གཙོ་ངོས།>> གསར་འགྱུར།>>བོད་འབྲེལ་ས་ཁུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༢ཚེས་༢༥ཉིན།

ཇོ་རིའི་གདོད་མའི་སྣོད་བཅུད་སྲུང་སྐྱོབ།


    ཟླ་2ཚེས་22ཉིན། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4000བརྒལ་བའི་དིང་རི་རྫོང་དུ། གནམ་གཤིས་གྲང་ངར་ཆེ་ཞིང་བསིལ་རླུང་འུར་འུར་དུ་ལྡང་། སྐྱ་རེངས་ཤར་མཚམས་སུ། ཚེ་དངོས་དང་རོགས་པ་ཚོ་མཉམ་དུ་རྫོང་གྲོང་ནས་ཐོན། 

    ཇོ་རིའི་སྲུང་སྐྱོབ་ཁུལ་དུ་འགྲོ་བའི་རི་ལམ་ཀྱག་ཀྱོག་ཆེ་ཞིང་། ལམ་ཀྱོག་འགའ་རེའི་འོག་ནི་གཡང་རོང་ཡིན།  རླངས་འཁོར་མགྱོགས་པོ་བཏང་མེད་ཅིང་། དེ་ནི་གཅིག་ནས་རི་ལམ་ཉེན་ཁ་ཆེ་བ་དང་། གཉིས་ནས་རླངས་འཁོར་ནང་སྡོད་མཁན་ཚོས་བློ་རྩེ་གཅིག་སྒྲིམ་གྱིས་ཕྱོགས་བཞིར་བལྟས་ནས་གློ་བུར་དུ་ཐོན་པའི་རི་སྐྱེས་སྲོག་ཆགས་ལ་དོ་སྣང་བྱེད་དགོས་པས་རེད། དིང་རི་རྫོང་གྲོང་ནས་ཇོ་རིའི་སྒར་ས་ཆེན་པོའི་ལམ་བར་གྱི་རི་ངོས་སུ་ལྗོན་ཤིང་ཆེ་རིགས་མཐོང་རྒྱུ་མེད་ཅིང་། མང་ཤོས་ནི་སྡོང་ཕྲན་ཐུང་ཐུང་དང་བྲག་རྡོ་ཁོ་ན་ཡིན།

 

   ཚེ་དངོས་ནི་དེའི་ཐད་ཉམས་མྱོང་ཕུན་སུམ་ཚོགས་ཤིང་།  ལ་ཞིག་བརྒྱབ་རྗེས་ཁོང་དང་ལས་རོགས་ཚོས་ཐག་རིང་གི་རི་ངོས་ནས་རི་དྭགས་ཁྱུ་གཅིག་ཡོད་པ་མཐོང་། ཁོང་ཚོས་རྒྱང་ཤེལ་འཁྱེར་ཏེ་ཞིབ་ལྟ་བྱས་པས། ཚེ་དངོས་དང་ལས་རོགས་ཚོས་དེ་ནི་ཧི་མ་ལ་ཡའི་རི་ར་པོ་ཡིན་ཞིང་ཁ་གྲངས་10ཡས་མས་ཡོད་པ་ཤེས། 

   ཐེངས་འདིའི་སྐོར་ཞིབ་སྲུང་སྐྱོབ་བྱེད་ཡུན་ཉིན་གཉིས་ཡིན་ཞིང་། ཞོགས་པ་རྫོང་གྲོང་ནས་ཐོན་པ་དང་། མཚན་མོར་རི་ཁུག་ཏུ་གནས་པའི་རོང་ཤར་ཤང་དུ་སླེབས། དེ་ནས་རྫོང་གྲོང་དུ་ཕྱིར་ལོག་བྱེད་ཀྱི་ཡོད། ལམ་བར་དུ་སྲོག་ཆགས་དང་རྩི་ཤིང་འདྲ་མིན་གྱི་ཆ་འཕྲིན་ཐོ་འགོད་བྱེད་པ་མ་ཟད། ད་དུང་སྲུང་སྐྱོབ་ཁུལ་ནང་གི་ཡུལ་མིས་ཁོར་ཡུག་གཏོར་སྐྱོན་བཏང་མིན་ལ་ལྟ་ཞིབ་བྱེད་པ་དང་སྦྲགས། མང་ཚོགས་ལ་ཁོར་ཡུག་སྲུང་སྐྱོབ་ཀྱི་ཤེས་བྱ་དང་གནས་ཚུལ་དྲིལ་བསྒྲགས་བྱེད་ཀྱི་ཡོད་པས། དེ་དག་ཚང་མ་ནི་ཚེ་དངོས་ཀྱི་རྒྱུན་ལྡན་གྱི་ལས་ཀ་ཡིན།   ཉིན་གཉིས་རིང་སྐོར་ཞིབ་བྱས་པ་དེས་ང་ཚོར་སྲུང་སྐྱོབ་ཁུལ་ནས་ཧི་མ་ལ་ཡའི་རི་ར་པོ་དང་བྱ་གོང་མོ་སོགས་རི་མཐོར་འཚོ་བའི་རི་དྭགས་ཐེངས་མང་འཕྲད་པ་མ་ཟད། ད་དུང་རོང་ཤར་ཤང་ཉེ་འཁོར་གྱི་ནགས་ཁྲོད་ནས་སྤྲེའུ་མཇུག་རིང་སོགས་སྲུང་སྐྱོབ་བྱེད་པའི་སྲོག་ཆགས་ཀྱང་མཐོང་བྱུང་།  སྲུང་སྐྱོབ་ཁུལ་དུ་སྲོག་ཆགས་ཀྱི་ཁ་གྲངས་དང་སྣ་རིགས་སྔར་བས་མང་དུ་ཕྱིན་ཡོད་པ་དང་། འགྲོ་སྐྱོད་ཁྱབ་ཁོངས་ཀྱང་མུ་མཐུད་རྒྱ་ཆེར་སོང་འདུག་ཅེས་ཚེ་དངོས་ཀྱིས་བཤད།


   ཚེ་དངོས་ཀྱིས“དུས་རྒྱུན་གྱི་དོ་དམ་དང་སྲུང་སྐྱོབ་བྱེད་པ་ཕུད། ལོ་ལྟར་དབྱར་ཁ་ཡུལ་སྐོར་དུས་ལྡིག་གི་སྐབས་སུ་ཇོ་རིའི་ཉེ་འདབས་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ཐད་དཀའ་ཚེགས་ཆེ་ཙམ་འཕྲད་ཀྱི་འདུག སྐབས་དེར་སྲུང་སྐྱོབ་མི་སྣས་མཛེས་ལྗོངས་ཁུལ་གྱི་སྒོ་ཁར་ལངས་ནས་འགྲོ་འོང་བྱེད་མཁན་ཡུལ་སྐོར་བར་དྲིལ་བསྒྲགས་ཤོག་བྱང་འགྲེམས་པ་དང་། ཁོར་ཡུག་སྲུང་སྐྱོབ་ཀྱི་ཁུག་མ་སྤྲད་དེ་འགྲོ་འོང་བྱེད་མཁན་ཡུལ་སྐོར་བས་མཛེས་ལྗོངས་ཁུལ་དུ་གད་སྙིགས་མང་པོ་མི་བཟོ་བའི་དྲན་སྐུལ་བྱེད་ཀྱི་ཡོད་ཅེས་བཤད།

   ཇོ་མོ་གླང་མ་རྒྱལ་ཁབ་རིམ་པའི་མཛེས་ལྗོངས་ཁུལ་དེ་དིང་རི་དང་། གཏིང་སྐྱེས། གཉའ་ལམ། སྐྱིད་གྲོང་བཅས་རྫོང་4དང་འབྲེལ་བ་ཡོད་ཅིང་། རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་མ་ཁྲི་3.38ཡོད།  ཉེ་བའི་ལོ་ཤས་རིང་། སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་བ་དང་བསྟུན། ཇོ་རིའི་སྲུང་སྐྱོབ་ཁུལ་དུ་རྩ་ཆེའི་སྲོག་ཆགས་ཀྱི་སྣ་རིགས་དང་གྲངས་འབོར་ཚང་མ་སླར་གསོ་བྱུང་ཡོད།  རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་གསའ་གཟིག་ལ་དཔེ་བཞག་ན། དོ་དམ་ཅུད་ཀྱིས་གསའ་གཟིག་འཚོ་གནས་ཀྱི་སྣོད་བཅུད་མ་ལག་སྲུང་སྐྱོབ་དང་ཉམས་གསོ་ཧུར་ཐག་བྱས་་ཡོད། མིག་སྔར་པེ་ཅིང་ནགས་ལས་སློབ་ཆེན་ཞིབ་འཇུག་པས་མཁོ་འདོན་བྱས་པའི་གྲངས་གཞིར་གཞིགས་ན། ཇོ་རིའི་སྲུང་སྐྱོབ་ཁུལ་དུ་གསའ་གཟིག་གི་ཁ་གྲངས་192ནས་267བར་འཕར་ཡོད། 


   ཇོ་མོ་གླང་མའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ཅུད་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར། ཇོ་རིའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་ནུས་ལྡན་ཐུབ་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། ཇོ་རིའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ནགས་ཚལ་རྒྱ་ཁྱོན་སྤྱི་ཆིང་55165ཟིན་པ་དང་། ནགས་ཚལ་ཁེབས་ཚད་14.85%ཟིན་ཡོད། སྲུང་སྐྱོབ་ཁུལ་དུ་སྐམ་སའི་རི་སྐྱེས་སྒལ་ཚིགས་ཅན་གྱི་སྲོག་ཆགས་སྡེ་30ཡི་ཚན་93ལ་རིགས་491ཡོད། དེའི་ཁྲོད་དུ། སྐམ་གཤེར་གཉིས་གནས་ཀྱི་སྲོག་ཆགས་སྡེ་1གི་ཚན་4ལ་རིགས་9ཡོད་པ་དང་། གོག་བགྲོད་ཁྱུ་ཚོགས་སྡེ་1གི་ཚན་4ལ་རིགས་11ཡོད་པ། འདབ་ཆགས་སྡེ་18ཀྱི་ཚན་62ལ་རིགས་390ཡོད་པས་བོད་ལྗོངས་སུ་ཤེས་རྟོགས་བྱུང་ཟིན་པའི་བྱ་རིགས་སྤྱི་འབོར་གྱི་80%ཡན་ཟིན་པ། འོ་འཐུང་སྲོག་ཆགས་སྡེ་10ཡི་ཚན་23ལ་རིགས་81ཡོད། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1