། ཧུ་ཧུ་ལན་གསུམ་འཚེར་བས་ས་རྣམ་པ་དྲུག་ཏུ་གཡོས་ཤིང་མེ་ཏོག་གི་ཆེ་བ་འབབ་པ་དང་བཅས་པའི་ལྟས་བཟང་པོ་སྣ་ཚོགས་ཤར་བ་དང་ཆབས་ཅིག་རྒྱལ་མཆོག་རིན་པོ་ཆེ་དེ་འདོ་བ་རྐྱང་རྒོད་གཡེར་བའི་གོང་དུ་བུད་ནས་ཚོ་དྲུག་གླིང་རུའི་དམག་དཔུང་རྣམས་ཀྱི་སྣེ་ཁྲིད་དེ་ལྷོ་བདུད་མོན་གྱི་ཡུལ་ལ་ཆས་སོ།། དེ་ནས་རྒྱལ་བློན་འཁོར་དང་བཅས་པ་བདུད་རི་གླང་ཆེན་རྩེ་དགུའི་འདབས་བརྒྱུད་དེ་ལྷ་སའི་རྫ་སྒང་གོང་མའི་ཐོག་ཏུ་བསླེབས་ཚེ། བྲག་སྲིན་པོ་ཁ་གདངས་པ་འདྲ་བ་ཞིག་གི་ནང་དུ་བླ་སྟག་མི་གཟན་མགོ་དགུ་ཟེར་བ་གནས་པས། སྟག་དེས་དུག་རླངས་གཡག་རྔ་ཙམ་ཞིག་ཕྱུག་སྟེ་དྲི་ངན་ཐུ་ལུ་ལུ་བྱུང་བར། ཁྲོ་ཐུང་སྐྲག་ནས་འགྲོ་མ་ཕོད་པར་ན་རེ། རྒྱལ་པོ་ལགས།ངེད་རང་རྣམས་འདིར་འདུག་དང་མཐུའི་བྱིན་རླངས་ལ་ཉེ་རིང་མེད་ཟེར། དེར་རྒྱལ་པོས་བསམ་བློ་ཅུང་ཙམ་ཞིག་བསྐོར་ཏེ་ཞལ་འཛུམ་པ་དང་བཅས་དམག་དཔུང་ཐམས་ཅད་མུ་མཐུད་དུ་མདུན་དུ་སྐྱོད་དང་ཨ་ཁུ་འདིར་སྡོད་གསུངས། དེར་རྒྱལ་པོ་ཉིད་བྲག་གླང་ཆེན་གྱི་སྣ་ཞགས་འདྲ་བའི་ཐོག་ཏུ་བཞུགས་ཏེ་སྟག་ཏེ་ཐུགས་རྗེའི་ལྕགས་ཀྱུས་བཟུང་། སྟོང་ཉིད་ཀྱི་ཞགས་པས་བཀྱིགས་ཏེ་ཡོད་པར། ཁྲོ་ཐུང་མི་ཆུང་དཔོན་གཡོག་གཉིས་ཀྱང་ས་དེར་བཞུགས་པས།ཁྲོ་ཐུང་གིས་མིག་བཙུམ་རྡེབ་ཀྱི་བར་ནས་སྒྲུབ་གཏོར་འཕངས་ཏེ་བྲག་རི་བསྙིལ་ཀྱང་བླ་སྟག་མི་གཟན་དེའི་སྲོག་གཅིག་ཀྱང་མ་ཆད་པར་ཚང་སྒོར་ཐོན་ནས་ལྕེ་དམར་དར་ཡུག་ལྟར་བརྐྱངས་ཤིང་། མཆེ་བ་གངས་རི་ལྟར་གཙིགས་ནས་ཁྲོ་ཐུང་གི་ཕྱོགས་སུ་དགུང་ལ་གཟའ་རྒོད་རྒྱུག་པ་བཞིན་དུ་བྱུང་བ་ན། ཁྲོ་ཐུང་བྲོས་པས་སག་ལྷམ་རྩྭ་ཐག་ལ་ཐོགས་ནས་འགྱེལ། དེ་ནས་བླ་སྟག་ཉེ་བར་བསླེབས་པས་ཅི་བྱེད་འདི་བྱེད་མེད་པར་གསོམ་སྡོང་ཞིག་གི་སྟེང་ལ་འགོས། སྟག་དེ་ཡང་གསོམ་སྡོང་གི་ཕྱེད་ཙམ་དུ་འགོས་ཏེ་ཁྲོ་ཐུང་གི་སྲོག་ལ་ཉེན་ཁ་ཆེ་བའི་སྐབས་དེར། གླིང་རྗེ་གེ་སར་རྒྱལ་པོས་གཞུ་མོ་རྭ་རྒོད་འབྲུག་གྲགས་སྟེང་དུ་དུང་མདའ་ཤ་གཟན་སྒྲོ་དཀར་དེ་བཞག་ནས་འཕངས་པས་མེ་ལྕེ་གློག་དང་བཅས་ཏེ་བླ་སྟག་གི་སྙིང་ལ་ཕོག་སྟེ། ནམ་མཁར་སྤྲིན་ནག་འཁྲིགས།འབྲུག་སྒྲས་གནམ་ས་གཡོ་བ་དང་ཆབས་ཅིག་བླ་སྟག་མི་གཟན་དེ་ཕམ་པར་བཟོས་པའི་མོད་ལ། འཇིགས་རུང་བྲག་རི་དེར་ཐིམ་སོང་ངོ།།དེར་སེང་ཆེན་ནོར་བུ་དགྲ་འདུལ་གྱིས་བྲག་ལ་ཕྱག་རྗེས་བཀོད་དེ་བསྐལ་འདི་འཇིག་རག་བར་དུ་ཐར་མི་ཐུབ་པའི་སྔགས་གྲངས་མེད་བཟླས་སོ་ཞེས་གྲགས་པའོ།། དུས་སྐབས་དེ་ནས་བཟུང་ལྷ་སའི་རྫ་སྒང་གི་བྲག་ངོས་སུ་ཡོད་པའི་གེ་སར་རྒྱལ་པོའི་ཕྱག་རྗེས་དང་འབྲེལ་བའི་གཏམ་རྒྱུད་ངོ་མཚར་ལྡན་པ་འདི་ཡང་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་སོང་ཞེས་སྐྱེ་བོ་ཀུན་གྱིས་བརྗོད་དོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1