ཀྲོའུ་ཨ་ཅ་ཡིས་གཞི་རིམ་ལ་བཅངས་པའི་ཟོལ་མེད་ཀྱི་ལྷག་བསམ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 02-26


ཀྲོའུ་ཨ་ཅ་ཡིས་གཞི་རིམ་ལ་བཅངས་པའི་ཟོལ་མེད་ཀྱི་ལྷག་བསམ།

ཡུལ་སྲོལ་གོམས་གཤིས་བསྒྱུར་བར་ཡུལ་མིའི་ཁས་ལེན་ཐོབ་ཅིང་། ཀྲོའུ་ཨ་ཅས་གཉེན་སྟོན་ཞིག་གི་གཙོ་སྐྱོང་བྱེད་བཞིན་པ།


མང་ཚོགས་ལ་དཀའ་ངལ་ཡོད་ཚེ་ཁོས་འདྲི་རྩད་ཞིབ་ཚགས་ཀྱིས་དམངས་ཀྱི་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བྱས་ཤིང་། དངོས་ཡོད་གནས་ཚུལ་ལ་བསྟུན་ནས་ཚང་མར་ལྷག་བསམ་རྣམ་དག་གིས་ཞབས་ཕྱི་བསྒྲུབས་པ་རེད། ཁོ་ནི་ད་ལྟ་བྲག་མགོ་རྫོང་ཤིས་མདོ་གྲོང་རྡལ་བདེ་སྐྱིད་སྤྱི་ཁུལ་གྱི་གཞིས་མི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཀྲོའུ་ཨ་ཅ་རེད། ལོ་བཅུ་ཕྲག་ཁ་ཤས་རིང་མང་ཚོགས་ཀྱི་ཆེད་དུ་བསྒྲུབས་པའི་སྙིང་ཉེ་བའི་བྱ་བ་བགྲང་གིས་མི་ལངས་པ་ཞིག་དང་། དོན་དག་ཆེ་ཆུང་དང་དཀའ་ངལ་ཐུག་ལ་དུས་ཀྲོའུ་ཨ་ཅ་བཙལ་རྒྱུ་ནི་ས་གནས་དེ་གའི་རྒན་དར་གཞོན་གསུམ་ཚོའི་གོམས་གཤིས་སུ་ཆགས་འདུག མང་ཚོགས་ཀྱིས་སེམས་གཏིང་ནས་ཁོ་ལ་བརྩི་བཀུར་དང་ཡིད་ཆེས་བྱས་པ་རེད།

ཤེས་བྱའི་རྒྱ་མཚོར་བགྲོད་པའི་སྙིང་སྟོབས་ཆེ།། ལོ་ན་རྒས་ཀྱང་དཔེ་སྟོན་སྣེ་ཁྲིད་བྱེད།།

ལོ་ན72ལ་སོན་པའི་ཀྲོའུ་ཨ་ཅ་ལས་ཀར་ཞུགས་ནས་ལོ་ངོ་བཅུ་ཕྲག་ཁ་ཤས་འདས་ཤིང་། ཁོ་ལ་ཆ་མཚོན་ནས་བཤད་ན་ལས་གནས་གང་དུ་ལས་དོན་བསྒྲུབས་པ་དང་དང་ལས་འགན་ཅི་འདྲ་ཞིག་ཁུར་ན་ཚང་མར་ཏན་ཏན་ཏིག་ཏིག་དང་བློ་གཅིག་སེམས་གཅིག་ཡིན་ལ། དུས་དང་རྣམ་པ་ཀུན་ཏུ་མང་ཚོགས་ཀྱི་བྱ་བ་སེམས་ནང་བཞག་པ་རེད། དད་སེམས་འགྱུར་བ་མེད་པ་འདི་ནི་ཁོའི་དམངས་དོན་སྒྲུབ་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ལས་བྱུང་ཞིང་། དུས་ཀྱི་འགྲོས་དང་བསྟུན་ནས་ཁོའི་གོམས་གཤིས་སུ་ཆགས་པར་བརྟེན། ཚང་མས་བྱམས་བརྩེའི་ངང་ཁོ་ལ་ཨ་ཁུ་ཨ་ཅ་ཞེས་འབོད་པ་རེད།

ལས་ཀའི་ཐད་མང་ཚོགས་ཀྱི་ཡིད་ཆེས་དང་རྒྱབ་སྐྱོར་ཐོབ་ཡོད་མོད། འོན་ཀྱང་རང་རྒྱུད་ཀྱི་ཡོན་ཏན་ཕུན་སུམ་ཇེ་ཚོགས་སུ་གཏང་རྒྱུ་དེ་ཀྲོའུ་ཨ་ཅའི་ངོས་ནས་བཤད་ན་དགོས་གལ་ཤིན་ཏུ་ཆེ་བ་ཞིག་རེད། ལས་ཐོག་ཞུགས་མ་ཐག་ནས་ཁོས་སློབ་སྦྱོང་གི་གལ་ཆེ་བའི་རང་བཞིན་ཤེས་ཡོད་ཅིང་། གཞི་རིམ་དུ་གནས་དུས་ཀྱང་སློབ་སྦྱོང་ལ་འབད་ནས་ཉིན་བཞིན་ཡར་ཐོན་འབྱུང་དགོས་པ་སེམས་སུ་བཅངས་ཡོད། གལ་སྲིད་སློབ་སྦྱོང་ལ་སྒྱིད་ལུག་བྱེད་ན་བསམ་བློ་རྗེས་ལུས་ཐེབས་ངེས་ཡིན་པ་དང་ལག་ལེན་དང་ཁ་བྲལ་ངེས་རེད། དེར་བརྟེན་ལས་ཀའི་བར་གསེང་ལ་ཀྲོའུ་ཨ་ཅས་རྒྱུན་དུ་དགོང་མོའི་དུས་ཚོད་བེད་སྤྱོད་བྱས་ནས་དཔེ་ཆ་དང་ཚགས་པར་བལྟས་ནས་རིགས་པའི་གཞུང་ལུགས་དང་བཅའ་ཁྲིམས། ཁྲིམས་སྲོལ་བཅས་སློབ་སྦྱོང་བྱ་རྒྱུར་ལྷོད་གཡེང་སྤུ་ཙམ་ཡང་བཏང་མེད་པས་ཁོའི་ཡོན་ཚད་དང་ལས་ཀའི་ནུས་པ་ཇེ་ཆེ་རུ་སོང་བ་དང་ཆབས་ཅིག་ཉེ་འགྲམ་གྱི་མི་ལ་སློབ་སྦྱོང་གི་ཁོར་ཡུག་ཡག་པོ་ཞིག་བསྐྲུན་པར་སྐུལ་ཁྲིད་བྱས་པ་རེད། 2018ལོའི་ཟླ་བ12པར་ཀྲོའུ་ཨ་ཅ་ལ་རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་ཁང་གི་རྒྱལ་ཡོངས་ཀྱི་སྐབས་གསུམ་པའི་“དཔེ་ཆ་བའི་ཁྱིམ་ཚང”གི་མཚན་སྙན་ཐོབ་ཡོད། རྒྱལ་ཁབ་རིམ་པའི་མཚན་སྙན་དེ་ལས་ཁོ་དང་ཁོ་འདྲ་བའི་སློབ་སྦྱོང་ལ་འབད་བརྩོན་བྱེད་མཁན་གཞི་རིམ་གྱི་ལས་བྱེད་པ་རྒན་གྲས་ལ་ཁས་ལེན་གདེང་འཇོག་ཆེས་ཆེ་ཤོས་གནང་ཡོད་པ་མཚོན་ཐུབ། ཚང་མའི་བསྟོད་བསྔགས་ཐོས་སྐབས་ཁོས་གྲུབ་འབྲས་ཅུང་ཙམ་ཐོབ་ཀྱང་དེ་ནི་འདས་སོང་ཁོ་ན་ཡིན་ལ། དེང་སྐབས་ཀྱི་ལས་དོན་སྔར་བཞིན་ལྗིད་རྫོབ་ཆེ་བས་ནོར་འཁྲུལ་ཡོད་མི་རུང་། ང་ཚོས་མང་ཚོགས་ཀྱི་ཆེད་དུ་བྱ་བ་བསྒྲུབ་རྒྱུ་ནི་ནམ་ཡང་རྫོགས་མཐའ་མེད་པའི་ལམ་བུ་ཞིག་པ་ཧ་གོ་དགོས་ལ། ད་ལྟའི་ང་དང་འདྲ་བ་ལས་འཁྱུར་ངལ་གསོ་བྱ་རན་ན་ཡང་ད་དུང་ན་གཞོན་གསོ་སྐྱོང་བྱེད་ཆོག་པ་དང་མང་ཚོགས་ལ་བྱ་བ་བཟང་པོ་བསྒྲུབ་ཆོག་པའི་རྐྱེན་གྱིས་ངའི་སེམས་ནི་ནམ་ཡང་ལས་གནས་དང་ཁ་བྲལ་མི་སྲིད་ཅེས་བཤད་པ་རེད།

ལས་ལ་དགའ་གུས་ཆེ་ཞིང་ཐབས་མཁས་སྤྱད།། དམངས་ཀྱི་ཆེད་དུ་སེམས་ནུས་ཡོད་རྒུ་བཏོན།།

ཀུན་སྤྱོད་བཟང་པོ་དང་རང་དོན་རྒྱབ་བསྐྱུར་གྱི་ལས་བཀུར་སྙིང་སྟོབས་ལ་བརྟེན་ནས་ཁོས་ལོ་བཅུ་ཕྲག་ཁ་ཤས་རིང་གི་ལས་ཀའི་ཁྲོད་མང་ཚོགས་ཀྱི་སྐྱིད་སྡུག་སེམས་སུ་ནམ་ཡང་དོར་མེད། མང་ཚོགས་ཀྱིས་སེམས་ཁྲལ་བྱ་ཡུལ་དང་རེ་སྒུག་བྱ་ཡུལ་དེ་ཕུགས་ཀྱི་བསམ་འདུན་དུ་བརྩིས་ནས་དུས་རྒྱུན་དུ་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་བསྐྱོད་པར་བརྟེན། རིམ་བཞིན་ཚང་མའི་བརྟེན་ས་གཙོ་བོར་གྱུར། གནད་དོན་ཡོད་ན་ཚང་མས་ཁོ་འཚོལ་དུ་འོང་བཞིན་ཡོད་པ་རེད། ཤིས་མདོ་གྲོང་རྒལ་གྱི་ལས་བྱེད་པས་ཨ་ཁུ་ཨ་ཅས་རྒྱབ་སྐྱོར་བྱས་འོག་ཡུལ་སྲོལ་གོམས་སྲོལ་བསྒྱུར་བའི་སྒྲོག་འགྲེལ་ལས་ཀར་ཚང་མས་བསམ་ཤེས་ཐུབ་པར་མ་ཟད། རྒྱབ་སྐྱོར་ཡང་ཐོབ་ཡོད་ཅེས་བཤད་པ་རེད།

ལས་དོན་དེ་བས་ལེགས་པའི་སྒོ་ནས་སྤེལ་ཆེད། ཀྲོའུ་ཨ་ཅས་ནམ་རྒྱུན་དུ་སྤྱི་ཁུལ་གྱི“ཨུ་ལྷན་གཉིས”ཀྱི་དྲྭ་མིག་ཅན་གྱི་དོ་དམ་མི་སྣ་དང་མཉམ་དུ་ཁོངས་གཏོགས་ས་ཁོངས་ལ་ཕྱིན་ནས་འགལ་བ་དང་མི་མངོན་པའི་རྐྱེན་ངན་བརྟག་དཔྱད་བྱས་ཏེ། ཁ་གཏད་བྱ་ཐབས་གཏན་འབེབས་བྱེད་པ་དང་འགན་འཁྲི་དོན་འཁྱོལ་བྱས་པ་རེད། གཟབ་ནན་ལས་བཀུར་གྱི་ལས་སྒྲུབ་རྣམ་འགྱུར་འདིའི་རྐྱེན་ལས་ཀྲོའུ་ཨ་ཅ་ཡོད་སའི་སྤྱི་ཁུལ་དེར་ཏོག་གསར་གློ་རིམས་ཀྱི་རིམས་བབ་འགོག་ཟོན་ལས་ཀའི་ཁྲོད་གྲུབ་འབྲས་ཡག་པོ་ཐོབ་ཡོད་ཅིང་། གོང་རིམ་ལས་ཁུངས་ཀྱི་ཁས་ལེན་ཐོབ་པར་མ་ཟད། སྤྱི་ཁུལ་གཞིས་མི་ཨུ་ཡོན་ལྷན་ཁང་གི་ཕྱོགས་བསྡུས་བཅོས་སྐྱོང་ལས་ཀ་རྒྱུན་རྣམ་ཅན་དུ་འགྱུར་བ་བྱས་ཡོད་པ་རེད།

ཐེངས་ཤིག་ལ། སྤྱི་ཁུལ་གྱི་ལས་སྒྲུབ་མི་སྣས་གཉེན་སྟོན་དང་པུར་འཇུག་གི་སྲིད་ཇུས་གསར་པ་དྲིལ་བསྒྲགས་བྱེད་པའི་ལས་ཀའི་ཁྲོད་འགོག་རྐྱེན་ཐེབས་པའི་སྐབས་སུ། ཀྲོའུ་ཨ་ཅས་མ་བསྐུལ་དང་ལེན་གྱིས་འབྲེལ་ཡོད་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་རྗེས། ལུགས་མཐུན་དང་། ཡ་རབས། བདེ་ཐང་བཅས་ཀྱི་བྱེད་སྟངས་དར་སྤེལ་བཏང་བ་ཡིན་ན། བཟའ་བཅའ་ཆུད་ཟོས་སུ་གཏོང་བའི་གོམས་གཤིས་སོགས་རིམ་པར་མེད་པར་བཟོ་ཐུབ་པར་ར་འཕྲོད་བྱུང་། ཀྲོའུ་ཨ་ཅས་འདི་ནི་སྤྱི་ཚོགས་དཔལ་ཡོན་ཡར་ཐོན་གྱི་དོན་བཟང་ཞིག་རེད། མི་ཁ་ཤས་ཀྱིས་བསམ་ཤེས་མ་ཐུབ་ན་ཡང་། ང་ཚོ་ལས་བྱེད་པའི་ངོས་ནས་རྒྱུན་འཁྱོངས་ལྷོད་མེད་ཀྱིས་འབྲེལ་ཡོད་གནས་ལུགས་ཆ་ཚང་ཞིང་ཞིབ་ཕྲ་བའི་སྒོ་ནས་མི་སེར་ལ་བཤད་དགོས། ཁོ་ཚོས་དེའི་ནང་གི་གནས་ལུགས་ངོ་མ་ཤེས་སོང་ན། ལྷག་བསམ་རྣམ་དག་གིས་གོམས་སྲོལ་སྒྱུར་བ་དང་ལེན་དང་བྱ་བ་གསར་པ་གསར་སྒྲུབ་བྱ་ཐུབ་རྒྱུ་རེད་ཅེས་བཤད།

མང་ཚོགས་ཀྱི་ཁས་ལེན་དང་ཡིད་ཆེས་ཐོབ་ཆེད། ཀྲོའུ་ཨ་ཅས་ལས་ཀའི་ཁྲོད་འཕྲད་པའི་དཀའ་ངལ་ལ་སྡུག་ཡུས་བགྲངས་མ་མྱོང་བ་དང་། མང་ཚོགས་ཀྱིས་རྒྱབ་སྐྱོར་མི་བྱེད་པར་ཁོས་སྐྱོན་འཛུགས་དེ་བས་ཀྱང་བྱས་མྱོང་མེད་ཅིང་། ཁོས་སུན་སྣང་སྤུ་ཙམ་ཡང་མེད་པར་མང་ཚོགས་ལ་ཐབས་མཁས་ཀྱིས་ཁྲིད་སྟོན་བྱས་ཏེ་དེའི་ནང་གི་གནས་ལུགས་ངོ་མ་ཤེས་སུ་བཅུག་པར་བརྟེན། མང་ཚོགས་ཀྱིས་མ་སྐུལ་དང་ལེན་ངང་ལས་ཀ་དང་ལེན་དང་གཞོགས་འདེགས་བྱེད་ཀྱི་ཡོད་པ་རེད།

དབུལ་སྐྱོར་དཀའ་སེལ་བྱམས་སེམས་ལྷག་ཏུ་ཆེ།། དམངས་ཀྱི་བརྟེན་བྱའི་སྲོག་ཤིང་ཉིད་དུ་གྱུར།།

2014ལོར་ཤིས་མདོ་གྲོང་རྙིང་པའི་ཡུལ་མི་གཉིས་ཀྱི་ཁྱིམ་དུ་མེ་ཤོར་བ་དང་། ཤར་ལམ་རྒྱུད་ཀྱི་ཁེར་གཉེར་དུད་ཚང་གསུམ་གྱིས་མེ་ཤོར་དུད་ཁྱིམ་དུ་དངོས་ཉར་མཛོད་ཁང་གླ་ཡོད་པས། གསོག་ཉར་བྱས་པའི་དངོས་ཟོག་ཚང་མ་མེས་བསྲེགས། ཁོ་ཚོས་དངོས་ཟོག་ཁ་གསབ་དང་མ་དངུལ་འཁོར་རྒྱུག་སོགས་ཀྱི་གནས་ཚུལ་ལ་ཁ་གཏད་ཇི་ལྟར་གཅོག་དགོས་པ་མི་ཤེས་ནས་ཅི་བྱ་གཏོལ་མེད་དུ་གྱུར་པའི་སྐབས་སུ། ཀྲོའུ་ཨ་ཅས་ལས་སྒྲུབ་མི་སྣའི་སྣེ་ཁྲིད་དེ་ཁོ་ཚོའི་གྱོང་གུན་ཐེབས་ཚུལ་ལ་རྒྱུས་ལོན་བྱས་པར་མ་ཟད། དུས་ཐོག་ཏུ་རྫོང་བཟོ་ཚོང་ཅུས་དང་རྫོང་ཁེར་གཉེར་མཐུན་ཚོགས་ལ་གནས་ཚུལ་ཞུས་ནས་རོགས་རམ་ཆེན་པོ་བྱས་པ་རེད། དེ་དུས་ཀྱི་ལས་ཀར་ཕྱིར་དྲན་བྱེད་སྐབས་ཚོང་དུད་མང་པོས་གཅིག་རྗེས་གཉིས་མཐུད་ངང་དེའི་དུས་སུ་ཨ་ཁུ་ཀྲོའུ་ཨ་ཅ་ང་ཚོའི་གཉེན་ཉེ་དང་སེམས་ཀྱི་རྟེན་ས་ལྟ་བུ་ཡིན་པའི་ཚོར་སྣང་བྱུང་ལ། ཏང་ཨུ་དང་སྲིད་གཞུང་གི་སེམས་ཁུར་ལ་ཡང་མྱོང་ཚོར་ཟབ་མོ་བྱུང་ཞེས་བཤད་པ་རེད།

ཀྲོའུ་ཨ་ཅའི་དམ་ནན་ཆེ་ཡང་བྱམས་བརྩེ་མི་འདོར་བའི་ལས་ཀའི་རྣམ་འགྱུར་ལ་བརྟེན་ནས་སྒེར་གཉེར་བཟོ་ཚོང་དུད་ཚོང་མང་པོས་ཁོ་ལ་དམིགས་བསལ་གྱིས་ཡིད་ཆེས་བྱས་པ་རེད། 2017ལོར་ཁོ་རང་ཁུལ་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས﹙ཚོང་ཚོགས﹚ཀྱིས་ལག་བསྟར་ཨུ་ཡོན་ལྷན་ཁང་སྐབས་བཞི་པའི་དམིགས་བསལ་མཚན་འཛིན་ཚོགས་གཙོ་ལ་བདམས་པ་རེད། ཁོའི་སྣེ་ཁྲིད་འོག་ལོ་ལྟར་བྲག་མགོ་རྫོང་རྒྱ་གྲམ་དམར་པོའི་ཚོགས་པས་ཞལ་འདེབས་དངུལ་གྲབས་གསོག་བྱེད་དུས། ཀྲོའུ་ཨ་ཅས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས﹙ཚོང་ཚོགས﹚ཀྱི་སྒེར་གཉེར་ཚོགས་པའི་ལས་རོགས་པ་ཁྲིད་ནས་སྒེར་གཉེར་བཟོ་ཚོང་དུད་ཚང་དང་ཚོང་ཁང་ཁག་ལ་ཞལ་འདེབས་སློང་དུ་ཕྱིན་པའི་སྐབས་སུ་དེ་དག་གིས་དང་ལེན་ཧུར་ཐག་དང་རྒྱབ་སྐྱོར་ཆེན་པོ་བྱས་དང་བྱེད་བཞིན་ཡོད་པ་རེད།

དུས་དང་རྣམ་པ་ཀུན་ཏུ་དམངས་ཀྱི་བྱ་བ་ཆེ་ཕྲ་ཐམས་ཅད་སེམས་ནང་བཞག་པ་དང་བྱ་བ་བརྟན་པོའི་ངང་སྒྲུབ་མཁན་ཀྲོའུ་ཨ་ཅས་རང་གི་ཉེ་འགྲམ་གྱི་མང་ཚོགས་ལ་སེམས་ཁུར་བྱས་པར་མ་ཟད། རྟག་ཏུ་བྱེས་འགྲོའི་མི་འབོར་གྱི་གནས་ཚུལ་ལ་ཡང་རྒྱུས་ལོན་ཞིབ་ཕྲ་བྱེད་བཞིན་ཡོད། ལོ་འགའི་སྔོན་ལ་ཁོས་ཐེམ་ཐོ་མེད་པའི་འཁྱར་མི་གཉིས་ཕྱི་རོལ་དུ་ལོ་བཞི་བཅུ་ལྷག་ལ་འཁྱར་ནས་འཚོ་བ་རོལ་བཞིན་ཡོད་པར་ཤེས་རྟོགས་བྱུང་བའི་ཚེ། འདྲི་རྩད་དང་ཚགས་བཤེར་བྱས་པར་བརྒྱུད། ཁོ་དང་ལས་རོགས་ཚོས་རིམ་པ་རེ་རེ་བཞིན་གོང་རིམ་གྱི་འབྲེལ་ཡོད་སྡེ་ཁག་ལ་གནས་ཚུལ་ཡར་ཞུ་བྱས་ནས་འཁྱར་མི་དེ་གཉིས་ལ་མྱུར་མགྱོགས་ངང་ཐེམ་ཐོ་གཉེར་རོགས་བྱས་ཐོག་མ་མཐའི་འཚོ་བའི་འགན་སྲུང་ཡང་རེ་ཞུ་བྱས་ནས་ཏང་གི་དམངས་ཕན་སྲིད་ཇུས་ཀྱིས་ཉམ་ཆུང་གི་སེམས་པ་ཡོངས་སུ་གསོས་པ་རེད།

ལོ་ངོ་བཅུ་ཕྲག་ཁ་ཤས་ལ་ཉིན་གཅིག་ལྟར་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལས་ཀའི་ཁྲོད། ཀྲོའུ་ཨ་ཅས་རང་ཉིད་ཀྱི་བསྒྲུབ་པའི་བྱ་བའི་གལ་ཆེན་རང་བཞིན་དང་རིན་ཐང་སྔར་ལས་ལྷག་པ་གསལ་པོར་ཤེས་ཤིང་། རྟག་ཏུ་སྤྱི་ཁུལ་གྱི“ཨུ་ལྷན་གཉིས”དང་མཉམ་དུ་མང་ཚོགས་ཀྱི་གནས་ཚུལ་རྒྱུས་ལོན་གཏིང་ཟབ་བྱེད་ཀྱི་ཡོད། ཁོས་དུས་རྒྱུན་དུ་འཁྱེར་བའི་ཟིན་ཐོའི་ནང་མང་ཚོགས་ཀྱི་དཀའ་ངལ་དང་ཞུ་གཏུག་རེ་རེ་བཞིན་ཟིན་བྲིས་ཡོད་དེ། སུ་ལོ་ན་བགྲེས་ཤིང་གཟུགས་པོ་སྐྱོ་བ་དང་སུ་ཚང་གི་འཚོ་སྡོད་ཁོར་ཡུག་མི་བཟང་བ། སུ་ཚང་ལ་འཚོ་བའི་དཀའ་ངལ་ཡོད་པ་བཅས་ཟིན་ཐོའི་ནང་བཀོད་ནས་གནད་དོན་གལ་ཆེ་ཆུང་དང་དཀའ་སླའི་ཚད་ལ་བརྟེན་ནས་བསམ་གཞིགས་ཞིབ་ཚགས་དང་ནན་ཏན་གཏོང་བ་དང་། སྲིད་ཇུས་དང་ས་གནས་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་བྱ་བ་རེ་རེ་བཞིན་ཡག་པོ་སྒྲུབ་པར་འབད་བརྩོན་བྱེད་ཅིང་། མང་ཚོགས་ཀྱི་བློར་བབས་པའི་ལས་དོན་བསྒྲུབས་ཏེ་མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་དངོས་སུ་སེལ་གང་ཐུབ་བྱས་དང་བྱེད་བཞིན་མཆིས་སོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1