ཀུའུ་ཐི་ལོས་སི་ཡིས་འཛམ་གླིང་ཡོངས་ཀྱིས་འགུལ་སྐྱོད་སྤེལ་ནས་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 02-26


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་ཉེར་གསུམ་ཉིན་བསྟན་དོན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྤོབས་སེམས་ཆེ་བའི་ནམ་ཟླའི་འགུལ་སྐྱོད་སྤེལ་ནས་ནམ་ཟླའི་འགྱུར་ལྡོག་སྔར་ལས་ཚབས་ཆེན་དུ་འགྱུར་བར་སྔོན་འགོག་བྱེད་པར་མཐོང་ཆེན་བྱས་ཏེ། རྒྱལ་ཁབ་དང་སྡོད་ཁུལ། མང་ཚོགས་བཅས་ལ་ཉིན་རེ་བཞིན་ནམ་ཟླའི་ཤུགས་རྐྱེན་ཚབས་ཆེན་ཐེབས་པར་སྔོན་འགོག་བྱེད་དགོས་ཟེར། 
        ཀུའུ་ཐི་ལོས་སི་ཡིས་ཉིན་དེར་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་དང་ཞི་བདེ། དེ་མིན་བདེ་འཇགས་གནད་དོན་ཐད་ནས་སྤེལ་བའི་མཐོ་རིམ་དཔྱད་གླེང་ཚོགས་འདུའི་སྟེང་བསྟན་དོན། ནམ་ཟླའི་འགྱུར་ལྡོག་ནི་དེང་སྐབས་ཀྱི་གཞི་རྩའི་གནད་དོན་ཡིན། འདས་པའི་ལོ་བཅུ་ནི་མིའི་རིགས་ཀྱི་ལོ་རྒྱུས་སྟེང་ཚ་བ་ཆེས་ཆེ་བའི་དུས་སྐབས་ཡིན་ཞིང་། དབྱང་གཉིས་ཐན་འགྱུར་གྱི་ཆུ་ཚད་ལོ་རྒྱུས་ཀྱི་ཆེས་མཐོའི་ཚད་དུ་བསླེབ་ཡོད་པ་དང་། རི་མེ་དང་རླུང་འཚུབ། ཆུ་ལོག ཐན་པ་བཅས་རྒྱུན་རྣམ་དུ་གྱུར་ཡོད། ཁོས་བཤད་རྒྱུར། ང་ཚོས་ངེས་པར་དུ་འཛམ་གླིང་ཧྲིལ་བོ་དྲང་ལམ་དུ་ཞུགས་སུ་འཇུག་དགོས་ལ། ཕཱ་རེ་སིའི་གྲོས་ཆོད་ཀྱི་དམིགས་འབེན་མངོན་འགྱུར་བྱས་ནས་ནམ་ཟླའི་གནོད་འཚེ་སྔོན་འགོག་བྱེད་དགོས། ང་ཚོས་ངེས་པར་དུ་ངེས་པ་དོན་གྱི་འཛམ་གླིང་ཡོངས་ཀྱི་མནའ་འབྲེལ་ཞིག་བཙུགས་ནས། དུས་རབས་ཉེར་གཅིག་པའི་དུས་དཀྱིལ་བར་དྲོད་རླངས་ཀྱི་ཕྱིར་གཏོང་ཚད་ཤུལ་མེད་དུ་བཟོ་བ་མངོན་འགྱུར་བྱེད་དགོས་ཟེར། 
        ཀུའུ་ཐི་ལོས་སི་ཡིས་ད་རུང་བསྟན་དོན། ནམ་ཟླའི་གཏོར་བརླག་ནི་ཉམས་ཉེན་གྱི་ཁ་སྣོན་ལྟ་བུ་ཡིན། ནམ་ཟླའི་འགྱུར་ལྡོག་གིས་སྤྱི་ཚོགས་འདྲ་མཉམ་མིན་པའི་སྣང་ཚུལ་ཇེ་སྡུག་ཏུ་བཏང་བ་དང་། སྤྱི་ཚོགས་ཀྱི་གོང་བུར་འདྲིལ་ཤུགས་ཇེ་ཞན་དུ་བཏང་ཡོད། ཨ་ཧྥུའུ་ཧན་ནས་ཨ་ཧྥེ་རི་ཁ་གླིང་གི་སཱ་ཧི་ལེ་ས་ཁུལ་དང་བཅས་པའི་ས་ཁུལ་མང་བོར་ནམ་ཟླའི་འགྱུར་ལྡོག་དབང་གིས་ཟིང་འཁྲུག་དང་འཁྲུག་རྩོད་ཀྱི་ཉེན་ཁ་ཇེ་ཆེར་བཏང་ཡོད་ཟེར། 
        ཀུའུ་ཐི་ལོས་སི་ཡིས་ད་རུང་བཤད་རྒྱུར། ནམ་ཟླའི་གཏོར་བརླག་གིས་འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་སུ་འགྲོ་སའི་ཁྱིམ་མེད་པའི་མི་གྲངས་ཇེ་མང་དུ་བཏང་ཡོད། ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་རེ་འགའ་གནས་སྤོར་བྱེད་དགོས་བྱུང་ཡོད་ལ། མི་དམངས་ཀྱི་འཚོ་བ་དང་རིག་གནས་སོགས་ལ་འཇིགས་སུ་རུང་བའི་ཤུགས་རྐྱེན་ཐེབས་ཡོད། 
        ཀུའུ་ཐི་ལོས་སི་ཡིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་ཉིས་སྟོང་ཉེར་གཅིག་ལོ་སྟེ་གནད་འགག་གི་ལོ་འདིའི་ནང་རང་ཉིད་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། ཟླ་བཅུ་གཅིག་པར་དབྱིན་ཇིའི་ཀི་ལཱ་སི་ཀི་ནས་སྤེལ་རྒྱུ་ཡིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་གི་སྒྲོམ་གཞིའི་སྤྱི་ཆིངས་བཀོད་པའི་རྒྱལ་ཁབ་དག་གི་ཚོགས་ཆེན་ཐེངས་ཉེར་དྲུག་པར་ལེགས་འགྲུབ་འབྱུང་བར་ཁག་ཐེག་བྱེད་དགོས་པར་མ་ཟད། རྒྱལ་སྤྱིའི་དངུལ་ལོར་ལས་ཁུངས་དང་སྒེར་གཉེར་སྡེ་ཁག་འདུས་པའི་ཕྱོགས་གཞན་པས་ནུས་པ་འདོན་པར་སྐུལ་སློང་བྱེད་དགོས་པའི་སྐུལ་མ་བཏང་། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1