༄༅།། 2021ལོར་ཁྱེད་ཀྱི་འཚོ་བར་འགྱུར་ལྡོག་འདི་དག་འབྱུང་སྲིད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 02-25



        གོད་ཆག་མང་བའི2020ལོར་བདེ་མོ་བཞག་ནས2021ལོ་འཛུམ་གྱིས་བསུ།2021ལོའི་ཟླ་དང་པོའི་ཚེས1ཉིན་ནས་བཟུང་དམངས་དོན་ཁྲིམས་གཞུང་དངོས་སུ་ལག་བསྟར་བྱས་པས།གཉེན་འབྲེལ་ཁྱིམ་ཚང་ནས་སྡོད་ཁང་དང་རྒྱུ་ནོར་སོགས་འཚོ་བའི་གྲུ་ཟུར་རེ་རེར་དམངས་དོན་ཁྲིམས་གཞུང་གིས་ཁྱེད་ལ་བཀོད་སྒྲིག་ལེགས་པོ་བྱས་ཡོད་པས།ཁྱེད་ཀྱི་རྗེས་ཕྱོགས་ཀྱི་འཚོ་བར་འགྱུར་ལྡོག་འདི་དག་འབྱུང་སྲིད།
 གཉེན་འབྲེལ་ལ་སྲུང་སྐྱོབ་ལེགས་པོ་བྱེད་རྒྱུ།
        ཟླ་དང་པོའི་ཚེས1ཉིན་ནས་བཟུང་དམངས་དོན་ཁྲིམས་གཞུང་ལག་བསྟར་བྱས་པ་དང་།དུས་མཚུངས་སུ་ད་སྤྱོད་གཉེན་འབྲེལ་བཅའ་ཁྲིམས་ནུས་མེད་དུ་བཏང་བ་རེད།དེའི་ནང་གི་གཉེན་འབྲེལ་ཁྱིམ་ཚང་དང་འབྲེལ་བའི་གཏན་འཁེལ་མང་པོར་འགྱུར་ལྡོག་བྱུང་ཡོད་པ་སྟེ།
        ཁྱོད་ཀྱི་གཉེན་སྒྲིག་ཟླ་བོས་ནད་གཞི་ཆེན་པོ་སྦ་གསང་བྱས་ཏེ་ཁྱེད་དང་གཉེན་བསྒྲིགས་ན་ཇི་ལྟར་བྱ།དམངས་དོན་ཁྲིམས་གཞུང་གི་ནང་དུ་དེ་ལ་གཏན་འཁེལ་གསལ་པོོ་བྱས་ཡོད་པ་སྟེ།ཕྱོགས་གཅིག་ལ་ནད་གཞི་ལྕི་མོ་བྱུང་ཡོད་ན།གཉེན་སྒྲིག་ཐོ་འགོད་མ་བྱས་གོང་ངེས་པར་དུ་ཅིག་ཤོས་ལ་གསལ་པོར་བཤད་དགོས།གལ་ཏེ་གསལ་པོར་མ་བཤད་ན།ཕྱོགས་གཞན་པ་དེས་ཁྲིམས་ཁང་ལ་གཏུགས་ནས་གཉེན་འབྲེལ་ཕྱིར་འཐེན་བྱེད་པའི་རེ་བ་བཏོན་ཆོག་པ་དང་།དེའི་ནང་གི་ནོར་འཁྲུལ་མེད་པའི་ཕྱོགས་ཀྱིས་གྱོང་གུན་ལ་སྐྱིན་ཚབ་གཞལ་དགོས་པའི་རེ་བ་བཏོན་ཆོག
        གཉེན་འཐོར་ཕྱོགས་ནས།དམངས་དོན་ཁྲིམས་གཞུང་དུ་ཉིན30ཡི“བསམ་གཞིག་དུས་ཡུན”གཏན་འཁེལ་བྱས་ཡོད།གཉེན་འཐོར་རེ་ཞུ་དེ་གཉེན་འབྲེལ་ཐོ་འགོད་ལས་ཁུངས་སུ་སྤྲད་པའི་ཉིན་དེ་ནས་བཟུང་བའི་ཉིན30ནང་།ཕྱོགས་གང་རུང་ཞིག་གཉེན་འཐོར་བར་མི་འཐད་ན།གཉེན་འབྲེལ་ཐོ་འགོད་ལས་ཁུངས་སུ་སོང་ནས་གཉེན་འཐོར་རེ་ཞུ་ཕྱིར་འཐེན་བྱེད་ཆོག་པ་དང་། དེ་ལས་ཀྱང་མཉམ་འཇོག་རིན་ཡོད་པ་ཞིག་ནི་ཁྱིམ་ཚང་ནང་གི་དྲག་ཤུགས་སོགས་ཀྱི་གནས་ཚུལ་དང་འཕྲད་སྐབས་ཅིག་ཤོས་འཐད་པ་མ་བྱུང་ནའང་།ཐད་ཀར་ཁྲིམས་ཁང་ལ་གཏུགས་ནས་གཉེན་འཐོར་རྒྱུའི་རེ་འདུན་ཞུས་ཆོག་པ་རེད།
        དམངས་དོན་ཁྲིམས་གཞུང་དུ་ད་རུང་གཉེན་འབྲེལ་ཁྲོད་ཀྱི་ནོར་འཁྲུལ་མེད་པའི་ཕྱོགས་ལ་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་སྟེ།དཔེར་ན་གཉེན་སྒྲིག་བརྩེགས་མ་བྱེད་པ་དང་ཁྱིམ་ཚང་ནང་དུ་དྲག་ཤུགས་བཀོལ་བ།ཁྱིམ་ཚང་གི་ཁོངས་མི་ལ་མནར་གཅོད་གཏོང་བ་སོགས་ཀྱི་ནོར་འཁྲུལ་ཆེན་པོ་ལྡན་ན།ནོར་འཁྲུལ་མེད་པའི་ཕྱོགས་ཀྱིས་གནོད་འཚེའི་སྐྱིན་ཚབ་གཞལ་དགོས་པའི་རེ་འདུན་བཏོན་ཆོག་པ་གཏན་འཁེལ་བྱས་ཡོད།

 གཞིས་ལས་དོ་དམ་གྱིས་ཀུན་སྤྱོད་ལེགས་པོའི་ཞབས་ཞུ་འདོན་སྤྲོད་བྱེད་དགོས།
        ཁྱེད་རང་གཞིས་ལས་ཞབས་ཞུ་ལ་ཡིད་མ་ཚིམ་པར་གཞིས་ལས་གྲོན་དངུལ་མ་སྤྲད་ན།གཞིས་ལས་ཀུང་སིས་ཆུ་དང་ཡང་ན་གློག་གཅོད་རྒྱུ་ཡིན་ཚུལ་གྱི་འཇིགས་སྐུལ་བའི་གནས་ཚུལ་དང་འཕྲད་མྱོང་ངམ།དམངས་དོན་ཁྲིམས་གཞུང་དུ་ཞབས་ཞུ་རྩིང་པོ་འདིའི་རིགས་གཏན་འགོག་བྱས་ཡོད།
        དམངས་དོན་ཁྲིམས་གཞུང་དུ་གཞིས་ལས་ཞབས་ཞུ་མཁན་གྱིས་གློག་དང་ཆུ།དྲོད་དང་རླངས་འབར་སོགས་འདོན་སྤྲོད་མི་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་གཞིས་ལས་གྲོན་དངུལ་ལེན་པའི་བྱ་སྤྱོད་གཏན་འགོག་བྱས་འདུག
        དེ་ལས་གཞན་ད་རུང་གཞིས་ཁུལ་གློག་སྐས་ནང་བརྡ་ཁྱབ་སྤེལ་བ་སོགས་ཀྱི་ཡོང་སྒོའི་ཐད་ནས།དམངས་དོན་ཁྲིམས་གཞུང་དུ་གཏན་འཁེལ་གསལ་པོ་བྱས་ཡོད་པ་སྟེ།གཞིས་ལས་ཞབས་ཞུ་མཁན་གྱིས་གཞིས་བདག་ལ་ཐུན་མོང་དུ་དབང་བའི་ཆ་ཤས་དེའི་བདག་གཉེར་དང་ཁེ་ཕན་གནས་ཚུལ་ལུགས་མཐུན་གྱི་རྣམ་པས་དུས་ཐོག་ཏུ་གཞིས་བདག་ལ་གསལ་བསྒྲགས་བྱེད་དགོས་པར་མ་ཟད། གཞིས་བདག་ཚོགས་ཆེན་དང་གཞིས་བདག་ཨུ་ཡོན་ལྷན་ཁང་ལ་ཡར་ཞུ་བྱེད་དགོས།
        2021ལོ་ནས་བཟུང་གཞིས་བདག་ཡིན་པའི་ཁྱེད་རང་ལ་གཞིས་ཁུལ་བདག་གཉེར་ཡོང་སྒོའི་ཐད་ཀྱི་ཐོབ་ཆ་ཡོད་ཀྱང་སྲིད།

 མཐོ་ས་ནས་དངོས་པོ་མར་འཕངས་ན་འགན་འཁྲི་རྩད་གཅོད་བྱེད་རྒྱུ་རེད།
        ར་སྐོར་དུ་བཞག་ཡོད་པའི་ཁྱེད་ཀྱི་རླངས་འཁོར་ལ།མཐོ་ས་ནས་འཕངས་པའི་དངོས་པོའི་གནོད་སྐྱོན་ཐེབས་ན་ཁེ་དབང་ཇི་ལྟར་བསྲུང་དགོས་སམ།
        དམངས་དོན་ཁྲིམས་གཞུང་དུ།ཐོག་ཁང་སྟེང་ནས་དངོས་པོ་མར་འཕེན་པ་དང་ཡང་ན་ཐོག་ཁང་སྟེང་ནས་མར་ལྷུང་བའི་དངོས་པོས་མི་གཞན་ལ་གནོད་འཚེ་བཏང་ན།གནོད་འཚེ་གཏོང་མཁན་གྱིས་ཁྲིམས་ལྟར་འགན་འཁྲི་འཁུར་དགོས།བརྟག་ཞིབ་བྱས་པ་བརྒྱུད་དེ་བྱེ་བྲག་གི་གནོད་འཚེ་གཏོང་མཁན་སུ་ཡིན་པ་རྩད་གཅོད་བྱེད་དཀའ་ན།རང་ཉིད་གནོད་འཚེ་གཏོང་མཁན་མིན་པ་བདེན་དཔང་བྱེད་ཐུབ་ན་མ་གཏོགས་ཐོག་ཁང་དེ་བཀོལ་སྤྱོད་བྱེད་མཁན་གྱིས་སྐྱིན་ཚབ་ཀྱི་འགན་འཁུར་དགོས།
        སུས་འཕངས་ན་སུས་འགན་འཁུར་བ་དང་།འཕེན་མཁན་སུ་ཡིན་མི་ཤེས་ན། དོགས་པ་སེལ་མི་ཐུབ་པའི་མི་དེས་འགན་འཁུར་དགོས།
        ཐོག་ཁང་ཡོངས་ཀྱིས་འགན་འཁུར་དགོས་པའི་གནས་ཚུལ་ལ་གཡོལ་ཆེད།དམངས་དོན་ཁྲིམས་གཞུང་དུ་སྤྱི་བདེ་སོགས་ལས་ཁུངས་ཀྱིས་དུས་ཐོག་ཏུ་རྟོག་ཞིབ་བྱས་ཏེ།འགན་འཁྲིའི་མི་གསལ་པོར་རྩད་གཅོད་པའི་འགན་འཁུར་དགོས་པ་དང་།གལ་ཏེ་གནོད་འཚེ་གཏོང་མཁན་གྱི་ཨར་ལས་བདག་པོས་སྐྱིན་ཚབ་འཇལ་རྗེས།གནོད་འཚེ་གཏོང་མཁན་ངོ་མ་བོ་སུ་ཡིན་ཤེས་ན།གནོད་འཚེ་གཏོང་མཁན་གྱི་ལག་ནས་སྐྱིན་ཚབ་ཕྱིར་བླངས་ཆོག་པ་གཏན་འཁེལ་བྱས་ཡོད།

 འདོད་གཙེ་བྱས་ན་ལས་ཁུངས་ཀྱིས་ཐག་གཅོད་བྱེད་དགོས།
        མགོ་ཁྲིད་ཀྱིས་རྒྱུན་དུ་བསམ་བཞིན་དང་བསམ་བཞིན་མ་ཡིན་པའི་སྒོ་ནས་ཁྱོད་ལ་མི་འདོད་པའི་ཆགས་གཏམ་བཤད་པ་དང་།ཁྱོད་ཀྱིས་ཀུང་སི་ལ་གཏུགས་ཀྱང་ཁེ་དབང་སྲུང་མི་ཐུབ་པར་འདོད་ན།དམངས་དོན་ཁྲིམས་གཞུང་དུ་གཏན་འཁེལ་གསལ་པོ་བྱས་ཡོད་པ་སྟེ།མི་གཞན་གྱི་འདོད་བློ་དང་མི་མཐུན་པའི་སྒོ་ནས་སྐད་ཆ་དང་ཡི་གེ།བརྙན་རིས།བྱ་སྤྱོད་སོགས་ཀྱི་སྟེང་ནས་མི་གཞན་ལ་འདོད་གཙེ་བྱས་ན།གནོད་འཚེ་ཐེབས་མཁན་ལ་ཁྲིམས་ལྟར་དམངས་དོན་འགན་འཁྲི་འཁུར་དགོས་པའི་རེ་བ་འདོན་པའི་དབང་ཆ་ཡོད།
        དམངས་དོན་ཁྲིམས་གཞུང་དུ་ད་རུང་ལས་ཁུངས་དང་ཁེ་ལས།སློབ་གྲྭ་སོགས་ཀྱིས་ལུགས་མཐུན་གྱི་སྔོན་འགོག་དང་གཏུག་བཤེར་བདག་སྤྲོད།ཞིབ་བཤེར་ཐག་གཅོད་སོགས་ཀྱི་བྱེད་ཐབས་བཏོན་ནས།འགན་དབང་དང་ཁོངས་གཏོགས་འབྲེལ་བ་བེད་སྤྱད་དེ་འདོད་གཙེ་གཏན་འགོག་བྱེད་དགོས་པ་གཏན་འཁེལ་བྱས་ཡོད།

 རོལ་རྩེད་སྒྲིག་ཆས་ཀྱང་སྒོར་མོ་ཡིན་པས་རྐུ་ལ་ཤོར་ན་ཁེ་དབང་སྲུང་ཆོག
        ཁྱེད་ཀྱིས་པོད་ཁུག་དང་འཁྱུག་དབྱངས་སོགས་ཀྱི་སྟེགས་བུའི་སྟེང་བདག་གཉེར་བྱེད་ཀྱིན་པའིvཆེན་རྩིས་ཐོ་དང་།ཁྱོད་ཀྱིས་རོལ་རྩེད་ཁྲོད་ཉོས་པའི་རོལ་རྩེད་སྒོར་མོ།ཁྱེད་ཀྱིས་དྲ་ཐོག་ཏུ་ཕྱེས་པའི་ཚོང་ཁང་སོགས་ཀྱང་རྒྱུ་ནོར་ཡིན།
        དམངས་དོན་ཁྲིམས་གཞུང་དུ་གཏན་འཁེལ་བྱས་ཡོད་པ་སྟེ།བཅའ་ཁྲིམས་སྟེང་གཞི་གྲངས་དང་དྲ་རྒྱའི་བཏགས་བཟོས་རྒྱུ་ནོར་གྱི་སྲུང་སྐྱོབ་ཐད་གཏན་འཁེལ་བྱས་ཡོད་ན།གཏན་འཁེལ་དེ་ལྟར་བསྒྲུབ་དགོས་པ་དང་།གཏན་འཁེལ་དེའི་ནང“བཏགས་བཟོས་རྒྱུ་ནོར”གྱི་མཚན་ཉིད་གསལ་པོར་བཀོད་དེ།དྲ་རྒྱའི་བཏགས་བཟོས་རྒྱུ་ནོར་ལ་བཅའ་ཁྲིམས་ཀྱི་སྲུང་སྐྱོབ་ཐོབ་པར་ཁག་ཐེག་བྱས་ཡོད།
        དེས་ཁྱོད་ཀྱིས་རོལ་རྩེད་ཁྲོད་དཀའ་བ་བརྒྱ་ཕྲག་ཁྱད་དུ་བསད་དེ་གསོག་འཇོག་བྱས་པའི་སྒྲིག་ཆས་རྩ་ཆེན་དག་ལ།ཁྱོད་ཀྱི་གསོག་དངུལ་དང་ཁང་པའི་བདག་དབང་ལྟར་སྲུང་སྐྱོབ་ཐོབ་པ་དང་།གལ་ཏེ་དེ་ལ་གྱོང་གུན་ཐེབས་ན།བདེན་ཡོད་ཞུམ་མེད་ཀྱིས་སྐྱིན་ཚབ་དབང་སྲུང་གི་རེ་བ་བཏོན་ཆོག་པ་མཚོན་ཡོད།

        གཏན་འཁེལ་འདིས་མ་འོངས་པར་དྲ་རྒྱའི་བཏགས་བཟོས་རྒྱུ་ནོར་ལ་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས་མ་ལག་འཐུས་ཚང་དུ་གཏོང་བར་རྨང་གཞི་བཏིང་ཡོད།


  ཁང་བདག་གིས་གློ་བུར་དུ་ཁང་པ་བཙོངས་ན་གླ་མཁན་གྱིས་སྐྱིན་ཚབ་འཇལ་དགོས་པའི་རེ་བ་བཏོན་ཆོག་པ།
        ཁྱེད་རང་བྱ་བར་ཞུགས་མ་ཐག་པའི་ན་གཞོན་ཞིག་ཡིན་པ་དང་།དུས་ཡུན་རིང་པོ་ཞིག་ལ་བཙལ་རྗེས་ད་གཟོད་རང་ཉིད་ཡིད་ཚིམ་པའི་སྡོད་ཁང་ཞིག་གླ་ཐུབ་པ་བྱུང་།ཡིན་ཡང་ཅང་མ་འགོར་བར་ཁང་བདག་གིས་ཁང་པ་བཙོང་རྒྱུ་ཡིན་ཚུལ་བཤད་པར་མ་ཟད། ཁ་ཆད་དང་འགལ་བའི་སྒོ་ནས་བཙན་གྱིས་ཁྱོད་རང་གནས་སྤོ་དགོས་པར་བཤད་ན།སྤོབས་པ་ཆེན་པོས་དགག་ལན་སྤྲད་ཆོག
        དམངས་དོན་ཁྲིམས་གཞུང་དུ་གླ་ཡུན་ལོངས་རྗེས་འདྲ་མཚུངས་ཀྱི་ཆ་རྐྱེན་འོག་བོགས་མ་ལེན་མཁན་ལ་ཡང་བསྐྱར་གླ་བའི་ཐད་ཀྱི་དམིགས་བསལ་དབང་ཆ་ཡོད་ལ།བོགས་མར་གཏོང་མཁན་གྱིས་བོགས་མར་བཏང་ཟིན་པའི་སྡོད་ཁང་དེ་བཙོངས་ན།ངེས་པར་དུ་མ་བཙོང་བའི་སྔོན་གྱི་དུས་ཡུན་ལུགས་མཐུན་ནང་བོགས་མ་ལེན་མཁན་ལ་བརྡ་བརྒྱག་དགོས་པ་དང་།བོགས་མ་ལེན་མཁན་ལ་འདྲ་མཚུངས་ཀྱི་ཆ་རྐྱེན་འོག་ཉོ་བའི་ཐད་ཀྱི་དམིགས་བསལ་དབང་ཆ་ཡོད།
        བོགས་མར་གཏོང་མཁན་གྱིས་བོགས་མར་ལེན་མཁན་ལ་བརྡ་མ་བརྒྱབ་པའམ་ཡང་ན་བོགས་མར་ལེན་མཁན་གྱི་དམིགས་བསལ་ཉོ་དབང་ལ་གནོད་འཚེ་བཏང་ན།བོགས་མར་ལེན་མཁན་གྱིས་བོགས་མར་གཏོང་མཁན་ལ་སྐྱིན་ཚབ་འཇལ་དགོས་པའི་རེ་བ་བཏོན་ཆོག

        ལང་ལོང་དུ་འཕྱུར་བའི་རླངས་འཁོར་མང་པོའི་ཁྲོད།གོམ་པ་འཁྱར་འཁྱོར་དུ་སྤོ་བའི་རྒན་པ་ཞིག་ཐང་ལ་འགྱེལ།མྱུར་སྐྱོབ་ཤེས་བྱ་ལྡན་པའི་ཁྱེད་རང་མྱུར་དུ་རྒན་པའི་ཕྱོགས་སུ་བརྒྱུགས་མོད།འོན་ཀྱང་གློ་བུར་དུ་སྙད་འདོགས་རྒྱུ་འཕྲོག་བྱེད་པར་སྐྲག་ནས་སེམས་ལ་ཐེ་ཚོམ་གྱིས་ཁེངས།

        ན་གཞོན་ལགས།སྤོབས་པ་ཆེན་པོས་དྲང་བདེན་སྐྱོངས་དང་།དམངས་དོན་ཁྲིམས་གཞུང་དུ་ཁྱོད་ཀྱི་བདེན་མཐོང་དཔའ་སྐྱེད་ལ་སྲུང་སྐྱོབ་ལེགས་པོ་བྱས་ཡོད་པ་སྟེ།རང་འཐད་ཀྱིས་བྲེལ་བསྟུན་མྱུར་སྐྱོབ་བྱེད་པའི་བྱ་སྤྱོད་ལ་རོགས་སྐྱོར་ཐོབ་མཁན་གྱི་གནོད་འཚེ་ཐེབས་ན།དམངས་དོན་འགན་འཁྲི་འཁུར་མི་དགོས་པ་རེད།

        དམངས་དོན་ཁྲིམས་གཞུང་དུ་ད་རུང་།མི་གཞན་གྱི་དམངས་དོན་ཁེ་དབང་སྲུང་སྐྱོབ་བྱེད་ཆེད་རང་ཉིད་ལ་གནོད་འཚེ་ཐེབས་ན།གནོད་འཚེ་གཏོང་མཁན་གྱིས་དམངས་དོན་འགན་འཁྲི་འཁུར་དགོས་པ་དང་།ཁེ་ཕན་ཐོབ་མཁན་གྱིས་འོས་འཚམ་གྱི་ཁ་གསབ་བརྒྱབ་ཆོག་ལ།གནོད་འཚེ་གཏོང་མཁན་མེད་པའམ་གནོད་འཚེ་གཏོང་མཁན་བྲོས་བྱོལ་དུ་སོང་བ་དང་།ཡང་ན་གནོད་འཚེ་གཏོང་མཁན་ལ་དམངས་དོན་འགན་འཁྲི་འཁུར་བའི་ནུས་པ་མེད་པ་སོགས་ཀྱི་སྐབས་སུ།གནོད་འཚེ་ཐེབས་མཁན་གྱིས་སྐྱིན་ཚབ་དགོས་པའི་རེ་བ་བཏོན་ན།ཁེ་ཕན་ཐོབ་མཁན་གྱིས་འོས་འཚམ་གྱི་སྐྱིན་ཚབ་སྟེར་དགོས་པ་གཏན་འཁེལ་བྱས་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1