༄༅།། སྐད་ཡིག་སྦྱོང་ཐབས་ཀྱི“མན་ངག”

བླ་མ་བཀྲ་ཤིས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 02-25


 ❋ཀན་ལྷོ། བླ་མ་བཀྲ་ཤིས།
        ནམ་རྒྱུན་སློབ་མ་མང་པོ་ཞིག་གིས་བདག་ལ་དྲི་བ་འདི་འདྲ་ཞིག་འདྲི་བར་བྱེད་དེ། དགེ་རྒན། ངས་བོད་ཡིག་འབད་པས་སྦྱོང་གིན་ཡོད་ཀྱང་། རྒྱུགས་འབྲས་ལ་ཡར་སྐྱེད་ཅི་ཡང་མེད་པས་ཇི་ལྟར་བྱས་ན་འགྲིག་གམ། དགེ་རྒན། ང་བོད་ཡིག་སྦྱང་རྒྱུར་དགའ་ཡང་། ཇི་ལྟར་སྦྱང་དགོས་པ་མི་ཤེས་པས། ཐབས་རེ་བསླབ་རོགས། ཞེས་པ་དེ་རེད། དྲི་བ་འདིའི་རིགས་ནི་ང་དང་འདྲ་བའི་སྐད་ཡིག་དགེ་རྒན་མང་པོ་ཞིག་ལའང་ཕྲད་ཡོད་པར་ངེས་མོད། ལན་ཇི་ལྟར་འདེབས་ཀྱིན་ཡོད་མེད་ཆ་མ་འཚལ།
        དྲང་མོར་བཤད་ན། ངས་ནི་དྲི་བ་འདིའི་རིགས་ལ་ལན་ཡང་དག་ཅིག་གདབ་མ་ཐུབ་པར་ད་དུང་ལུས་ཡོད་ལ། ཡང་སྙིང་ལན་ཡང་དག་ཅིག་ཡོད་མེད་ལ་ཡང་ཡིད་ཐེ་ཚོམ་དུ་ཚུད་ཡོད། སློབ་མ་རྣམས་ལ་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད་པའི་གནད་དོན་འདིར་དོན་མཐུན་གྱི་ལན་ཡག་པོ་ཞིག་གདབ་ཕྱིར། ངས་རང་གི་མྱོང་བ་ལ་གཞི་བཅོལ། མཁས་པའི་གསུང་ལ་ཁུངས་གཏུགས། དྲ་རྒྱ་སོགས་སུ་འཚོལ་བཤེར་མང་དུ་བྱས་པ་བཅས་ཐབས་སྣ་ཚོགས་ཀྱི་སྒོ་ནས་དྲིས་ལན་ཡང་དག་ཅིག་འཚོལ་བར་ཤུགས་རྒྱག་ཁུལ་ཙམ་བྱས་པ་ལ། སྐད་ཡིག་སྦྱང་བར་དམིགས་བསལ་གྱི་ཐབས་མཆོག་དང་མན་ངག་གང་ཡང་མེད་པར། འགག་རྩ་ནི་མང་དུ་ཀློག་པ་དང་མང་དུ་འབྲི་བའི་གོམས་གཤིས་རྒྱུན་འཁྱོངས་བྱེད་ཐུབ་མིན་ལ་ཐུག་ཡོད་པའི་ངེས་ཤེས་སྐྱེས་བྱུང་།
        དེ་གང་གིས་ཡིན་ཞེ་ན། གཅིག་ནས་སྐད་ཡིག་སྦྱོང་བར་ཀློག་པ་དང་འབྲི་བ་གལ་ཆེ་བའི་ཚུལ་གསུང་སྒྲོས་དག་ལས་ཀྱང་ཤེས་ཐུབ་སྟེ། འཇུ་མི་ཕམ་མཆོག་གིས། “འབྲི་ཀློག་གཉིས་ནི་ཡོན་ཏན་ཀུན་གྱི་གཞི།དང་པོ་ཉིད་ནས་འདི་ལ་འབད་པར་གཅེས། །”ཞེས་དང་། སུམ་ཅུ་བའི་རྩ་བར་ཡང་། “འབྲི་དང་ཀློག་དང་བཤད་རྣམས་ཀྱི། ། མཚམས་སྦྱོར་སྒྲ་ལ་ཐོགས་མེད་ཅིང་། །”ཞེས་པ་དག་ཏུ་གསུངས་པའི་འབྲི་དང་ཀློག་དང་བཤད་བཅས་ནི་སྒྲ་ཡངས་འཇུག་གི་དབང་དུ་གོ་ཚེ་སྐད་ཡིག་སྦྱོང་བའི་དམིགས་ཚད་དང་གཞི་རྩ་ཞིག་བསྟན་ཡོད་པར་སྙམ་ལ། དེ་བཞིན་དུ་ཐང་གི་སྙན་ངག་མཁན་ཏུའུ་ཧྥུ་ཡིས། “དཔེ་ཀློག་དེབ་གྲངས་ཁྲིར་སོན་ན། །སྨྱུ་གུའི་རྩེ་མོར་དབྱངས་ཅན་འཁོར། །”ཞེས་གསུངས་པར་གཞིགས་ན། རྒྱའི་སྐད་ཡིག་སློབ་སྦྱོང་ལའང་མང་དུ་ཀློག་ན་འབྲི་རྩལ་ལ་རང་ཤུགས་ཀྱིས་དབང་འབྱོར་ཐུབ་པའི་གནས་ལུགས་ཤིག་བསྟན་ཡོད།
        གཉིས་ནས་སྐད་ཡིག་བསླབ་ཚན་ཚད་གཞི་རུ་སྐད་ཡིག་སློབ་སྦྱོང་གི་དམིགས་ཚད་དང་ལག་བསྟར་གྱི་ཐབས་ལམ་བཤད་སྐབས་ཀྱང་། ཉན་བཤད་འབྲི་ཀློག་བཅས་ནི་སྐད་ཡིག་སློབ་སྦྱོང་གི་དམིགས་ཚད་གཙོ་བོ་ཡིན་པ་དངོས་སུ་བསྟན་ཡོད་ལ། དམིགས་ཚད་དེ་མངོན་དུ་འགྱུར་བར་སློབ་ཆུང་དང་དམའ་འབྲིང་། མཐོ་འབྲིང་བཅས་སློབ་རིམ་གསུམ་དུ་དཔེ་དེབ་ཀློག་ཚད་ཚེག་བར་གང་འདྲ་ཞིག་ལ་སླེབས་དགོས་པ་དང་རྩོམ་ཡིག་སོགས་ཚིག་སྦྱོར་སྤེལ་བའི་ནུས་ཚད་ཅི་ཞིག་ལྡན་དགོས་པ་ཞིབ་ཏུ་བརྗོད་ཡོད། དེ་ལས་ཀྱང་སྐད་ཡིག་སློབ་སྦྱོང་ལ་དཔེ་དེབ་མང་དུ་ཀློག་པ་དང་རྩོམ་མང་དུ་འབྲི་བ་གཙོ་བོ་ཡིན་པ་ཤུགས་ནས་རྟོགས་ཐུབ། 《སློབ་འབྲིང་བོད་ཡིག་སློབ་ཐབས》ཞེས་པའི་དེབ་ཏུ། “སྐད་ཡིག་སློབ་སྦྱོང་བྱེད་སྐབས་ཉན་པ་དང་བཤད་པ་ལས་མགོ་འཛུགས་པ་དང་། ཉན་བཤད་ཀྱི་བརྒྱུད་རིམ་ཁྲོད་ནས་སྐད་ལ་གོ་བ་ལེན་པའི་ནུས་པ་དང་སྐད་ཀྱིས་དོན་མཚོན་པའི་ནུས་པ་མཐོ་རུ་འགྲོ་བཞིན་ཡོད། དེ་ནས་དེབ་ཐོག་གི་ཡི་གེ་སློབ་སྦྱོང་བྱས་ཏེ་དེབ་ཐོག་གི་ཡི་གེར་གོ་བ་ལེན་པའི་ནུས་པ་དང་ཡིག་ཐོག་ནས་དོན་མཚོན་པའི་ནུས་པ་མཐོ་རུ་སོང་བ་དེ་ནི་དོན་དངོས་ཐོག་ཀློག་པ་དང་འབྲི་བའི་ནུས་པ་གོང་མཐོར་སོང་བ་ཡིན། དེར་བརྟེན་ཉན་བཤད་ཀྱི་ནུས་པ་ནི་འབྲི་ཀློག་གི་ནུས་པ་མཐོ་རུ་གཏོང་བའི་རྨང་གཞི་ཡིན་ལ་འབྲི་ཀློག་གི་ནུས་པ་མཐོ་རུ་སོང་མུར་ཉན་བཤད་ཀྱི་ནུས་པ་གོང་མཐོར་འགྲོ་བར་སྐུལ་འདེད་ཡོང་གིན་ཡོད”ཅེས་གསུངས་པའང་ཁུངས་གཏུགས་ན་སྐད་ཡིག་བསླབ་ཚན་ཚད་གཞི་ལས་བསྟན་པའི་དགོངས་པ་ལས་མ་འདས།
        གསུམ་ནས་རང་གི་མྱོང་བ་དངོས་ཀྱི་ཐོག་ནས་བཤད་ནའང་། སྐད་ཡིག་གི་ཆུ་ཚད་བཟང་ངན་ནི་ཆུང་དུས་ནས་དཔེ་ཆ་མང་པོ་བཀླགས་ཡོད་མེད་དང་། རྒྱུན་དུ་རྩོམ་ཡིག་མང་པོ་འབྲི་བཞིན་ཡོད་མེད། རྒྱུན་ཤེས་མང་པོ་བློ་ལ་འཇགས་ཡོད་མེད། སྐད་ཆ་བཤད་སྟངས་དང་བསམ་གཞིག་གཏོང་སྟངས་ལ་སྦྱོང་བརྡར་བྱེད་ཀྱིན་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པ་ཞིག་ཡིན་པས། མང་དུ་འབྲི་བ་དང་མང་དུ་ཀློག་པ་ལས་གཞན་ད་དུང་བློ་ལ་མང་དུ་འཛིན་པ་དང་། བསམ་བློ་མང་དུ་གཏོང་བ། སྐད་ཆ་བཤད་པར་སྦྱོང་བརྡར་མང་པོ་བྱེད་པ་བཅས་ཀྱང་སྐད་ཡིག་སློབ་སྦྱོང་གི་འཇུག་སྒོའམ་ཐབས་ལམ་གཙོ་བོ་ཞིག་ཏུ་སྙམ་ཞིང་གཞན་གྱིས་ཀྱང་དེ་ལྟར་བཤད།
        བཞི་ནས་དགེ་རྒན་ཕུལ་དུ་བྱུང་བ་དག་གི་ཉམས་མྱོང་གི་གསུང་ལས་ཀྱང་འདི་སྐད་བརྗོད་དེ། དཔེར་ན་ཀྲུང་གོའི་སློབ་གསོ་པ་གྲགས་ཅན་དགེ་རྒན་ལི་ཀྲིན་ཞི་ན་རེ། སྐད་ཡིག་སློབ་སྦྱོང་ལ་ལྡེ་མིག་གསུམ་ཡོད་དེ། དེ་ནི་ཀློག་པ་དང་བློར་འཛིན་པ། འབྲི་བ་བཅས་སོ། །ད་དུང་ནན་གྱིས་བརྗོད་ན། མང་དུ་ཀློག་པ་དང་། མང་དུ་འཛིན་པ། མང་དུ་འབྲི་བ་བཅས་ཡིན་ཞེས་གསུངས་ཡོད།
        དེར་བརྟེན། སྐད་ཡིག་ཇི་ལྟར་སྦྱང་དགོས་ཞེས་ང་ལ་དྲི་བ་འདྲི་མཁན་གྱི་སློབ་མ་རྣམས་ལ་ད་ནས་བཟུང་ལན་འདི་ལྟར་གདབ་པར་བྱ་སྟེ། དཔེ་ཆ་མང་དུ་ཀློགས། རྩོམ་ཡིག་མང་དུ་ཕྲིས། བློར་མང་དུ་ཟུངས་ཞེས་པའི་སྐད་ཆ་ཚིག་གསུམ་པོ་དེ་ཡིན། བྱེ་བྲག་གི་སྦྱོར་བ་གང་དག་བསྟེན་དགོས་ཤེ་ན། ཁོ་བོས་དྲ་རྒྱ་ལས་སྐད་ཡིག་སྦྱོང་བའི་གོམས་གཤིས་ལེགས་པོ་དྲུག་ཅེས་པའི་རྩོམ་ཞིག་མཐོང་ཞིང་། འདིར་རྩོམ་དེའི་ནང་དོན་ཉིང་བསྡུས་སུ་བསྒྱུར་ཏེ་ཀུན་ལ་དཔྱད་གཞིར་ཕུལ་ན། དང་པོ། དཔེ་ཆ་མང་པོར་ལྟ་ཀློག་བྱེད་པ། གཉིས་པ། དཔེ་ཀློག་ཟིན་བྲིས་འབྲི་བ། གསུམ་པ། མིང་མཛོད་སོགས་རྒྱུ་ཆ་འཚོལ་བ། བཞི་པ། གྱེར་འདོན་དང་བློར་འཛིན་པ། ལྔ་པ། གཞན་དང་ལྟ་ཚུལ་མཉམ་རོལ་དང་བགྲོ་གླེང་བྱེད་པ། དྲུག་པ། ཉིན་ཐོ་འབྲི་བ་སོགས་སྨྱུག་རྩལ་སྦྱོང་བ་བཅས་ལ་འབད་དགོས་སོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1