རླངས་འཁོར་བཀྲུས་ནས་ལས་གཏོད་ལམ་བུ་བཏོད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 03-02



 
   ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་2ཚེས་23ཉིན་གློག་འཕྲིན་འབྱོར་གསལ། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྲོང་ནུབ་ཁུལ་གྱི“ཧན་ཞིར”རླངས་འཁོར་འཁྲུད་སའི་སྒོ་རྩར་ལས་མི་ཞུས་ཡན་ཀྲེ་ཡིས་རླངས་འཁོར་འཁྲུ་བར་ཡོང་མཁན་ཚོར་རླངས་འཁོར་འཇོག་ས་སྟོན་བཞིན་འདུག རླངས་འཁོར་ཁ་བཀག་རྗེས་གམ་དུ་ཡོད་པའི་ལས་མི་5ཡིས་མྱུར་དུ་ལས་བགོས་ལྟར་གོ་རིམ་ལྡན་པའི་ངང་རླངས་འཁོར་འཁྲུད་འགོ་ཚུགས།
   རླངས་འཁོར་འཁྲུད་ས་འདི་གཞན་དང་མི་འདྲ་བ་ཞིག་ནི་དེ་གའི་ལས་མི་ཚང་མ་ལས་ཞུགས་གསོ་སྦྱོང་བྱེད་མྱོང་བའི་བློ་རིག་སྐྱོན་ཅན་ཤ་སྟག་རེད།
   ཆུ་མདའི་རྡུལ་སེལ་དང་། འདག་རྫས་བྱུག་པ། གཙང་འཁྲུད་ཐེངས་གཉིས་པ་སོགས་ལས་ཀའི་བརྒྱུད་རིམ་དུ་ཚང་མས་གཞོགས་འདེགས་ཡག་པོ་བྱེད་པ་དང་འཁྲུད་སྟངས་ཀྱང་བྱང་ཆུབ་པོ་ཡོད། ལས་མི་དབྱང་ཅུན་གྱིས་ཨ་ཅོར་བཟུང་སྟེ་རླངས་འཁོར་གྱི་མཇུག་སྒྲོན་ཐོག་གི་བཙོག་པ་ནན་ཏན་གྱིས་འཕྱིས་ཀྱིན་འདུག
   “ཧ་ཅང་སྟབས་བདེ་བའི་རླངས་འཁོར་འཁྲུད་པའི་བརྒྱུད་རིམ་དེ་ཁོ་ཚོའི་ངོས་ནས་བརྗོད་ན་ཚོད་བགམ་ཆེན་པོ་ཞིག་རེད”“ཧན་ཞིར”རླངས་འཁོར་འཁྲུད་སའི་ཅིང་ལི་མཱ་ཀྲུང་ཧྭ་ཡིས་དམིགས་བསལ་གྱི་ལས་མི་དེ་དག་གི་ངོས་ནས་བརྗོད་ན་བརྒྱུད་རིམ་ཚང་མར་སྦྱོང་བརྡར་ཡང་ཡང་བྱེད་དགོས་ཀྱི་ཡོད། ལྟེབ་བརྩེགས་ཨ་ཅོར་ཇི་ལྟར་རྒྱག་མིན་ཁོ་ན་ཐེངས་བརྒྱ་ལྷག་ཙམ་བསླབས་པ་ཡིན་ཞེས་བཤད།
   མཚོ་སྔོན་ཧན་ཞིར་རླངས་འཁོར་ཞབས་ཞུ་ཚད་ཡོད་ཀུང་སི་ནི་མཚོ་སྔོན་ཞིང་ཆེན་གྱི་དབང་པོ་སྐྱོན་ཅན་གྱི་ཁ་གསབ་རང་བཞིན་གྱི་ལས་ཞུགས་སྒྲིག་གཞི་དང་པོ་ཡིན་ཞིང་། གཙོ་བོ་དམངས་ཁྲོད་མ་རྩ་སྒྲིག་གཞི་གཉེར་སྐྱོང་ལ་ཞུགས་རྒྱུར་རྒྱབ་སྐྱོར་བྱས་པ་བརྒྱུད་སྤྱི་ཚོགས་ཀྱི་སྟོབས་ཤུགས་སྐོང་འཐེན་དང་རྒྱབ་སྐྱོར་གྱིས་ཁ་གསབ་རང་བཞིན་གྱི་ལས་ཞུགས་འཕེལ་རྒྱས་བཏང་ནས་བློ་རིག་སྐྱོན་ཅན་ལ་བལྟོས་བཅས་ཀྱིས་བརྟན་པོ་ཡོད་པའི་ངལ་རྩོལ་ཐོན་སྐྱེད་རྣམ་གྲངས་མཁོ་འདོན་བྱས་པ་ཞིག་རེད།
   མཚོ་སྔོན་ཞིང་ཆེན་དབང་པོ་སྐྱོན་ཅན་ལས་ཞུགས་ཞབས་ཞུ་མཛུབ་ཁྲིད་ལྟེ་གནས་ལས་ཞུགས་ལས་གཏོད་པུའི་པུའུ་ཀྲང་ལས་རོགས་ཡོན་ཡོན་གྱིས“མི་བདེ་མ་ཐང་མ་ཞིག་དང་བསྡུར་ཚེ་བློ་རིག་སྐྱོན་ཅན་ཚོར་རང་ངོས་ཀྱི་བཀག་རྒྱ་ཡོད་ལ། མི་བདེ་མ་ཐང་མ་ལས་ལྷག་པའི་བློ་རྩེ་གཅིག་སྒྲིམ་དང་ངང་རྒྱུད་རིང་པོའང་ཡོད་པས། ཆེད་ལས་ཀྱི་ཁྲིད་སྟོན་དང་གསོ་སྦྱོང་བྱས་ཚེ་ཁོ་ཚོས་སྟབས་བདེ་པོ་དང་བསྐྱར་ཟློས་ཀྱི་རྨང་གཞིའི་རང་བཞིན་གྱི་ལས་ཀ་ཁག་གཅིག་ཡོངས་སུ་བྱེད་ཐུབ་སྟེ་སྤྱི་ཚོགས་ལ་སྟོབས་ཤུགས་སྐྱེས་སུ་ཕུལ་ནས་རང་ངོས་ཀྱི་རིན་ཐང་མངོན་ཐུབ”ཅེས་བཤད།
   ཀུང་སིའི་འགན་ཁུར་བ་ཧྥེང་རུང་ཧྥུའུ་ཡིས་དབང་པོ་སྐྱོན་ཅན་གྱི་རིམ་པ་མི་འདྲ་བར་གཞིགས་ཏེ་ཀུང་སིས་གསོ་སྦྱོང་གི་ཇུས་གཞི་མི་འདྲ་བ་བཟོས་པ་དང་། རྩལ་ནུས་གསོ་སྦྱོང་དགེ་རྒན་གྱིས་དམར་ཁྲིད་བྱས་ནས་ཁོ་ཚོར་བསམ་བློ་དང་དྲན་ཤེས་བརྟན་པོ་འཇགས་པར་བྱས་པས་ཟླ་གསུམ་གྱི་གསོ་སྦྱོང་བརྒྱུད་ཚང་མ་ལས་གནས་སུ་བསྐྱོད་ཆོག་ཡོད་ཅེས་ངོ་སྤྲོད་བྱས།
   མིག་སྔར་ཀུང་སིས་ཡན་ལག་ཁང་5བཙུགས་ཏེ་དབང་པོ་སྐྱོན་ཅན་35བསྡུས་པ་དང་མི་ཐེངས་152ལ་གསོ་སྦྱོང་བྱས་ཡོད།
   རྩལ་ནུས་གསོ་སྦྱོང་དགེ་རྒན་ཕུད་ཀུང་སིས་ད་དུང་འཚོ་བའི་བདེ་འཇགས་དགེ་རྒན་ཡང་བཀོད་སྒྲིག་བྱས་ཏེ་ཞག་སྡོད་ལས་མིའི་འཚོ་བར་ལྟ་རྟོག་བྱེད་ཀྱི་ཡོད། མཱ་ཀྲུང་ཧྭ་ཡིས་ལག་ཐོགས་ཁ་པར་གྱི་སྐད་འཕྲིན་ཚོགས་པ་ཁ་འབྱེད་སྐབས་དེའི་ནང་ལས་མི་ཚོས་ཉིན་ལྟར་ཁ་ངོ་འཁྲུད་པ་དང་། སྤྱི་སྤྱོད་རླངས་འཁོར་དུ་སྡོད་པ། གཙང་སྦྲ་བྱེད་པ་སོགས་ཀྱི་བརྙན་ལམ་བརྒྱུད་བསྐུར་བྱས་པ་མཐོང་ཐུབ། ཁོང་གིས“ཁོ་ཚོ་ནི་རང་ཉིད་ཀྱི་ཕྲུ་གུ་ལྟར་ཡིན་ལ། ཁོ་ཚོ་རིམ་བཞིན་འཚར་ལོངས་འབྱུང་བཞིན་པ་མཐོང་སྐབས”སེམས་སུ་དགའ་སྤྲོ་ཆེན་པོ་སྐྱེ་ཡི་འདུག་ཅེས་བཤད།
   “རླངས་འཁོར་འཁྲུད་ས་དེས་ཕྲུ་གུ་ཚོར་ལས་ཞུགས་ཀྱི་གོ་སྐབས་ཤིག་བཏོད་ཡོད་ལ་ང་ཚོས་དབང་པོ་སྐྱོན་ཅན་ལ་ཤེས་རྟོགས་དང་དོ་ཁུར་བྱ་ཆེད་སྐར་ཁུར་ཞིག་ཀྱང་ཕྱེ་ཡོད” གྲོང་མི་ཅཱ་མོང་ནི“ཧན་ཞིར”གྱི་ཚོང་ཤག་རྙིང་པ་ཡིན་ཞིང་། རླངས་འཁོར་འཁྲུད་བར་ཡོང་རིམ་བཞིན་ངལ་གསོ་ཁང་དུ་བསྒུགས་ནས་སྡོད་ཀྱི་ཡོད། ཁོང་གིས“ས་ཆ་གཞན་དུ་རླངས་འཁོར་བཀྲུ་བར་མང་ཤོས་སུ་སྐར་མ་བཅུ་གྲངས་ལས་འགོར་གྱི་མེད། འདིར་ཉུང་ཤོས་ལའང་ཆུ་ཚོད་ཕྱེད་ཀ་འགོར་གྱི་འདུག འོན་ཀྱང་དེ་ནི་སྒུག་རིན་ལྡན་པ་ཞིག་འདུག”ཅེས་བཤད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1