མཚོ་སྔོན་རྗེ་ཙོང་ཁ་པ་རིག་གནས་སྒྱུ་རྩལ་ཞིབ་འཇུག་ཚོགས་པའི་ལོ་ཚོགས་དང་རྗེ་ཙོང་ཁ་པ་ཞིབ་འཇུག་དྲ་ཚིགས་ཀྱི་པར་གཞི་གསར་པ་སྒོ་འབྱེད་པའི་མཛད་སྒོ་གནའ་མཁར་ཟི་ལིང་ནས་བསྡུས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-24


དྲ་ཚིགས་གསར་འབྱེད་ཀྱི་དར་ཚོན་གཅོད་བཞིན་པ།

 

ཚོགས་གཙོ་གཞོན་པ་གཅོད་པ་དོན་གྲུབ་ཀྱིས་ཚོགས་འདུ་ལ་འགོ་འཛིན་བྱེད་བཞིན་པ།

 

ཚོགས་གཙོ་འོ་ཚོགས་ཆེན་གྱིས་གསུང་བཤད་གནང་བཞིན་པ།

           སྤྱི་ཟླ་12པའི་ཚེས་20ཉིན། མཚོ་སྔོན་རྗེ་ཙོང་ཁ་པ་རིག་གནས་སྒྱུ་རྩལ་ཞིབ་འཇུག་ཚོགས་པའི་ལོ་ཚོགས་དང་རྗེ་ཙོང་ཁ་པ་ཞིབ་འཇུག་དྲ་ཚིགས་ཀྱི་པར་གཞི་གསར་པ་སྒོ་འབྱེད་པའི་མཛད་སྒོ་གནའ་མཁར་ཟི་ལིང་ནས་བསྡུས། རྗེ་ཙོང་ཁ་པ་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་གཞོན་པ་གཅོད་པ་དོན་གྲུབ་ཀྱིས་ཚོགས་འདུ་གཙོ་སྐྱོང་བྱས་ཤིང་། ལོ་གཅིག་གི་བྱ་བར་སྤྱི་བསྡོམས་བྱས། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཟུར་པ་ཕོའུ་ཝུན་ཁྲེང་དང་འདི་གའི་ཚོགས་གཙོ་འོ་ཚོགས་ཆེན་རྣམ་གཉིས་ཀྱིས་རྗེ་ཙོང་ཁ་པ་རིག་གནས་སྒྱུ་རྩལ་གྱི་ཞིབ་འཇུག་ཐད་གསུང་བཤད་གལ་ཆེན་གནང་བ་མ་ཟད། དྲ་ཚིགས་གསར་པ་སྒོ་འབྱེད་ཀྱི་བཀྲ་ཤིས་དར་ཚོན་བཅད། ཚོགས་ཐོག་ཏུ་མཁས་དབང་དང་དགེ་བའི་བཤེས་གཉེན། སློབ་གྲྭ་ཆེན་མོའི་དགེ་རྒན་སུམ་ཅུ་ལྷག་གིས་རྗེ་ཙོང་ཁ་པའི་རིག་གནས་སྒྱུ་རྩལ་དང་དྲ་ཚིགས་ཀྱི་སྒྲུབ་སྟངས་དང་མ་འོངས་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཐད་བགྲོ་གླེང་དང་དཔྱད་བསྡུར་བྱས།

            རྗེ་ཙོང་ཁ་པ་ཞིབ་འཇུག་དྲ་ཚིགས་ཀྱི་དྲ་གནས་ནི་ www.jetsongkhapa.orgཡིན་ལ། འདི་ནི་རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་མཆོག་གི་བསམ་བློའི་སྙིང་བཅུད་རྒྱུན་འཛིན་དང་ཁོང་གི་རིག་གཞུང་ཞིབ་འཇུག་དང་བརྗེ་རེས། སྲོལ་རྒྱུན་གྱི་ཕུལ་བྱུང་རིག་གནས་དར་སྤེལ་བཅས་བྱ་ཆེད་ཚོགས་པ་འདི་ཉིད་ཀྱིས། ད་ལོའི་ཟླ་5པ་ནས་འགོ་ཚུགས་ཏེ་སྔ་ཕྱི་ཐེངས་གསུམ་ལ་ཆེད་མཁས་པ་དང་དགེ་བཤེས་མང་པོ་མཉམ་དུ་བསྡུས་ནས་དྲ་ཚིགས་གསར་བསྒྱུར་གྱི་ཐད་ལ་བགྲོ་གླེང་དང་བསམ་འཆར་བསྡུ་ལེན་བྱས་མཐར་བཙུགས་པ་ཞིག་རེད། དྲ་ཚིགས་འདི་ལ་བོད་ཡིག་གཙོ་བྱས་བོད་རྒྱ་ཡིག་རིགས་གཉིས་ལྡན་ཞིང་ནང་དོན་གྱི་ཆ་ནས་གསར་འགྱུར་དང་ལོ་རྒྱུས། ཆོས་འབྱུང་། རྗེ་ཙོང་ཁ་བའི་ཞབས་རྗེས། དགེ་ལུགས་པའི་གནས་ཆེན། གསུང་རབ། ལམ་རིམ་བློ་སྦྱོང་། དཔེ་ཁྲིད། ཆོ་ག་ཆོས་སྤྱོད། སྒྱུ་རྩལ། དུས་ཆེན། སྐད་ཡིག་ལ་འཇུག་པའི་སྒོ། ཁོར་ཡུག་དང་འཕྲོད་བསྟེན་བཅས་ལེ་ཚན་གཙོ་བོ་13དང་ཡན་ལག་གི་ལེ་ཚན་63ལྷག་ཡོད། འདིའི་ཁྲོད་ཅུང་ཐུན་མོང་མ་ཡིན་པའི་ལེ་ཚན་གཉིས་ཡོད་པ་ནི། གཅིག་དཔེ་ཁྲིད་ལེ་ཚན་དང་གཞན་གཅིག་ནི་གསུང་འབུམ་ལེ་ཚན་རེད། དཔེ་ཁྲིད་ལེ་ཚན་གྱི་ནང་དུ་གཙོ་བོ་མཁས་དབང་རྣམས་ཀྱི་འཆད་ཁྲིད་རྣམས་སྒྲ་དང་གཟུགས་གཉིས་ཀྱི་རྣམ་པའི་ཐོག་ནས་སྤེལ་ཡོད་པ་དང་། གསུང་རྩོམ་གྱི་ལེ་ཚན་ལ་བཀའ་འགྱུར་དང་བསྟན་འགྱུར། མཁས་དབང་སོ་སོའི་གསུང་འབུམ་རྣམས་ཡིག་རིགས་རྐྱང་བའམ་PDFརྣམ་པའི་ཡིག་ཆ་སྤྱད་ནས་བལྟ་ཀློག་བྱེད་བདེ་པར་བྱས་ཡོད། དྲ་ཚིགས་ཇུས་འགོད་ཀྱི་ཐད་ནས་རྒྱལ་སྤྱིའི་ཚད་ལྡན་གྱི་བོད་ཡིག་ཨང་རྟགས་Unicodeབཀོལ་ཡོད་པ་མ་ཟད། བོད་ཡིག་མེད་པའི་ལག་འཁྱེར་ཁ་པར་དང་མ་ལག་Androidཅན་གྱི་ཁ་པར། ལག་ཐོག་རྩིས་འཁོར། Windows Vistaསྔོན་གྱི་རྩིས་འཁོར་མ་ལག་བཅས་ཀྱི་སྟེང་དུའང་དྲ་ཚིགས་ནང་གི་རྩོམ་ཡིག་དང་PDFཅན་གྱི་ཡིག་ཆ། སྒྲ་དང་གཟུགས་སོགས་ཚེགས་མེད་ངང་བལྟ་ཀློག་བྱེད་ཐུབ། དེ་མིན་དྲ་ཚིགས་ནང་གི་ནང་དོན་རྣམས་འཚོལ་བདེ་པའི་ཆེད་དུ་རྩོམ་ཡིག་འཚོལ་བཤེར་མ་ལག་ཞིག་ཀྱང་བཟོས་ཡོད་པས། ཀློག་པ་པོ་རང་ཉིད་ལ་མཁོ་བའི་རྩོམ་ཡིག་རྣམས་རྩོམ་ཡིག་གི་ཁ་བྱང་ངམ་རྩོམ་པ་པོ། ཡང་ན་དེ་གཉིས་པོ་འདེམས་ནས་བཙལ་ནའང་ལེགས་པར་རྙེད་ཐུབ་པ་སོགས་ཀྱི་དགེ་མཚན་མང་པོ་ལྡན་སྟབས། མིག་སྔར་བོད་ཡིག་གི་དྲ་ཚིགས་དག་ལས་བྱེད་ནུས་ཅུང་འཐུས་ཚང་ལྡན་པ་ཞིག་ཏུ་གྱུར་ཡོད་པ་རེད།  ། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1