༄༅།།མདོ་ཁམས་འདན་མའི་ཡུལ་དུ་བཞུགས་པའི་གླིང་དཀར་ཕུ་ནུ་རྣམས་ཀྱི་གནའ་ཤུལ་དང་འབྲེལ་བའི་གཏམ་སྔོན་བྱུང་གསལ་བའི་མེ་ལོང་ཞེས་བྱ་བ་བཞུགས་སོ།།

རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-03


སྭ་སྟི་སིདྡྷཾ།མཚོ་སྐྱེས་རྒྱལ་བའི་གསང་གསུམ་རྒྱ་མཚོ་ལས།།

ལེགས་པར་འཁྲུངས་པའི་ཧོར་བདུད་གདུག་པའི་གཤེད།།

འཛམ་གླིང་མི་ཡི་ཉི་མ་སེང་ཆེན་རྗེ།།

ནོར་བུ་དགྲ་འདུལ་རྩལ་གྱིས་ཤིས་པ་སྒྲུབས།།

      དེ་ཡང་གཏེར་ཆེན་བདུད་འཇོམས་གླིང་པའི་བཀའ་ཐང་ལས།མ་འོངས་ང་ཡི་བསྟན་པ་ཡི༔ཁུག་པར་བདུད་བསྟན་དར་བའི་ཚེ༔ང་ཉིད་གེ་སར་རྒྱལ་པོར་སྤྲུལ༔ཕྱོགས་བཞིའི་བསྟན་དགྲ་ཆམ་ལ་འབེབས༔ཞེས་གངས་ཅན་བོད་ཀྱི་ལྗོངས་ཆེན་པོ་འདིར་བདུད་རིས་ཀྱི་སྡེ་མི་མིན་འདྲེ་མིན་གྱིས་གང་སྟེ་བསྟན་འགྲོའི་བདེ་སྐྱིད་འཇིག་ལ་ཉེ་བ་ན།ཨོ་རྒྱན་སངས་རྒྱས་གཉིས་པ་པདྨ་འབྱུང་གནས་དེ་ཉིད་བསམ་བཞིན་དྲག་པོ་དམག་གི་རྒྱལ་པོ་ཆེན་པོའི་སྐུར་བཞེངས་པའི་འཛམ་གླིང་དཔྱིད་ཀྱི་ཉི་མ་སྐུ་རྗེ་སེང་ཆེན་ནོར་བུ་དགྲ་འདུལ་རྩལ་ཞེས་ཡོངས་སུ་གྲགས་པའི་བཀའ་བློན་ཕུ་ནུ་མང་པོའི་གནས་ཡུལ།འབྲི་ཀླུང་གསེར་ལྡན་རིང་མོས་འདུ་སྐོར་བྱེད་ས།ཨ་འབྲུ་ནས་ཀྱི་གཏེར་ཁ་བརྡོལ་ས།མདོ་ཁམས་འདན་མ་ལུང་པའམ།འདན་ལུང་འབྲུ་ཡི་བང་མཛོད་ཅེས་ཡོངས་སུ་གྲགས་པ་ན་བཞུགས་པའི་གླིང་དཀར་ཕུ་ནུ་རྣམས་ཀྱི་གནའ་ཤུལ་དང་འབྲེལ་བའི་ཚུལ་དག་ཕྱོགས་གཅིག་ཏུ་བསྟན་པ་ལ་དོན་བཅུ་སྟེེ།ཤུག་ར་སྐྱིད་ཀྱི་ལྷ་མཁར་རིང་མོ་དང་འབྲེལ་བའི་སྐོར།ཀ་ཕུ་སྐྱིད་ཀྱི་ཤར་ལུང་རི་དྲུག་དང་འབྲེལ་བའི་སྐོར།འབྲུ་ཁོའི་ས་ན་ཁྱི་ཤི་བུ་ཡི་སྒུ་རུ་དང་འབྲེལ་བའིི་སྐོར།ཆོས་འཁོར་ས་ན་འདན་སྲས་གཡུ་མཁར་སྨུག་པོ་དང་འབྲེལ་བའི་སྐོར།འབྲུ་ཁོག་ལུང་ན་འབྲུ་སྒ་སྡེེ་དང་འབྲེལ་བའི་སྐོར།འདན་དུང་ལུང་ཁོག་ན་སྟོང་དཔོན་ཡ་མི་སོ་ཁྲ་དང་འབྲེལ་བའི་སྐོར།སེང་པ་ནང་ན་དཔའ་ལྷ་སེང་སྟག་དང་འབྲེལ་བའི་སྐོར།ལྡན་མའི་ཡུལ་དུ་སེང་ཆེན་མི་ཡི་ཉི་མས་འདན་མའི་ནས་རྫོང་ཕབ་པའི་སྐོར།འདན་མའི་ས་ཡི་རྒྱ་ཁྱོན་སྤྱིར་བསྟན་པ།འདན་མའི་ཡུལ་གྱི་བྱུང་བ་འགའ་ཞིག་བརྗོད་པས་མཇུག་བསྡུ་བའོ།།དང་པོ་ནི།འཕགས་ཡུལ་གྲུབ་པའི་དབང་ཕྱུག་ཆེན་པོ་ས་ར་ཧ་པའི་རྣམ་འཕྲུལ།འདན་ཟ་ཧོར་རྒྱལ་པོའི་རྒྱལ་རྒྱུད།ཞེ་ཐུལ་ཁྲ་གླག་སྤྱང་གསུམ་གྱི་ནང་ཚན་བློན་ཆེན་ཚ་ཞང་འདན་མ་བྱང་ཁྲའམ་འདན་མ་གཡུལ་རྒྱལ་ཐོག་རྒོད་ནི།གླིང་རྗེ་གེ་སར་རྒྱལ་པོའི་འཕྲིན་ལས་ཀྱི་བྱེད་པོར་གོང་མ་ལྷ་ནས་བསྐོས་ཤིང་།ཤར་ནས་རྒྱ་ནག།ལྷོ་ནས་མོན་འཇང་།ནུབ་ནས་སྟག་གཟིག།བྱང་ནས་ཧོར་བདུད་སོགས་མཐའ་བཞིའི་བདུད་བཞི་འདུལ་བ་ལ་འབུམ་པའི་རྒྱ་ཚ་ཞལ་དཀར་གྱི་ཞལ་ནས།ང་འབུམ་པ་དཔོན་རབས་བཅོ་བརྒྱད་ལ།།འདན་མ་བློན་རབས་བཅོ་བརྒྱད་སྲིད།།བློན་ཤ་རུས་འབྲལ་མེད་འདན་མ་ཡིན།།བརྒྱ་ཐུབ་འདན་མའི་ཕུ་བོ་ཡིན།།སྟོང་ཐུབ་འདན་མའི་ནུ་བོ་ཡིན།།ཡོད་ན་དེས་ཆོག་འདན་མ་རེད།།མེད་ན་དེས་ཕུང་འདན་མ་རེད།།ཚ་ཞང་འདན་མ་བྱང་ཁྲ་ལགས།།ཕོ་རྒོད་པོའི་བུ་ལ་ཁྱོད་འདྲ་མེད།།མདའ་སྐྱེན་པོའི་བུ་ལ་ཁྱོད་འདྲ་མེད།།དཔའ་སྙིང་དམར་ཡག་སྟག་དང་འདྲ།།སྤྱང་གྲུང་ཧོར་པ་ཁྲ་དང་འདྲ།།རྩལ་དྲུག་དར་མ་གློག་དང་འདྲ།།ཞེས་དང་།སྟག་རོང་དཔོན་པོས།དཔའ་ཤན་འདན་ཟེར་བའི་སྟོབས་ཆེན་དེ།།མཐེབ་སྐྱེན་པོའི་མདའ་རྟགས་དཔུང་ལ་བཞག།མགོ་ཉི་ཟླ་ཡིན་ཀྱང་མགོ་མཇུག་བསྒྱུར།།ཞེས་པ་ལྟར།དཔའ་སྙིང་།མདའ་རྩལ།མི་གཞི།ལག་རྟགས་སོགས་གང་ལ་བསམས་ཀྱང་ཁྲ་མོ་གླིང་ལ་འགྲན་ཟླ་བྲལ་ཞིང་སྐྱེས་མཆོག་འཛམ་གླིང་གེ་སར་རྒྱལ་པོའི་ཕྱག་གཡས་པ་ལྟ་བུ་ཡིན་པར་གྲགས།

གླིང་ཕྲུག་མ་ཎི་དེ་ཝའི་སྐྱེ་མཐའ་རྗེ་བོ་དྷི་བཛྲའི་བརྒྱུད་འཛིན་ཨ་ཡུ་དྷྭ་ཛས་བྲིས་པའི་འདན་གྱི་ནས་རྫོང་ཕབ་པའི་གཏམ་བཻ་ཌཱུཪྻའི་རྒྱུད་མང་[ལག་བྲིས་རྙིང་པ་ཞིག།]ལས།དེ་དུས་འདན་བཟའ་ཨ་སྨན་དེ།།རིགས་བཟང་མཁའ་འགྲོའི་སྐྱེ་བ་ཡིན།།སྐྱེ་ཡག་པ་ཚངས་པའི་བུ་མོ་འདྲ།།མཛངས་ཤེས་རབ་ཀུན་གྱིས་སྨོན་ལེ་རེད།།གླིང་སྤྱི་དཔོན་དང་བྱང་པ་སྟོབས་ལྡན་གཉིས།།མ་བསྒོས་ཐུན་མོང་གི་ཇ་མ་བྱས།།ས་ཕོ་སྤྲེལ་ལོའི་ཟླ་མགོ་ཡི།།ཡར་ངོའི་ཚེས་བཅུ་རིག་འཛིན་དུས།།ནམ་སྟོད་སྤྱི་དཔོན་ཁབ་ཏུ་བཞེས།།དེ་དུས་འོག་མིན་ཞིང་ཁམས་ནས།།རིག་འཛིན་ཚོགས་གྲལ་གོང་མ་ནས།།ལྷ་ས་ར་ཧ་པའི་ཐུགས་ཀ་ནས།།འཇའ་དཀར་པོ་རྣོ་དཀར་ཙམ་གཅིག་དབུས།།འོད་དཀར་པོ་རྨ་བྱའི་སྒོ་ང་ཙམ།།ཐིག་ལེ་ཡུང་དཀར་འབྲུ་ཙམ་ལ།།ཏྲི་ཡིག་སྤུ་ཤད་ཀྱིས་བྲིས་པ་ཙམ།།འདན་ཆོས་རའི་ལྷ་མཁར་རིང་མོ་བབས།།ལས་ཀྱི་ཡབ་དེ་སྤྱི་དཔོན་ཡིན།།ནམ་སྨད་བྱང་པས་ཁབ་ཏུ་བཞེས།།འཇའ་འོད་ཐིག་ལེ་ཡིག་འབྲུ་བཅས།།འདན་བཟའ་ཨ་སྨན་གྱི་ལྷུམས་སུ་ཞུགས།།ལུས་ཀྱི་ཡབ་དེ་བྱང་པ་ཡིན།།ཞེས་བློན་ཆེན་འདན་མ་དེ་ཉིད་གྲུབ་ཆེན་ས་ར་ཧ་པའི་རྣམ་འཕྲུལ་དུ་ངོ་མཚར་བའི་ལྟས་དང་བཅས་འདན་བཟའ་ཨ་སྨན་གྱི་ལྷུམས་སུ་ཞུགས་པའི་ཚུལ་དང་།འདན་མ་འཁྲུངས་ནས་ཞག་གསུམ་ལོན་དུས་མ་ལ་གླུ་བླངས་པ་ལས།ང་སྨུག་པོ་ལྡོང་གི་རིགས་ཀྱི་རྒྱུད།།ལས་ཀྱི་ཡབ་ནི་སྤྱི་དཔོན་ཡིན།།མི་རིགས་བྱང་ཕྱོགས་རིག་ལྡན་ཡིན།།ལུས་ཀྱི་ཡབ་ནི་སྟོབས་ལྡན་ཡིན།།ཉམས་མཚར་དུ་ཨེ་བསམ་དྲིན་ཆེན་མ།།ཞེས་བྱུང་བ་ལྟར།བློན་ཆེན་འདན་མ་བསམ་འགྲུབ་ཀྱི་ལུས་ཀྱི་ཡབ་དེ་བྱང་པ་སྟོབས་ལྡན་ཡིན་ཀྱང་ལས་ཀྱི་ཡབ་དེ་སྤྱི་དཔོན་རྒྱལ་པོ་ཡིན་སྟབས་འདན་མ་སྨུག་པོ་ལྡོང་གིི་རིགས་རྒྱུད་ཡིན་པ་ཡང་གསུངས་ཤིང་།མཚན་དོན་ནི།མ་ཡུམ་འདན་ནས་ཡིན་པས་འདན་མ་དང་།ཞང་པོ་བྱང་ནས་ཡིན་པ་དང་སྤྱང་གྲུང་ཁྲ་དང་འདྲ་བས་བྱང་ཁྲ་ཐོགས་པ་སྟེ།འདན་མའི་ནས་རྫོང་ལས།འདན་ཟ་ཧོར་རྒྱལ་པོའི་སྐུ་ཚ་ལ།།དེ་ལ་མིང་དང་མཚན་གསོལ་བ།།གླིང་ལ་ཚ་བྱང་ཐུག་པའི་ཕྱིར།།དེ་ལ་མཚན་བཏགས་ཚ་བྱང་ཟེར།།མ་ཡུམ་འདན་ནས་ཡིན་པའི་ཕྱིར།།དེ་ཡིས་མཚན་བཏགས་འདན་མ་ཟེར།།ཕ་ཡབ་བྱང་ནས་ཡིན་པའི་ཕྱིར།།དེ་ཡིས་མཚན་བཏགས་བྱང་ཞེས་གྲགས།།བུ་འདི་ཁྲ་དང་འདྲ་བས་ན།།དེ་ཡིས་མཚན་བཏགས་ཁྲ་ཞེས་འབོད།།ཅེས་དང་།གླིང་སྒྲུང་རྒྱ་གླིང་[བོད་ལྗོངས་དཔར་མ་ཞིག།]ལས།ཕ་མིང་མ་ཐོབ་མ་མིང་ཐོབ།།མ་མ་འདན་ནས་ཡིན་པའི་མིང་།།ཞང་པོ་བྱང་ནས་ཡིན་པའི་ཕྱིར།།དེས་ན་འདན་མ་བྱང་ཁྲ་ཟེར།།ཞེས་གསལ་ལོ།།

     ཁོང་གི་མཁར་རྫོང་འདན་མའི་ལྷ་མཁར་རིང་མོའམ་འདན་མའི་མཁར་དམར་དུ་གྲགས་པ་འདན་ཤུག་ར་བསམ་གཏན་གླིང་གི་ཉེ་འཁྲིས་ན་བཞུགས་པའི་གྱང་རོ་དང་མཁར་རྫོང་འགྱེལ་ནས་ས་དེལ་ཞིག་ཏུ་གྱུར་པ་ད་ལྟ་ཡོད་ལ།འགའ་རེས་མཁར་འདི་འདན་མའི་སྐུ་མཁར་ཡིན་པར་མ་ཟད་ཐོག་མར་འདན་ཟ་ཧོར་རྒྱལ་པོའི་ཕོ་བྲང་ཡིན་པར་ཡང་བཤད།[སེར་ཤུལ་རྫོང་ལོ་ཆུང་ཡུལ་ཚོ།]མཁར་གྱི་ཤར་ངོས་སྒོ་རའི་ཐད་ན་འདན་མའི་ཆིབས་སྟེགས་ཟེར་བའི་རྡོ་ལེབ་ཆེ་བ་ཞིག་ཀྱང་ཡོད།ལྷ་མཁར་རིང་མོའི་མདུན་ངོས་མར་ཙམ་ན་དཔོན་ཆེན་སྟེགས་ཟེར་བ་དང་།དེའི་ཉེ་འགྲམ་ན་རིགས་བཟང་མཁའ་འགྲོའི་སྐྱེ་བ་འདན་བཟའ་ཨ་སྨན་དུ་གྲགས་པ་ལས་འདན་མ་གཡུལ་རྒྱལ་ཐོག་རྒོད་འཁྲུངས་དུས་འདན་མའི་ལྟེ་ཁྲག་བོར་བ་ལས་སྐྱེས་པར་གྲགས་པའི་མིང་ལ་ཤུག་པ་བཀྲ་ཤིས་ཟེར་བ་ཤུག་འཇམ་དྲང་ཞིང་ཚེར་མ་མེད་པའི་ཁྱད་པར་ཅན་མང་པོ་སྤུངས་ནས་སྐྱེས་པ་དང་།ཁྱད་པར་དེ་ན་ཤུག་སྡོང་ཆེ་བ་མི་ཡི་འདོམ་པས་ཁྱུད་མི་ཁྱུད་བྱེད་པ་ཞིག་ཡོད་པ་བཅས་ཐམས་ཅད་རྒྱ་མི་ལམ་བཟོ་བས་ལམ་ལས་དུས་འབུད་ཤིང་དུ་བཅད་སོང་ཡང་།ད་ལྟ་སྔར་བཞིན་ཤུག་ཕུང་མང་པོ་གསར་དུ་སྐྱེ་ནས་ཡོད།ཤུག་རའི་ལྷ་མཁར་རིང་མོའི་གཡས་ཕྱོགས་དཀར་ཆུང་འཇུའི་ཉིན་ཁ་ན་འདན་མའི་ཚེ་སྒྲུབ་ཕུག་ཟེར་བའི་བྲག་ཕུག་མདུན་ནས་རྡོ་བརྩིགས་བྱས་པ་དང་།འདན་མའི་མཁར་ནས་མར་ཡོང་ས་ན་འདན་མས་མདའ་རྩལ་སྦྱང་ས་དང་དམག་རྩིས་ལེན་ས་ལ་མདའ་གང་སྟེགས་ཟེར་བའི་ཐང་དང་།མདའ་གང་སྟེགས་ཀྱི་རི་སྣ་རྡོ་ཞིག་ལ་ཨ་ཡིག་རང་བྱོན་དཀར་པོ་ཞིག་བཞུགས་པར་བརྡ་མི་འགྱུར་ཨ་ཡིག་དཀར་པོ་ཟེར་ནས་ཚ་ཞང་འདན་མ་སྨུག་པོ་ལྡོང་གི་རིགས་རྒྱུད་ཡིན་པའི་རྟགས་སུ་ངོས་འཛིན་བྱེད།དེ་ནས་མར་ཙམ་ཡོང་ས་ན་འདན་བཟའ་ཨ་སྨན་གྱིས་སྐྲ་བཀྲུ་སའི་ཕ་བོང་ཞིག་ལ་འདན་བཟས་པུས་མོ་གཉིས་བཙུགས་རྗེས་དང་།སྐྲ་ཆུ་རྒྱུག་རྗེས།འདན་མས་སྐྲ་ཆུ་བླུག་དུས་ཀྱི་འདན་མའི་ཞབས་རྗེས་བཅས་དང་།འདན་བཟས་སྐྲ་བཀྲུ་སྐབས་པདྨ་རིའི་ཕྱོགས་ནས་འུར་སྒྲ་ཆེན་པོ་གྲགས་པ་ལ་བལྟས་པས་པདྨ་རིའི་གཡས་ཕྱོགས་དུང་རི་སྟེགས་ལུང་ཡོན་འཇུ་ནས་སྦྲུལ་ཆེན་པོ་ཞིག་འགྲོ་བ་མཐོང་བས་འདན་བཟའ་སྐྲགས་ནས་ཨ་མ་མ་ཞེས་བཟླས་པས་རྡོ་ལ་ཡི་གེ་བྱོན་པ་བཅས་ཡོད།

      སྒྲོལ་མ་ལྷ་ཁང་གི་མདུན་ཕྱོགས་འདན་གྱི་ར་མ་ནེའུ་ཐང་ན་རྟ་ཟོག་ཀྱང་བྱིང་འགྲོ་སའི་མཚོ་ཞབས་མེད་ཅིག་ཡོད་པ་ལ་འདན་མའི་གཡུ་མཚོ་སྔོན་མོ་ཟེར་ཞིང་།ཀློང་ཆུ་ཁ་ན་རྒྱ་ཞིང་ཤོག་སྐྱ་བཀྲམ་པ་འདྲ་བའི་ཐང་ཆེན་པོ་ཡོད་པ་ལ་འདན་མའི་གཡུ་ཐང་སྔོན་མོ་ཟེར།གཡུ་ཐང་སྔོན་མོའི་དཀྱིལ་ན་འདན་མའི་བུ་མ་ཀ་དར་ཡག་ཟེར་བ་ཁ་བ་དཀར་པོ་ལ་གནས་བསྐོར་འགྲོ་དུས་གྲོངས་སོང་བའི་གདུང་འབུམ་མིང་ལ་འདན་མའི་ཚ་ཁང་ཟེར་བ་དང་།གཡུ་ཐང་གི་ཐང་སྣེར་ས་དེལ་ཞིག་ཡོད་པ་བློན་ཆེན་འདན་མས་ཚ་ཁང་བཞེངས་དུས་སཱཙྪ་འདེབས་བྱེད་ཀྱི་ས་གཏེར་བླངས་ས་ཡིན་ཟེར་ཞིང་།འདི་ནས་སཱཙྪ་འདེབས་བྱེད་ཀྱི་ས་ཅི་ཙམ་བླངས་ཀྱང་ཟད་རྒྱུ་མེད་པ་ཞིག་ཡོད་ཅེས་གླེང་།

ཤུག་ར་དགོན་ནི་བློན་ཆེན་འདན་མའི་སྐུ་མཁར་གྱི་འཁྲིས་སུ་ཆགས་པ་དང་།ཤུག་རའི་གནས་དེ་འདན་མ་གཡུལ་རྒྱལ་ཐོག་རྒོད་སྐུ་འཁྲུངས་སའི་ས་གནས་འཁྲུལ་མེད་ཡིན་སྟབས་ཤུག་ར་དགོན་གྱིས་གེ་སར་དང་འདན་མ་གཉིས་ཀྱི་བསང་གསོལ་རྒྱུན་ལྡན་དུ་གསུངས་པ་དང་།ལོ་བཞིན་ཤུག་ར་དགོན་པ་ལ་གླིང་གི་དཔའ་ཐུལ་བརྒྱད་ཅུའི་གར་འཆམ་ཡང་འཁྲབ་རྒྱུ་ཡོད།ད་ལྟ་ལོ་ཆུང་ནང་དུ་ཤུག་ར་དགོན་གྱི་ཆོས་རྗེ་བླ་མ་ངག་དབང་སྦྱིན་པས་འདན་མའི་དྲན་གསོ་ཁང་ཟེར་བ་ཞིག་གསར་དུ་བཞེངས་ཡོད་ཅིང་།དེ་ན་སྔར་དུས་ཤུག་ར་དགོན་དུ་བཞུགས་པའི་བློན་ཆེན་འདན་མ་དགུང་གྲངས་བཅུ་གཉིས་བཞེས་པའི་དུས་ཀྱི་ཡིན་པར་གྲགས་པའི་དབུ་རྨོག་དང་།འདན་མའི་ཆོས་དུང་སོགས་གནའ་དུས་ཀྱི་ཁྲབ་རྨོག་ཕུབ་གསུམ་དང་།མཚོན་ཆའི་རིགས།སྒྲུང་ཡིག་རྙིང་པ་ཁ་ཤས་སོགས་[འདན་མའི་མདེའུ་དེ་སྔར་དུས་ཤུག་ར་དགོན་དུ་བཞུགས་པ་ད་སྐབས་གྲྭ་པ་ཞིག་གིས་ཉར་ཡོད།]གནའ་རྫས་ངོ་མཚར་ཆེ་ལ་རིན་ཐང་ལྡན་པ་མང་པོ་མཇལ་རྒྱུ་ཡོད་དོ།།

                                       གཉིས་པ་ཀ་ཕུ་སྐྱིད་ཀྱི་ཤར་ལུང་རི་དྲུག་དང་འབྲེལ་བའི་སྐོར་ནི།

   འདན་ཀ་ཕུ་སྐྱིད་ཀྱི་ཡར་ནང་ན་འདན་སྡེ་ཁྲི་སྐོར་བཅུ་གཉིས་ཀྱི་མགོ་འཛིན་གླིང་དཀར་ཕུ་ནུ་སུམ་ཅུའི་ཡང་རྩེ་ཡང་ཐུལ་དམ་པའི་མི་བདུན་ལས་མདའ་སྐྱེན་པོའི་ཡང་ཐུལ་བློན་ཆེན་འདན་མ་ཁྲི་བཙན་བསམ་འགྲུབ་ཀྱི་མཁར་དཀར་པོའམ་རྫོང་བཙན་པོ་ཤར་ལུང་རི་དྲུག་གི་མཁར་ཡོད་ལ།[སེར་ཤུལ་རྫོང་འབའ་ག་ཡུལ་ཚོ།]དེ་ཡང་མཁར་དངོས་གྱང་ཁང་ཡིན་པ་ཞིག་རལ་དུ་སོང་ནས་ས་འབུར་ཞིག་ཏུ་གྱུར་པ་ཡོད་ཅིང་།ངོས་ལོགས་གཅིག་ནས་གྱང་རྨང་རྡོ་རྩིག་ཅུང་རེ་མཐོང་ལ་སྐམ་ཤས་ཆེ་སར་གྱང་དུམ་ཅུང་ཟད་རེ་ཡང་ལུས་ཡོད།མཁར་འདི་གྱང་ལས་གྲུབ་པ་དང་གྱང་ཞིག་ནས་ལོ་བརྒྱ་ཕྲག་མང་པོར་སོང་ཡང་ད་དུང་གྱང་རོ་མཐོང་རྒྱུ་འདུག་པས་ཧ་ཅང་སྲ་མཁྲེགས་ཅན་གྱི་གྱང་ཞིག་ཡིན་པ་ཤེས་ཐུབ།མཁར་ཤུལ་གྱི་ཐོག་ཏུ་ཕྱི་བས་ཁུང་བུ་བརྐོས་ཤུལ་ནས་ཤིང་ལེབ་དང་ལྕམ་དུམ་སོགས་རྙེད་ཚུལ་བཤད།

     དེ་ཡང་ཤར་ལུང་རི་དྲུག་གི་མཁར་འདི་ནི།སྟག་གཟིག་ནོར་རྫོང་དུ་[སྟག་གཟིག་ནོར་རྫོང་ལག་བྲིས་རྙིང་པ་ཞིག།]འདན་མས་གླུ་བླངས་པ་ལས།འདན་སྟོད་གསེར་ལ་དངུལ་ཆགས་ཟེར།།གསེར་ལ་དངུལ་ཆགས་མི་ཟེར་རྒྱུ།།སྤང་གསེར་གཡུའི་ཡབ་བདག་གངས་ཀྱིས་བཟུང་།།གངས་འཇུ་མེད་སེང་གེ་ཕོ་གདོང་བཙན།།འདན་སྨད་དངུལ་ལ་གསེར་ཆགས་ཟེར།།དངུལ་ལ་གསེར་ཆགས་མི་ཟེར་རྒྱུ།།འདན་འོ་མའི་མཚོ་ལ་གསེར་ཁ་བརྡོལ།།མཚོ་མི་ཉམས་ཀླུ་རྒྱལ་ལོངས་སྤྱོད་ཆེ།།འདན་སྐེད་དུང་ལ་གཡུ་ཆགས་ཟེར།།དུང་ལ་གཡུ་ཆགས་མི་ཟེར་རྒྱུ།།སྒྲོལ་ཐང་གཡུ་ཡི་ལྷ་ཁང་[འདན་ཀློང་ཐང་འཇིག་རྟེན་སྒྲོན་མའི་གཙུག་ལག་ཁང་།]ཡོད།།འདན་ཤོག་དུག་གི་མཚོ་མོ་ཟེར།།དུག་གི་མཚོ་མོ་མི་ཟེར་རྒྱུ།།དགྲ་མཐའ་བཅོམ་པའི་གཤེད་མ་ཡིན།།རྫོང་ལ་ཤར་ལུང་རི་དྲུག་ཟེར།།ཤར་ལུང་རི་དྲུག་མི་ཟེར་རྒྱུ།།ཡུ་མོས་ཤེའུ་ཆུང་ཁྲིད་པ་འདྲ།།ཞེས་པ་སོགས་གླིང་སྒྲུང་ཁག་ལས་སྐུ་མཁར་འདི་ཉིད་མང་དུ་འབྱུང་།

མཁར་དཀར་རྒྱབ་ཀྱི་ཡུལ་ལྷ་གིང་གིང་རྒྱལ་པོའི་མདུན་དུ་བྲག་རི་མཐོ་བ་ཞིག་ཡོད་པའི་ངོས་ལོགས་ལ་འདན་མ་ཚེ་སྒྲུབ་ཀྱི་སྐུ་མཚམས་ལ་བཞུགས་སའི་སྒྲུབ་གནས་བྲག་ཕུག་ཅིག་ཡོད་ཅིང་།དེར་འདན་མ་ཚེ་སྒྲུབ་ཀྱི་མཚམས་ལ་བཞུགས་པས་འཆི་མེད་ཚེ་ཡི་དངོས་གྲུབ་གྲུབ་སྟེ་ཕུག་པའི་ནང་ནས་ཚེ་ཆུ་རང་རྡོལ་དུ་བྱུང་བ་ཡོད་ལ།དེ་འཐུང་བས་ཚེ་རིང་བའི་ཕན་ཡོན་དང་ལྡན་ཞེས་ཟེར་ནས་འཐུང་བ་དང་ཡུལ་གཞན་དུ་ཁྱེར་བ་སོགས་བྱེད་སྲོལ་ཡོད།ཚེ་སྒྲུབ་ཕུག་གི་མཐའ་སྐོར་དུ་ཕ་བོང་ཆེན་པོ་དུ་མ་བརྩིགས་འདུག་པ་མི་ཕལ་པ་ཞིག་གིས་བརྩིགས་པ་མིན་པར་གོ།

    ཤར་ལུང་རི་དྲུག་གི་མཁར་ཤུལ་ནས་ཕར་བལྟ་སའི་ཡུལ་བདག་གིང་གིང་རྒྱལ་པོའི་རི་མགུལ་ན་འདན་མའི་སོ་པ་ཟེར་བའི་བྲག་རྡོོ་བྱ་ཞིག་གིས་ལྟ་ནས་འདུག་པ་འདྲ་ཞིག་ཡོད་ཅིང་།དེ་ནི་སྔོན་འདན་མ་ཚེ་སྒྲུབ་ཕུག་ཏུ་སྐུ་མཚམས་ལ་བཞུགས་སྐབས་ཧོར་གྱིས་སོ་པ་བྱ་གསུམ་མངགས་ཡོང་བར་འདན་མས་མདའ་བརྒྱབ་ནས་བྱ་གཅིག་བསད་པ་དང་།བྱ་གཉིས་ཕྱིར་འཕུར་རྒྱུ་མ་བྱུང་བར་རྡོ་ལ་གྱུར་སོང་བའི་གཅིག་ཡིན་ཟེར་ཞིང་།བྱ་གཅིག་ཤོས་དུས་འགྱུར་ཆེན་མོའི་སྐབས་ལུང་མདར་འགྲིལ་སོང་འདུག།

ལྷ་མཁར་དཀར་པོའི་མདུན་གྱི་ཐང་ལ་ཀ་སེང་ཐང་ཞེས་འབོད་ཅིང་།དེ་ན་འདན་མ་གཡུལ་དུ་ཆས་སྐབས་སུ་བསང་མཆོད་ཕུལ་སའི་བསང་ཁྲི་དང་།འདན་མས་མདའ་རྟགས་བཞག་སྟེ་བྲག་ཐོ་ཞིག་གི་རྩེ་མོ་བཅད་པའི་ཤུལ་བཅས་གསལ་པོར་ཡོད།ཀ་ཕུ་དགོན་པའི་རི་སྒང་ན་འདན་མའི་སོ་དེལ་གོང་འོག་ཟེར་བའི་རི་དེལ་ཆེ་ཆུང་གཉིས་ཡོད་པ་གླིང་གིས་འདན་ཟ་ཧོར་རྒྱལ་པོ་ལ་དགྲ་རྒྱག་དུས་ཀྱི་སོ་དེལ་རེད་ཟེར་ཞིང་།རི་དེལ་དེ་ཆེད་དུ་བཟོས་པ་ལས་སྔར་ནས་ཡོད་པའི་རི་དེལ་ཞིག་མིན་པ་འདྲ་ཞེས་གླེང་སྲོལ་འདུག།

      ཤར་ལུང་རི་དྲུག་གམ་སྒང་དྲུག་ཅེས་པ་ནི།འདན་མའི་ཤར་གྱི་ལུང་པ་ན་ཆགས་པའི་ཤར་ལུང་རི་དྲུག་གི་མཁར་གྱི་རྒྱབ་རི་གསུམ་དང་མདུན་རི་གསུམ་སྟེ་རི་དྲུག་ལ་ཟེར་ཞིང་།རི་དྲུག་གི་ངོས་འཛིན་ལ་རྒྱབ་རི་དབུས་མ་གནས་པོ་གིང་གིང་རྒྱལ་པོ་དང་།རྒྱབ་རི་གཡས་པ་གནས་ཆེན་པདྨ་སྤུངས་རིའམ་འདན་གྱི་པདྨ་རི་མཐོ།རྒྱབ་རི་གཡོན་པ་འབའ་དགའི་གསེར་ཞལ་ཕྲ་མོ་བཅས་རྒྱབ་ཀྱི་རི་གསུམ་དང་།མདུན་རི་དབུས་མ་གཉན་ཆེན་ཨ་མྱེ་སྤོམ་ཐི་དང་།མདུན་རི་གཡས་པ་འདན་གྱི་འབར་ལྷ་རྩེ་རྒྱལ།མདུན་རི་གཡོན་པ་བསྟན་མ་ཚེ་སྨན་རྒྱལ་མོ་བཅས་མདུན་གྱི་རི་གསུམ་སྟེ་དྲུག་ལ་ཟེར།ཡང་འགའ་རེས་རི་དྲུག་གི་དོན་སྒང་དྲུག་ལ་ངོས་འཛིན་བྱེད་ཅིང་།སྒང་དྲུག་ནི་རྒྱབ་རི་དབུས་སྒང་འཚེར་སྒང་དང་།གཡས་ཞེ་འབོལ་སྒང་།གཡོན་ཝ་སྒལ་སྒང་སྟེ་རྒྱབ་ཀྱི་སྒང་གསུམ་དང་།མདུན་རི་དབུས་ལྷོ་ཆུ་སྒང་དང་།གཡས་ཝ་འབམ་སྒང་།གཡོན་གཡང་རི་སྒང་སྟེ་མདུན་གྱི་སྒང་གསུམ་བཅས་མདུན་རྒྱབ་ཀྱི་རི་སྒང་དྲུག་ལ་ངོས་འཛིན་མཛད།

འདན་མའི་མཁར་དཀར་དང་ཉེ་བའི་ཁྲི་ཐོག་ན་འོམ་བུའི་ཨ་ནུ་དཔའ་སེང་གི་རྣམ་སྤྲུལ་གླིང་བློན་འགྱུར་མེད་ཐུབ་བསྟན་གྲགས་པའི་ཡབ་གཞིས་དགོན་གསར་ཚང་གི་ཕོ་བྲང་ཤུལ་དང་།དེ་ནས་མར་སོང་བའི་འདན་ཁོག་ཕུ་ལམ་ལ་བརྒལ་བའི་ལམ་ཁར་ཡུལ་འདིར་གནས་པའི་སྐྱེ་འགྲོ་རྣམས་ལ་གནོད་ཅིང་འཚེ་བའི་འབྱུང་པོ་གདུག་ཅན་ཞིག་གནས་པ་པདྨ་ཐོད་ཕྲེང་རྩལ་གྱིས་བསྒྲལ་ཏེ་གཟུགས་ལུས་སོ་སོར་ཕྲལ་བའི་བམ་རོ་རྡོར་གྱུར་པའི་མིང་ལ་བདུད་རྒན་ཟེར་བ་ཡོད།བདུད་རྒན་གྱི་མགོ་བོ་དེ་རྗེས་སོར་ལམ་ཆེན་གསར་བཟོ་བྱེད་དུས་རྩ་གཏོར་དུ་སོང་ཞིང་།གཟུགས་སྨད་རྡོར་གྱུར་པའི་སྟེང་དུ་ཨོ་རྒྱན་ཆེན་པོས་གཟན་ལྕག་བྲབས་རྗེས་དང་ཞབས་རྗེས་སོགས་ཀྱི་སྐུ་རྗེས་ངོ་མཚར་ཆེ་བ་མང་པོ་དང་།མཁར་སྟོད་ཐད་ཀྱི་འབྲི་ཆུའི་ཆུ་རྒྱུད་ན་གེ་སར་སྐྱེས་བུའི་བཞུགས་མལ་དུ་བཤད་པའི་ཕ་བོང་ངོས་ལ་སྐུ་རྗེས་ཆེ་བ་ཡོད་པ་དང་།འབྲུག་མོའི་སྐར་ཁུང་ཟེར་བའི་ཕ་བོང་ནང་ནས་ཕྱི་ལ་སྐར་ཁུང་ཡོད་པ།འབྲུག་མོའི་ཁྲུས་གཞོང་དུ་གྲགས་པའི་རང་བྱུང་རྡོ་ཡི་ཁྲུས་གཞོང་།འབྲུག་མོའི་རྡོ་ཟོམ་ཟེར་བའི་རྡོ་ཁོ་ཆེ་ལ་གཏིང་རིང་བ་སོགས་བཞུགས།

     འདན་ཀ་ཕུ་སྐྱིད་ཀྱི་དགོན་པ་ན་འདན་མའི་གསུང་རྟེན་ཤོག་ནག་ལ་རིན་ཆེན་དང་པོས་བྲིས་པའི་འདན་མའི་གསེར་འབུམ་ཞེས་གྲགས་པ་དང་།འདན་མའི་མདའ་གཞུ།རལ་གྲི།མདུང་།སག་ཐག།ཁྲབ་དཀར།རྨོག་དཀར།ཕུབ་བཅས་གོ་ཆ་ཆ་ཚང་ཞིག་ཡོད་པ་ཀ་ཕུ་དགུ་ཆུང་གི་གར་འཆམ་སྐབས་པེ་ཧར་རྒྱལ་པོའི་འཆམ་ཆས་བྱེད་ཀྱིན་ཡོད་པ་ལས་རྨོག་དཀར་མ་གཏོགས་གཞན་ཐམས་ཅད་དུས་འགྱུར་ཆེན་མོའི་སྐབས་སུ་བརླགས་ཟིན་ཅིང་།བློན་ཆེན་འདན་མའི་རྨོག་དཀར་དང་།གླིང་རྗེ་གེ་སར་ལ་མཁན་སློབ་ཆོས་གསུམ་དང་ཁྲ་གླག་སྤྱང་གསུམ་[འདན་མ་སྒ་སྡེེ་དཔའ་ལྷ་གསུམ།]གྱིས་བསྐོར་བའི་ཐང་རྙིང་བཅས་ད་ལྟ་ཀ་ཕུ་དགོན་པའི་ནང་རྟེན་དུ་ཉར་ཚག་བྱས་ཡོད་དོ།།

                                                           གསུམ་པ་འབྲུ་ཁོའི་ས་ན་ཁྱི་ཤི་བུ་ཡི་སྒུ་རུ་དང་འབྲེལ་བའིི་སྐོར་ནི། 

   འདན་སྨད་ར་རུ་ནང་ནས་མར་སོང་སའི་འབྲི་ཆུའི་ཆུ་རྩ་འབྲུ་ཁོ་ཞེས་གྲགས་པ་ན་འབྲུ་ཁོ་ཚང་ཟེར་བའི་གླིང་ཚང་གི་ཇའི་སང་ཞིག་ཡོད་པ་གླིང་གི་སྤྲང་པོ་རྣམ་གཉིས་ཀྱི་ཡ་གྱལ་བི་ཀྲ་མ་ཤཱི་ལའི་མཁས་པ་སྒོ་དྲུག་གི་ཡ་གྱལ་ཤར་སྒོ་སྲུང་བའི་པཎ་ཆེན་སྙིགས་དུས་ཀྱི་ཐམས་ཅད་མཁྱེན་པར་གྲགས་པ་འདུལ་འཛིན་གྲུབ་པ་བརྙེས་པ་ཤནྟི་པའི་རྣམ་སྤྲུལ་མདའ་མཁན་རྒས་པོ་སྒུ་རུའམ་ཁྱི་ཤི་བུ་ཡི་སྒུ་རུའི་རྒྱུད་པ་ཡིན་ཞིང་།ཐོག་མར་སྒུ་རུའི་སྐུ་མཁར་དེ་འབྲུ་ཁོ་ཐང་མགོ་ད་ལྟ་ཁང་ཧྲུལ་ནང་ཟེར་ས་ན་ཡོད་པ་ལ་ཕོ་བྲང་ཆེན་པོ་ཐོག་བརྩེགས་དགུ་ཅན་ཞིག་དང་།ཁོང་ཚང་གི་གཡང་རྟེན་ལ་གླིང་གི་སྒུ་རུའི་ཞ་ཉེའི་གློ་ཟུང་སོགས་ཡོད་ཚུལ་བཤད།ད་ལྟ་འབྲུ་ཁོ་ཁང་ཧྲུལ་ནང་ན་མདའ་མཁན་རྒས་པོ་སྒུ་རུའི་སྐུ་མཁར་ཞིག་རལ་དུ་སོང་ཤུལ་ཡོད་ཅིང་།[སེར་ཤུལ་རྫོང་འབའ་ག་ཡུལ་ཚོ།]སྒུ་རུའི་མཁར་དེ་འདན་མའི་ཤར་ལུང་རི་དྲུག་གི་མཁར་དང་ཉེ་ས་ན་ཡོད་པས་གླིང་སྒྲུང་ལས་ཁྱི་ཤི་བུ་ཡི་སྒུ་རུ་དེ་ཉིད་འདན་མའི་མདའ་བཟོ་མཁན་དུ་བཤད་པ་འབྲེལ་ཆགས་པར་སྣང་།

རྟ་རྒྱུག་དཔྱིད་ཀྱི་ཉི་མར་སྒུ་རུས་གླུ་བླངས་པ་ལས།ཕ་རིའི་རི་དེ་ཨབ་ཀྱི་རི།།ཚུར་རིའི་རི་དེ་ཨུར་གྱི་རི།།ཨབ་ཨུར་གཉིས་ཀྱི་འདུས་མདོ་ན།།ཞེས་བྱུང་བ་ལྟར་མདུན་གྱི་འབྲི་ཆུ་ཕར་རི་ལ་ཨབ་ཛ་དང་།ཚུར་རི་སྐུ་མཁར་ཡོད་པའི་ཐད་ཀྱི་རི་ལ་ཨུར་ད་ཡར་སྒང་དང་མར་སྒང་ཟེར་ཞིང་།ཨབ་ཛ་དང་ཨུར་ད་གཉིས་ཀྱི་བར་ན་སྒུ་རུའི་མཁར་དེ་འདུག་པས་གླིང་སྒྲུང་དང་ཤིན་ཏུ་མཐུན་ལ།མ་ཟད་རྟ་རྒྱུག་མེ་ཏོག་ར་བར་སྒུ་རུས་ཇོ་རུ་ལ་གླུ་བླངས་པ་ལས།མཛོ་མོ་དགུ་ཡི་བདག་པོ་ཡིན།།ཞིང་ཆུ་མ་དགུ་ཡི་བདག་པོ་ཡིན།།དབྱར་ཞོ་དགུན་ཞོ་ཆད་མ་མྱོང་།།དབྱར་ཆང་དགུན་ཆང་ཆད་མ་མྱོང་།།ཕོ་ཕྱུག་པོའི་ཚོད་ལ་མི་ཕྱུག་སྟེ།།སྤྲང་ཇོ་རུའི་ཚོད་ལ་ཕྱུག་པོ་ཡིན།།ཕྱུག་སྤྲང་མ་དང་ཐལ་བ་གཉིས།།གྲ་སྡེབ་མི་བྱེད་ཁ་ཁར་འགྲོ།།བུ་མོ་དགུ་ཡི་བདག་པོ་ཡིན།།བུ་ཕྲུག་དགུ་ཡི་བདག་པོ་ཡིན།།ཞེས་བཤད་པ་ལྟར་འབྲུ་ཁོའི་ས་ན་རྒྱ་ཞིང་ཆུ་མ་མང་ཞིང་ལོ་ཤིན་ཏུ་ཡག་ས་ཞིག་དང་།བྱེད་པ་རྒྱུ་མཐུན་ནམ་རྟེན་འབྲེལ་ལྟ་བུས་འབྲུ་ཁོ་བུ་མོ་ཆུ་ཐོག་ཚང་དང་ཨ་ཇ་ཚང་གཉིས་ལ་བུ་མོ་དགུ་རེ་ཡོད་པས་མཚོན་བུ་མོ་དང་མཛོ་མོ་མང་པོ་མཐོང་རྒྱུ་ཡོད་སའི་ས་ཞིག་ཡིན་པར་འདུག།

          འབྲུ་ཁོ་ཚོའི་ཐོག་ཏུ་རྒྱ་དམག་ཡོང་དུས་ཁོང་ཚང་ལ་བུ་སྤུན་དགུ་ཡོད་པའི་བུ་གཅིག་གིས་སྟེང་གི་མི་ལ་མི་རྒྱག་འོག་གི་རྟ་ལ་མི་རྒྱག་སྒ་ཡི་སྔ་རུ་ལ་རྒྱག་ཟེར་ནས་མདའ་ཞིག་འཕངས་པ་རྒྱའི་དམག་དཔོན་དེ་ཡི་སྒ་ཡི་སྔ་རུ་ལ་བརྒྱབ་པས་དམག་མི་དག་ཧ་ལས་ཏེ་འཛིང་མ་ནུས་པར་དམག་ཕྱིར་འཐེན་བྱས་ཚུལ་འདུག།དུས་དེར་འབྲུ་ཁོའི་བུ་སྤུན་རྣམས་གྲགས་གཡེར་ཆེ་སྟབས་ཆོས་འཁོར་དགོན་པས་སྔར་རྒྱ་དམག་ལ་འཕངས་པའི་ལྷ་མདའ་དེ་ལྷ་ཁང་ཀ་བའི་འོག་ཏུ་མནན་པ་བྱས་པས་དེའི་ཕྱིན་འབྲུ་ཁོ་ཚང་ལ་མི་གྲགས་གཡེར་ཅན་ཚར་རྒྱུ་མ་བྱུང་ཟེར།

               དེ་ནས་འདན་དང་གླིང་ཚང་ཁོག་ཏུ་ས་ཡོམ་ཆེན་པོ་བྱུང་དུས་སྒུ་རུའི་སྐུ་མཁར་འགྱེལ་ཏེ་དེ་ནས་འབྲུ་ཁོ་ཚང་དགོན་ཉིན་སྒང་དུ་སྤོ་གྲབས་བྱས་པས།དེ་ནང་འབྲུ་ཁོ་ཚང་གིས་ནོར་རྫས་བཀལ་སའི་ཁལ་ཁམ་པ་ཞིག་ཡོད་པ་འདྲོགས་ནས་འབྲུ་ཁོ་ཐང་དུ་ཉལ་ནས་དེ་ཉིན་ལང་རོགས་མ་བྱས་པས།ས་འདིར་འབྲུ་ཁོའི་ཕོ་བྲང་བརྩིགས་དགོས་པའི་རྟགས་ཡིན་འདུག་བཟླས་ནས་འབྲུ་ཁོ་ཚང་གི་གཞིས་ཀ་དེར་ཆགས་ཤིང་།ཕོ་བྲང་གསར་པའི་ཕྱོགས་བཞི་ལ་བང་བ་བཞི་དང་།ས་ཡི་སྙིང་པོའི་ལྷ་ཁང་།སྒྲོལ་མའི་ལྷ་ཁང་།ཁོང་ཚང་གི་ཕ་མེས་ཀྱི་སྲུང་མ་དེ་ཨ་ཕྱི་ཆོས་སྒྲོན་ཡིན་སྟབས་ཨ་ཕྱིའི་མགོན་ཁང་བཅས་ཡོད་ཅིང་།ཨ་ཕྱིའི་མགོན་བླ་ཡང་འབྲུ་ཁོག་ཚེ་བྷྲཱུྃ་དགོན་ནས་ཡོང་དགོས་པ་མ་ཟད།འབྲུ་ཚེ་བྷྲུཾ་དགོན་ན་འབྲུ་ཁོ་ཚང་གི་གྲྭ་ཁང་ཡང་ཡོད།སྔར་དུས་ཨ་ཕྱི་ཆོས་ཀྱི་སྒྲོལ་མ་དེ་ཉིད་འདན་སྨད་རྣམ་རྒྱལ་གླིང་གི་ཉེ་འགྲམ་མགོ་འོ་ན་སྐྱེ་འགྲོ་ལ་འཚེ་བའི་བདུད་ཅིག་གནས་པ་འདུལ་ཕྱིར་དེར་ཕེབས་ནས།ཕྱིར་བྱ་རོག་གཅིག་ལ་སྤྲུལ་ནས་ཕེབས་དུས་དགོས་དབང་གིས་རྣམ་རྒྱལ་དགོན་གསར་ཚང་དང་།འབྲུ་ཁོ་ཚང་གི་མཁར་ཐོག་ཏུ་བབས་པའི་རྟེན་འབྲེལ་ལས་དགོན་གསར་ཚང་དང་།འབྲུ་ཁོ་ཚང་གཉིས་ཀྱིས་སྲུང་མ་ཨ་ཕྱི་བསྟེན་པའི་ལོ་རྒྱུས་འདུག།ཕྱིས་སུ་གླིང་སྒུ་རུའི་རིགས་རྒྱུད་ཡིན་པར་གྲགས་པའི་འབྲུ་ཁོ་དཔལ་འབར་དང་།འབྲུ་ཁོ་བརྩོན་འགྲུས་རྡོ་རྗེ་ཟེར་བ་སོགས་གླིང་རྒྱལ་པོའི་དྲུང་ཡིག་འགའ་བྱུང་ལ།སྐུ་ཚེ་ལ་རྒྱབ་ཁང་ར་ནང་ན་མདའ་འཕེན་ཚང་ཟེར་བ་ཁྱི་ཤི་བུ་ཡི་སྒུ་རུའི་མི་རྒྱུད་འཁྲུལ་མེད་ཡིན་པར་གྲགས་མོད་དེ་དང་འབྲུ་ཁོ་ཚང་གཉིས་བར་ལ་འབྲེལ་བ་ཡོད་མེད་ཇི་ལྟར་ཡིན་ནི་མ་ཤེས་སོ།།

                                                       བཞི་པ་ཆོས་འཁོར་ས་ན་འདན་སྲས་གཡུ་མཁར་སྨུག་པོ་དང་འབྲེལ་བའི་སྐོར་ནི།

   དེ་ཡང་འདན་ཤུག་རའི་ལྷ་མཁར་རིང་མོ་དང་ཀློང་ཐང་འཇིག་རྟེན་སྒྲོལ་མའི་གཙུག་ལག་ཁང་གི་མདུན་ཕྱོགས་འདན་ནུབ་ཆོས་འཁོར་གྱི་ས་ན་གུ་རུ་པདྨ་སཾ་བྷའི་རྣམ་སྤྲུལ་འདན་སྲས་གཡུ་འོད་འབུམ་མེའི་ཕོ་བྲང་གཡུ་མཁར་སྨུག་པོའམ།འདན་སྲས་མཁར་སྔོན་པོ་ཞེས་གྲགས་པ་ཞིག་ཡོད་པ་དེ་ལ་དད་ལྡན་རྣམས་ཀྱིས་རྒྱུན་དུ་བསྐོར་བ་རྒྱག་པའི་སྲོལ་ཡོད་པ་དང་།[བོད་ལྗོངས་འཇོ་མདའ་རྫོང་ཆོས་འཁོར་ཡུལ་ཚོ།]མཁར་ཤུལ་གྱང་རོ་བཅས་རྒྱ་ཁྱོན་ཆེ་བ་ཞིག་ཉེ་བའི་ལོ་ལྔ་དྲུག་གི་སྔོན་བར་ཡོད་པར་མ་ཟད།དེ་ན་ཆོས་འཁོར་དགོན་པའི་བླ་གྲྭ་རྣམས་ཀྱིས་སྒྲུབ་མཆོད་འཚོགས་གནས་བྱེད་ས་ཞིག་ཡོད་ཀྱང་།མཁར་གྱི་ཤུལ་དེར་དགོན་པས་ཚོགས་ཆེན་འདུ་ཁང་བཞེངས་ནས་ད་ལྟ་གནའ་ཤུལ་ཅི་ཡང་མཐོང་རྒྱུ་མི་འདུག།

འདན་སྲས་དེ་ཉིད་མདོ་ཁམས་འདན་གྱི་ས་ཆ་ནས་ཡིན་པ་དང་།ཁོང་རང་འདན་ས་ཧོར་རྒྱལ་པོའི་རྒྱལ་བརྒྱུད་ཡིན་ཚུལ་སོགས་ཀྱང་སྟག་གཟིག་ནོར་རྫོང་དུ་འདན་སྲས་ཀྱིས་གླུ་བླངས་པ་ལས།འདན་ཁྲི་སྐོར་བརྒྱད་ཀྱི་ས་ཆ་ནས།།གཡུ་མཁར་སྔོན་མོའི་ནང་བཅུད་ནས།།འདན་ས་ཧོར་རྒྱལ་པོའི་གདུང་རྒྱུད་ཡིན།།ཁྲི་གཅེས་འདན་མའི་སྲས་པོ་ཡིན།།རང་མིང་གཡུ་འོད་འབུམ་མེ་ཟེར།།དམག་གཡུ་འཕྲུ་ཅན་གྱི་བདག་པོ་ཡིན།།ཞེས་གསལ།ཡང་ཆོས་འཁོར་ཡིད་དགའ་སྤྲུལ་སྐུས་བླ་བྲང་བཞེངས་སའི་ས་དེར་འདན་བློན་གྲུ་གུ་བཙན་བདུད་ཀྱི་ཕོ་བྲང་གི་ཤུལ་རེད་ཟེར་བའི་མཁར་ཤུལ་ཆེ་བ་ཞིག་ཡོད་ཀྱང་།བླ་བྲང་བཞེངས་སྐབས་ཐམས་ཅད་བཤིགས་ནས་ད་ལྟ་ཅི་ཡང་མཇལ་རྒྱུ་མི་འདུག།སྔོན་དུས་ཆོས་འཁོར་དགོན་ན་འདན་སྲས་གཡུ་འོད་འབུམ་མེའི་གྲི་དང་།ཁྲབ་དཀར།རྨོག་དཀར་དར་འཕྲུ་དང་བཅས་པ་ཞིག་ཡོད་ཀྱང་དུས་འགྱུར་སྐབས་བརླགས་སོང་ཞིང་།[འདན་སྲས་ཀྱི་རྨོག་གི་རྒྱུ་ཆ་དང་ཆེ་ཆུང་བཟོ་དབྱིབས་བཅས་ཀ་ཕུ་འདན་མའི་རྨོག་དང་འདྲ་ཞིང་།དུས་འགྱུར་སྐབས་གདོང་རྫོང་དགོན་དུ་ཁྱེར་ནས་བརླགས་སོང་བ་དང་།ཁྲབ་དེ་ཕྱིས་བར་ཡོད་པའི་བྱང་བུ་རྣམས་ཡུལ་མི་ཚོས་དད་རྟེན་དུ་རེ་རེ་བཞིན་ཁྱེར་ནས་མཐར་རྩ་མེད་དུ་སོང་ཚུལ་འདུག།]འདན་སྲས་གཡུ་འོད་འབུམ་མེའི་ཤན་པའི་བཤའ་གྲི་དེ་ད་ལྟ་ཆོས་འཁོར་དགོན་ན་བཞུགས་ཡོད་ཟེར་བ་ཐོས།ཆོས་འཁོར་དགོན་པའི་གཡས་ཟུར་འབྲི་ཆུའི་རྩ་ན་གནས་མཆོག་ཀློང་ཐང་སྒྲོལ་མ་རང་བྱོན་དུ་གྲགས་པ་དེ་བཞུགས་ཤིང་།དབྱར་ཀ་ཆུ་བོ་གཞུང་རྒྱས་སྐབས་སྒྲོལ་མ་རང་བྱོན་ལ་སྐུ་ཁྲུས་གསོལ་བ་ཡང་ཡོད།གླིང་སྒྲུང་ལས་བྲག་དམར་ཟངས་ཡག་ལྷ་རྫོང་ཞེས་བྱུང་བའང་སྒྲོལ་མ་རང་བྱོན་བཞུགས་པའི་བྲག་རི་བྲག་དམར་ཀླུ་བཙན་ཟེར་བ་དེ་ཡིན་ཞིང་།བྲག་དམར་ཀླུ་བཙན་གྱི་རྩ་ཆུ་བྲག་འཐབ་སའི་ཉ་ཚང་ལྷ་རྒོད་ཅེས་པའང་གླིང་སྒྲུང་དུ་གསལ་ཚུལ་བཤད།

          སྔོན་དུས་ཡུལ་འདིར་བདག་གིར་བྱེད་པའི་གཉེན་ཆོས་འཁོར་དཔོན་ཟེར་བ་ཞིག་ཡོད་པ་དེ་ཉིད་གླིང་སྨུག་པོ་ལྡོང་གི་རྒྱལ་བརྒྱུད་འཁྲུལ་མེད་ཡིན་པའི་ཚུལ་རྒྱལ་དབང་ཐམས་ཅད་མཁྱེན་པ་བློ་བཟང་བསྟན་པའི་འབྱུང་གནས་ངག་དབང་ལུང་རྟོགས་རྒྱ་མཚོ་དཔལ་བཟང་པོའི་རྣམ་པར་ཐར་པ་མདོར་མཚོན་པ་དད་པའི་ཡིད་འཕྲོག་ཅེས་པ་ལས།སྐུ་རུས་ནི་བོད་འདིར་མིའུ་གདུང་དྲུག་དང་།རུས་ཆེན་བཅོ་བརྒྱད་སོགས་རིགས་རུས་ཀྱི་བྱེ་བྲག་མང་དུ་ཡོད་པ་ལས།རུས་ཆེན་གང་དུ་གཏོགས་ཞིབ་པར་རྩད་མ་ཆོད་ཀྱང་།གང་ལྟར་གཉེན་ཆོས་འཁོར་གྱི་རིགས་རྒྱུད་ནི།དང་པོར་གླིང་གེ་སར་གྱི་རིགས་རྒྱུད་ཁུངས་མ་ཞིག་ཡིན་འདུག་ཀྱང་།བར་དུ་མི་རྒྱུད་ཇེ་ཕྲ་ཇེ་ཕྲར་སོང་སྟེ་མཐར་དཔོན་མོ་ཆོས་སྐྱིད་དཔལ་འཛོམ་ལ་ཐུག་ཅིང་།དེ་ལ་ཡང་རེ་ཞིག་བུ་མ་བྱུང་བས་བདེ་གཤེགས་ཁམས་པ་རྡོར་རྒྱལ་[༡༡༡༠ནས་༡༡༧༠]དང་།གྲུབ་ཐོབ་ཉག་སེ་གཉིས་ལ་ཐུགས་བརྟག་ཞུས་པར།ཇོ་བོ་མགྱོགས་ཆེན་ལ་ཕྱག་དང་བསྐོར་བ་བྱས་ཏེ་གསོལ་བ་དྲག་ཏུ་བཏབ་ན་བུ་འབྱུང་བས།བུའི་མིང་ལ་ཇོ་སྲས་ཀུན་དགའ་རྣམ་རྒྱལ་ཐོགས་ཞེས་གསུངས་པར།དཔོན་མོ་ཆོས་སྐྱིད་དཔལ་འཛོམས་ནས་བཀའ་བཞིན་བསྒྲུབས་པས་རིང་པོར་མ་ལོན་པར་རྟགས་མཚན་ཁྱད་འཕགས་དང་ལྡན་པའི་བུ་ཞིག་བཙས་ཏེ་མིང་ལ་ཡང་དེ་ལྟར་དུ་བཏགས་སོ།།དེ་ལ་རིགས་སྲས་ལྔ་བྱུང་བའི་དེའི་རིགས་རྒྱུད་བར་མ་ཆད་པར་ད་ལྟའི་ཡབ་རྗེ་བསྟན་འཛིན་ཆོས་སྐྱོང་གི་བར་རིགས་རུས་ཆོ་འབྲང་ཕུན་སུམ་ཚོགས་པ་རྒྱུན་མར་འོངས་པ་ཞིག་ཡིན་ལ།སྔར་གྱི་རིགས་རྒྱུད་ནི་དཔོན་མོ་ཆོས་སྐྱིད་དཔལ་འཛོམས་ལ་ཐུག་ཟེར་བས།དེ་ལྟར་ན་མས་བུའི་ཐུན་མོང་བའི་རྒྱུ་ལས།ཐུན་མོང་མ་ཡིན་པའི་རིགས་རྒྱུད་སྤེལ་མི་ནུས་པས་གེ་སར་གྱི་རིགས་རྒྱུད་ནི་དེ་ནས་ཆད་པ་འདྲ་ཞིང་།ད་ལྟའི་སྐུ་རུས་ནི་དེ་དུས་ས་བོན་འདེབས་པ་གཞན་མེད་ན།ལྷས་བྱིན་གྱིས་བརླབས་པའམ།དེས་ས་བོན་བཞག་པ་ལས་བྱུང་བས་དེའི་རིགས་སུ་གསལ་ལོ།།ཞེས་གསུངས་ཤིང་།རླངས་ཀྱི་པོ་ཏི་བསེ་རུར་གསལ་བ་ལྟར་གེ་སར་རྒྱལ་པོ་ལ་སྲས་རྒྱུད་མེད་པས་འདིར་གླིང་གེ་སར་གྱི་རིགས་རྒྱུད་ཅེས་པ་གླིང་རྗེ་གེ་སར་རྒྱལ་པོའི་ཕུ་བོ་འབུམ་པའི་ཞལ་དཀར་གྱི་རིགས་རྒྱུད་ལ་གོ་དགོས་སོ།།

       ཆོས་འཁོར་མཉན་པ་གྲོང་ན་རྒྱལ་དབང་སྐུ་ཕྲེང་དགུ་པ་ངག་དབང་ལུང་རྟོགས་རྒྱ་མཚོ་སྐུ་འཁྲུངས་སའི་ཡབ་གཞིས་བསམ་འགྲུབ་ཕོ་བྲང་ཞེས་གྲགས་པ་ན་ལྷ་ཁང་མགོན་ཁང་དང་།དེ་ན་རྒྱལ་དབང་ལུང་རྟོགས་རྒྱ་མཚོས་རྟེན་སྐལ་ལ་གནང་བའི་ལྷ་སའི་ཇོ་བོ་ལོ་ཀི་ཤྭ་ར་དང་སྐུ་རྒྱུ་གཅིག་པའི་ཙནྡན་གྱི་ཇོ་བོ་ཁ་སར་པ་ཎི་དང་།བྱེ་མ་ཨ་ཀྲུང་ལས་གྲུབ་པའི་གུ་རུའི་སྐུ་ཚབ།རྗེ་ཙོང་ཁ་པའི་འདྲ་སྐུ་ཆགས་བསྙུང་མ།རྒྱ་ནག་གོང་མས་གནང་བའི་ཚེ་དཔག་མེད་ཀྱི་སྐུ་བརྙན་བཅས་ད་ལྟ་བཞུགས་ཡོད།

མཉན་པ་ནང་ནས་ཡར་སོང་བའི་ས་དཀར་ན་བདེ་མཆོག་དང་དཔལ་ལྡན་དུས་ཀྱི་འཁོར་ལོའི་གནས་མཆོག་གོ་ཐི་དཔལ་འབར་བཀྲ་ཤིས་གླིང་གི་དབུ་ན་འཇམ་མགོན་མི་ཕམ་རིན་པོ་ཆེའི་སྒྲུབ་གནས་གོ་ཐི་རི་ཁྲོད་དུ་གྲགས་པ་དང་།དིལ་མཁྱེན་རིན་པོ་ཆེ་བཀྲ་ཤིས་དཔལ་འབྱོར་གྱི་སྒྲུབ་གནས་འབར་འགག་དཀར་པོ་ནང་ན་འཇམ་གྲགས་ཡང་སྤྲུལ་ཀརྨ་དཀོན་མཆོག་འཕྲིན་ལས་རབ་རྒྱས་ཀྱིས་རྟ་མགྲིན་གྱི་སྒྲུབ་ཁང་ཞིག་དང་།རི་འདབས་ན་མ་ཎིའི་རྡོ་མཁར་ཆེན་པོ་ཞིག་བཞེངས་མཛད་པ་དང་།དེའི་ཕུ་ན་དམ་པའི་སྒྲུབ་ཕུག་ཏུ་གྲགས་པའི་ཕ་གཅིག་དམ་པ་སངས་རྒྱས་ཀྱི་སྒྲུབ་ཕུག་བཅས་ཡོད་དོ།།

  ལྔ་པ་འབྲུ་ཁོག་ལུང་ན་འབྲུ་སྒ་སྡེ་དང་འབྲེལ་བའི་སྐོར་ལ་གཉིས་ཏེ།ཆེ་བཙན་འབྲུ་ཡི་རྒྱུད་ལས་སྒ་སྡེ་མི་ཆེན་སེར་པོ་བྱུང་བའི་ཚུལ་དང་།འདན་སྟོད་འབྲུ་ཁོག་ལུང་གི་སྒ་སྡེ་དང་འབྲེལ་བའི་སྐོར་དངོས་བསྟན་པའོ།།དང་པོ་ནི།

      དེ་ཡང་བོད་ཀྱི་རུས་ཆེན་དྲུག་གི་ནང་ཚན་ཆེ་བཙན་འབྲུ་ཡི་རྒྱུད་པ་ལ།འབྲུ་རྒན་སེ་བོ་སྟག་རྒོད་ཅེས་འབྱོར་ཕྱུག་ཤིན་ཏུ་ཆེ་བ་ཞིག་བྱུང་བ་དེ་ལ་འབྲུ་སྲས་རིགས་ཀྱི་མྱུ་གུ་བདུན་བྱོན་པ་རྣམས་ཀྱིས་ཕ་ལ་སྒྲོན་རྒྱུ་སྲམ་གྱི་སྤུ་ཡིས་ཕྱིང་བ་ཞིག་བཟོས་ནས་སྦྲ་ཐོག་ཏུ་སྐམ་པ་དེ་རླུང་གིས་འཁྱེར་ཏེ་མཚོ་ཡི་ནང་དུ་ལྷུང་བ།དེ་ལེན་ཕྱིར་བུ་བདུན་པོ་གཅིག་གིས་གཅིག་ལ་འཁྱུད་དེ་ཕྱི་མས་མཛོ་ཡི་སྣ་ཐག་ལ་འཇུས་པས་མཛོ་སྣ་ཆད་དེ་བུ་བདུན་ཀ་མཚོ་ནང་དུ་བྱིང་བས།འབྲུ་མི་རབས་ཆད་ཁར་མཛོ་སྣ་ཆད།ཅེས་གྲགས་པ་བྱུང་།སྐབས་དེར་འབྲུ་སྟག་རྒོད་རྒན་པོར་གྱུར་ཀྱང་སླར་རོང་བཟའ་ཁབ་ཏུ་བསུས་པས་བུ་གསུམ་བྱུང་བ་ལ་འབྲུ་ཉི་མ་དཀར་ནག་ཁྲ་གསུམ་དུ་གྲགས།འབྲུ་ཉི་མ་ཁྲ་བོའི་གདུང་ལ་བུ་གཉིས་བྱུང་བའི་ཆེ་བའི་རིགས་ལས་འོ་གྲོས་རྒྱུད་པ་བྱུང་ཞིང་མི་རྒྱུད་དེར་ཆོས་རྒྱལ་སྲོང་བཙན་སྒམ་པོའི་བཀའ་ཡི་འཕྲུལ་བློན་མི་བཞིའི་གྲས་འབྲུ་སེ་རུ་གོང་སྟོན་སོགས་ཀྱི་རྒྱུད་པ་མང་དུ་འཕེལ།ཡང་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་ཆོས་བློན་འབྲི་པདྨ་གུང་བཙན་སོགས་དཔའ་མཛངས་སྟོབས་ཀྱི་རལ་གྲིས་གནམ་ས་ཕྱེད་དུ་གཤགས་མཁན་མང་པོ་དང་།འབྲུ་སྲས་ཆུང་བའི་རིགས་ལས་ས་སྐྱ་འཁོན་གྱི་གདུང་རྒྱུད་དུ་གྲགས་པ་བྱུང་ཚུལ་བཤད།

         འབྲུ་ཉི་མ་དཀར་པོའི་རིགས་ལས་ཏྲེ་བོ་བྱུང་སྟེ།འབྲུ་རྗེ་ཉི་མ་དྲི་མེད་ལས།།རྒྱལ་རབས་དགུ་བཅུ་གོ་དགུ་འཕེལ།།ཕྱེད་དེ་ལྷ་ཡི་གདུང་རྒྱུད་ཡིན།།ཞེས་ཏྲེ་རབས་ལས་གསལ་བ་བཞིན་འབྲུ་ཉི་མ་དཀར་པོའམ་འབྲུ་རྗེ་ཉི་མ་དྲི་མེད་ལ་སྲས་གསུམ་བྱུང་བའི་ཆེ་བ་སོ་གད་ཀྱི་རྒྱུད་ལས་འབྲི་གུང་སྐྱུ་རའི་གདུང་རྒྱུད་དང་།སྲས་འབྲིང་བ་ཡ་གད་ཀྱི་རྒྱུད་ལས་གོ་བོའི་གདུང་རྒྱུད་དང་།སྲས་ཆུང་བ་མ་གད་ཀྱི་རིགས་ལས་ཏྲེ་བོའི་གདུང་རྒྱུད་བཅས་བྱུང་ཞིང་།དཔའ་བོ་མ་གད་ལ་ཏྲེ་རབས་དང་པོ་ཏྲེ་རྗེ་སེ་བོ།ཏྲེ་རབས་གཉིས་པ་ཏྲེ་བོ་སྟག་གི་བྱ་རོག།ཏྲེ་རབས་གསུམ་པ་མཛེས་པ་ཕྱི་ཡི་རི་མོ།ཏྲེ་རབས་བཞི་པ་མོན་པ་མཆེ་སྡེར་ཡ་མེད།ཏྲེ་རབས་ལྔ་པ་བཙུན་པ་ཏྲེ་བོ་སྟག་དམར།ཏྲེ་རབས་དྲུག་པ་ཐང་ཆེན་ཨ་འབར།ཏྲེ་རབས་བདུན་པ་ཏྲེ་བོ་ཁྲིམས་དཔོན་ཉི་མ་དཀར་ལེབ།ཏྲེ་རབས་བརྒྱད་པ་ཏྲེ་བོ་སྤྱི་ཕུད་འཁོར་ལོ་བཟང་པོ་སྟེ།འདི་ནས་བཟུང་འབྲུ་རྗེ་ནང་ཆེན་རྒྱལ་པོ་རྡོ་རྗེ་ཚེ་དབང་བར་ལ་རྒྱལ་རབས་བཅོ་བརྒྱད་དང་གདུང་རབས་ཞེ་བརྒྱད་བྱུང་བའི་ཚུལ་གཞན་དུ་གསལ།འབྲུ་ཉི་མ་ནག་པོའི་གདུང་ལ་སྲས་གསུམ་བྱུང་བའི་ཆེ་བའི་རིགས་ལས་ཉག་རེ།འབྲིང་བའི་རིགས་ལས་སྙེ་བ།ཆུང་བའི་རིགས་ལས་འབྲོམ་རྗེའི་རྒྱུད་པ་བྱུང་བ་སྟེ་ཆེ་བཙན་འབྲུ་ཡི་གདུང་རབས་བྱུང་ཚུལ་སྤྱིར་བསྟན་པ་ཡིན་ལ།

       གླིང་རྗེ་གེ་སར་གྱི་སྐབས་སུ་ཆེ་བཙན་འབྲུ་ཡི་རྒྱུད་ལས་ཞེ་ཐུལ་ཁྲ་གླག་སྤྱང་གསུམ་ཞེས་གྲགས་པའི་ནང་ནས།ཞེ་ཐུལ་སྟོབས་ལ་གླང་ཆེན་བརྒྱད་སྒྲིལ་སྒ་སྡེའི་མི་ཆེན་སེར་པོ་ཞེས་གྲགས་པ་བྱུང་ཞིང་།ཁོང་ནི་སྒ་མི་འགྱུར་ཆོས་ཀྱི་དབང་ཕྱུག་དང་།འབྲུ་བཟའ་བསམ་གཏན་དཔལ་ལྷ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།མཚན་ལ་འབྲུ་སྒ་སྡེ་ཆོས་སྐྱོང་བེར་ནག་གམ།སྒ་སྡེའི་མི་ཆེན་སེར་པོ་ཞེས་སུ་འབོད།[སྒ་སྡེའི་སྒ་ལ་སྒ་དང་དགའ་དང་རྒ་བཅས་ཅི་རིགས་སུ་སྣང་མོད་དག་ཤོས་སྒ་འབྲུ་གཉིས་ཀྱི་ཟླས་ཕྱེ་བའི་སྒ་ཡིན་པར་སྣང་ལ།སྒ་སྡེའི་སྡེ་ལ་བདེ་དང་སྡེ་གཉིས་ཅི་རིགས་སུ་སྣང་ཡང་སྡེ་པའི་སྡེ་ཡིན་པར་སྣང་།]གནའ་སྒྲུང་ལས།འབྲུ་ཡི་སྒ་སྡེ་བེར་ནག་འདི།།ཆུ་བོ་ཆེན་པོ་གྱེན་ལ་བཟློག།ཆ་ལང་ཉི་མ་གཏིང་པར་བཞག།བི་རུ་པ་ཡི་སྐྱེ་བར་གྲགས།།མ་འོངས་གངས་ཅན་བོད་ཁམས་སུ།།སྐྱེས་མཆོག་ཚེ་ཡི་འགྲོ་དོན་སྐྱོངས།།ཞེས་པ་ལྟར་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དཔལ་ལྡན་བིཪྭ་པའི་རྣམ་སྤྲུལ་དུ་གྲགས།འབྲུ་འཇམ་དབྱངས་གྲགས་པས་སྒ་སྡེའི་གསོལ་བསྡུས་ལས།སྨུག་པོ་ལྡོོང་གི་སྲས་རྒྱུད་གླིང་།།དཔ༵འ་ཞིང་བརྟུལ༵་ཕོད་སུམ༵་ཅུ༵འི་དབུས།།སྒ་སྡེ་ཆོས་སྐྱོང་བེར་ནག་ཅེས།།ཀི་གང་དམར་ནག་རིག་སྔགས་འཆང་།།མཐུ་དང་རྩལ་གྱིས་གདུག་པ་འདུལ།།ཞེས་གསུངས་པ་ལྟར་དགུང་ལོ་བརྒྱད་ཐོག་ནས་རྩལ་ཤུགས་སྒང་པ་བོད་དུ་གྲགས་པ་བྱུང་ཞིང་།ཤར་མི་ཉག་ཤེད་ཆེན་རྒྱལ་པོ་དང་།འབྲུ་སྒ་སྡེའི་ཆོས་སྐྱོང་བེར་ནག།རྒྱ་ནག་པོའི་གྱད་ཆེན་འབྲུག་གྲགས།འཇང་སྨུག་པོའི་ཉི་ཁྲི་སྐར་ཆེན།ཧོར་ཤེད་ཆེན་རི་བོ་པང་ཁུར་བཅས་འཛམ་གླིང་ཤེད་ཆེན་མི་ལྔའི་ཡ་གྱལ་དུ་གྱུར།སྟོབས་རྩལ་དང་འཕྲུལ་སྒྱོགས་འཕེན་མཁན་ཕུལ་དུ་བྱུང་བ་ཞིག་ཡིན།དེ་ནས་སྒ་འབྲུ་གཉིས་ཀྱི་དཔོན་པོར་གྱུར་ཏེ་གླིང་གེ་སར་རྒྱལ་པོ་དང་མཉམ་དུ་དཔའ་བོའི་འཕྲིན་ལས་ཕྱོགས་བཅུར་རྒྱས་ཏེ་མིང་ལ་འབྲུ་སྒ་སྡེའི་ཆོས་སྐྱོང་བེར་ནག་ཟེར།མངའ་འབངས་ལ་གནས་དྲུག་ཁྲི་སྐོར་བཅུ་གཉིས་[གནས་དྲུག་ཁྲི་སྐོར་གཅིག་ཀྱང་ཟེར་བས་བརྟག།]ཟེར་བའི་གནས་དྲུག་ནི།གཏམ་མཁར་སྐྱ།ཆམ་མཁར་དམར།།རྫ་གྱིང་ཐང་།ལྕི་དབེ་ཧུ།ལྷོ་རྟ་ཤོད།འདན་རག་ཐག་བཅས་དྲུག་ལ་ཟེར།

       སྒ་སྟོད་ཁྲི་འདུ་སྐལ་བཟང་དགོན་གྱི་ཉེ་འགྲམ་སྤྱན་རས་གཟིགས་ཀྱི་གནས་རི་སྣང་རྩེ་རི་ཞོལ་ན་སྒ་སྡེེའི་ཆུ་རྫོང་དཀར་མོ་ཞེས་ཡོད་པའི་ཕོ་བྲང་གི་ཤུལ་གྱང་རལ་ཆེ་བ་ད་ལྟ་ཡང་ལུས་ཡོད།འདི་ཉིད་སྒ་སྡེའི་མཁར་རྫོང་ངོ་མ་ཡིན་པའང་མཆོག་གླིང་རྣམ་ཐར་དུ་སྣང་རྩེ་གནས་ཞལ་འབྱེད་དུས།དེ་སྐབས་སྡེར་རི་མགོར་འབྲུ་སྒ་སྡེའི་མཁར་དང་རྗེ་ཉིད་དེ་ཡི་སྐྱེ་བ་བཞེས་པ།ཆུ་རྫོང་སོགས་སྔོན་གནས་རྗེས་དྲན་གྱི་གསུང་འཕྲོས་ངོ་མཚར་བ་དུ་མ་གནང་བའང་གླེང་ཞེས་གསུངས།སྒ་སྟོད་སྐྱེ་དགུ་དགོན་པའི་མདུན་སྒང་གསེར་རྟ་སྒ་ན་འབྲུ་སྒ་སྡེེའི་སྐུ་མཁར་ཕོ་བྲང་དམར་པོ་ཞེས་ཡོད་པ་སྒོམ་སྡེ་ནང་ཆེན་རྒྱལ་པོའི་བློན་པོ་གྲའུ་དཔོན་གྱིས་བདག་བཟུང་བྱས་ནས་ཡོད་པའི་ཕོ་བྲང་གི་ཤུལ་ད་ལྟ་ཡང་མཐོང་རྒྱུ་འདུག།

ཆུ་དམར་ལེབ་འབའ་དགོན་སྡེ་པའི་གཏེར་ཆུའི་ཕར་ཚུར་ན་སྒ་སྡེའི་མཆོང་འཕགས་ཟེར་བ་དང་།གཏེར་ཆུའི་རྒྱུད་ནས་མར་ཡོང་ས་ན་འབྲུག་མོས་མིག་མང་བཞག་སའི་ཕ་བོང་དང་།དེ་ནས་མར་ཡོང་བའི་ས་ལ་སྒ་སྡེའི་རྟ་ར་བཅས་དང་།ནང་ཆེན་འབྲུ་ཐང་སྟོད་ལྡང་ལ་གཡུ་ཐང་དུ་[ས་སྐྱ་ཆོས་སྒར་དགོན་གྱི་འགྲམ་ཟུར་ན་ཡོད།]སྒ་སྡེའི་ཕོ་བྲང་མཆོང་མཁར་སྨུག་པོ་ཡོད་པའི་ཤུལ་གྱང་རལ་དང་།གཞན་ཡང་ནང་ཆེན་ན་སྒ་སྡེའི་རྫོང་ཐང་།སྒ་སྡེའི་ཕུག་པ།སྒ་སྡེེའི་ཉི་ར།སྒ་སྡེེའི་སྡེ་བ་ཚོ་ཆེན་བཅོ་བརྒྱད་སོགས་ཀྱི་གནའ་ཤུལ་ངག་རྒྱུན་ལོ་རྒྱུས་བཅས་ར་སྤྲོད་ཐུབ་པ་ཡོད་ཚུལ་གཞན་དུ་གསལ་ལོ།།

                                                       གཉིས་པ་འདན་སྟོད་འབྲུ་ཁོག་ལུང་གི་སྒ་སྡེ་དང་འབྲེལ་བའི་སྐོར་དངོས་ནི།

        དེ་ལ་སྒ་འབྲུ་འདན་གསུམ་དུ་ཕྱེ་བའི་ནང་ཚན་འབྲུ་ཁོག་ལུང་སྐེད་འབྲུ་ཆེན་གཡོན་ལག་དབྱར་གུར་ཐང་གི་གཡོན་ཟུར་དབྱར་གུར་མཁར་མགོ་ན།ཡང་ཐུལ་དམ་པའི་མི་བདུན་ལས་སྒྱོགས་ཀྱི་ཡང་ཐུལ་འབྲུ་སྒ་སྡེ་ཆོས་སྐྱོང་བེར་ནག་གི་སྐུ་མཁར་ཕོ་བྲང་ཆེན་པོ་གསེར་ལུང་དགུ་རྫོང་ངམ་བྱ་ནག་ལྡིང་རྫོང་དུ་གྲགས་པའི་ཤུལ་ཡོད་ཅིང་།[མཁར་འདི་ལ་འགའ་རེས་སྒ་སྡེའི་མཆོང་མཁར་སྨུག་པོ་ཡང་ཟེར།འཇོ་མདའ་རྫོང་ས་དཀར་ཡུལ་ཚོ།]དེ་ཡང་ཕོ་བྲང་དངོས་ཀྱི་རྒྱ་ཁྱོན་ལ་མདུན་ནས་འདོམ་པ་ཞེ་ལྔ་དང་རྒྱབ་ནས་འདོམ་པ་སོ་དྲུག་ཞིང་དུ་འདོམ་པ་ཉེར་གསུམ་ཙམ་ཡོད་པ་དང་།ཕོ་བྲང་དངོས་ཀྱི་གཡོན་ལོགས་ན་སྒོ་ཁང་དང་སྒོ་ར་འདྲ་བའི་རྩིག་རལ་ཆེན་པོ་འདུག་པའི་སྣ་ལ་འདོམ་པ་བརྒྱ་དང་སོ་གྲངས་ཙམ་ཞིག་དང་ཞིང་དུ་འདོམ་པ་བཞི་བཅུ་ཙམ་ཡོད་པར་འདུག།མཁར་ཤུལ་གྱི་དཔང་མཐོ་དམའ་ལ་ཁང་བརྩེགས་རེ་དང་ཁང་བརྩེགས་རེ་མ་ཟིན་ཙམ་དུ་འདུག་ལ།མཁར་ཤུལ་རྩིག་རྨང་དེ་དག་གི་སྟེང་ན་ཐང་ཤིང་ཆེན་པོ་ཁང་བརྩེགས་ལྔ་དྲུག་ཙམ་ཡོད་པ་མང་པོ་སྐྱེས་ནས་ཡོད།དབྱར་གུར་ཐང་ན་སྒ་སྡེའི་མཆིག་ཅེས་གྲགས་པའི་རྡོ་མཆིག་ཅིག་ཡོད་པའི་དཀྱིལ་ཁུང་བུའི་ནང་ནས་ཤིང་སྡོང་ཆེན་པོ་ཞིག་སྐྱེས་ནས་འདུག།འབྲུ་ཁོག་མཁར་ལུང་ཡར་ཐང་གི་གཡོན་སྒང་མཁར་ལུང་ནང་ཞེས་པར་གླིང་གི་མཁར་ཤུལ་གྱང་རོ་ཞིག་ད་ལྟ་གསལ་པོར་འདུག་ཅིང་།དེ་ནས་ཡར་བལྟ་སའི་མཁར་ལུང་ཐང་མགོའི་ཆུ་ཕར་རིའི་གཡང་གཟར་གྱི་བྲག་ངོས་སུ་སྒ་སྡེེ་དང་འདན་མ་གཉིས་ཀྱིས་མདའ་རྟགས་བཞག་ས་རེད་ཟེར་བའི་ཤུལ་དུ་ད་ལྟ་ཡང་མདའ་ཤིང་གི་ཆག་འཕྲོ་ཞིག་མཐོང་རྒྱུ་འདུག་ལ།དེའི་ཉེ་འགྲམ་བྲག་རྩ་ཁུང་བུ་གཉིས་ནས་ཆུ་ཚ་གྲང་གཉིས་འབབ་ཀྱིན་ཡོད་ཅིང་དེ་ན་ཆུ་ཚན་རིང་བསྲེལ་ཡོད།

         དེ་ནས་ཡར་སོང་བའི་ལུང་པའི་ཕུ་རྭ་ཆེན་གཞུང་གི་གཡོན་ཟུར་འབྲུ་ལྷ་གཡག་རྭ་བར་ན་གྲུབ་ཆེན་ཀོངྐ་ན་བའི་རྣམ་སྤྲུལ་འབྲུ་སྲས་ནམ་མཁའ་ཐོག་རྒྱལ་གྱི་སྐུ་མཁར་འབྲུ་རྭ་ཆེན་གསེར་རྫོང་གོང་མ་ཟེར་བ་ཡོད་ཅིང་།སྔ་དུས་མཁར་རྫོང་གི་ཤུལ་ཆེ་བ་ཡོད་ཀྱང་ཕྱིས་འདིར་མཁར་ཤུལ་དུ་གསེར་རུ་སྡེ་པའི་སློབ་ཁང་བཟོས་ནས་རྗེས་ཤུལ་ཅི་ཡང་མེད་པར་བྱས་སོང་འདུག།མཁར་རྫོང་ཆགས་ས་ལྷ་གཡག་མགོ་བོ་ཕྱིར་འགྱིང་བྱས་པ་འདྲ་བའི་རྭ་བར་རི་དེའུ་གཉིས་ཀྱི་བར་ན་ཡོད་པས་འབྲུ་ལྷ་གཡག་རྭ་བར་ཟེར་ལ།རྭ་ཆེན་གཞུང་གི་ཕ་རི་ནས་ཚུར་བལྟས་ན་གསེར་རྫོང་ཡོད་པའི་ཕྱོགས་ཀྱི་རི་དེ་ལྷ་གཡག་མགོ་བོ་ཕྱིར་འགྱིང་བྱས་པ་དངོས་འདྲ་ཞིག་ཡོད་ཅིང་།ས་མིང་ལ་ཟེ་བ་སྒང་དང་།ལྷ་གཡག་མཁལ་ཁུང་ཞེས་སོགས་ཐོགས་ནས་ཡོད།མཁར་རྫོང་གི་ཉེ་འགྲམ་ན་གསེར་རུ་སྡེ་པ་ཆགས་ཏེ་ས་སྔོག་དུས་ཁང་ཤུལ་རྩིག་རལ་སོགས་དང་།སྔར་དུས་བླ་མཆོད་གསོལ་ཡོད་པ་ལྟར་སྒ་ཤིང་ཁམས་པའི་བླ་ལུག་ཡིན་སྟབས་རྡོ་སྒྲོམ་བཟོས་ནས་ནང་དུ་ལུག་རོ་བཅུག་པ་འགའ་ཤས་རྙེད་ཡོད་འདུག།ཕོ་བྲང་གི་མཐའ་སྐོར་ན་འོབ་བརྐོས་པའི་ཤུལ་མཐོང་རྒྱུ་འདུག་པ་ལ་འོབ་དོང་འཇུ་ཞེས་ཟེར།འབྲུ་སྲས་ནམ་མཁའ་ཐོག་རྒྱལ་གྱིས་གསེར་པ་ཚང་དང་གཉེན་སྦྲེལ་ཏེ་གསེར་པ་ཚང་གི་སྡེ་འགའ་ས་འདིར་བྱུང་བར་བརྟེན་ས་འདིའི་སྡེ་ལ་གསེར་རུ་མའམ་གསེར་རུ་སྡེ་པ་ཐོགས་ཟེར་ཞིང་།འབྲུ་སྲས་ནམ་མཁའ་ཐོག་རྒྱལ་ལས་ཆད་པའི་གསེར་རུ་དཔོན་གྱི་མི་རྒྱུད་ད་ལྟ་ཡོད།

      ཚེ་བྷྲཱཾ་དགོན་ནས་ཡར་འགྲོ་སར་ཟངས་མདོག་དཔལ་རི་ཞེས་པའི་བྲག་ཕུག་ཅིག་ཡོད་ཅིང་།དེའི་ཉེ་འགྲམ་ན་གནས་འདིར་བྱོན་པའི་སྐྱེས་མཆོག་སྤྲུལ་པའི་གཏེར་སྟོན་ཆེན་པོ་རྡོ་རྗེ་ཚེ་རྒྱལ་ལམ་རིག་འཛིན་ཆོས་ཀྱི་དབང་ཕྱུག་གིས་སྒྲུབ་ཁང་ཞིག་བཞེངས་ནས་ཁོང་གིས་ཕྱག་བཟོ་མཛད་པའི་མཁན་སློབ་ཆོས་གསུམ་དང་ཆོས་སྐྱོང་མ་གཟའ་དམ་གསུམ་གྱི་སྐུ་མི་ཚད་ཙམ་རེ་བཞུགས་པ་བར་སྐབས་སུ་ཉམས་རྒུད་དུ་སོང་ཞིང་།ཚེ་བྷྲཱུཾ་མགོན་ཁང་དུ་རྡོ་རྗེ་ཚེ་རྒྱལ་གྱིས་ཕྱག་བཟོ་མཛད་པའི་གླིང་རྗེ་གེ་སར་རྒྱལ་པོའི་སྐུ་མཐོ་གང་གི་ཚད་ཙམ་ལ་དགྲ་ལྷ་ཝེར་མ་བཅུ་གསུམ་གྱིས་བསྐོར་བ་ཞིག་བཞུགས།གནའ་དུས་ཚེ་བྷྲུཾ་དགོན་ན་སོག་གུ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱིས་ཚེ་བྷྲཱུཾ་ཀརྨ་བསྟན་འཕེལ་ལ་གནང་བའི་སྐུ་རྟེན་ཐུབ་སྐུ་གཟི་འོད་འབར་བ་ལི་མ་མི་ཚད་དང་།གསུང་རྟེན་འཇང་ས་ཐམ་བསོད་ནམས་རབ་བརྟན་གྱིས་བཞེངས་པའི་བཀའ་འགྱུར་དར་ལྟེབ་མ་ཞེས་པོད་བརྒྱ་དང་ལྔ་ལ་སྒམ་ཉེར་བརྒྱད་ཡོད་པ།ཐུགས་རྟེན་མཆོད་རྟེན་བཀྲ་ཤིས་འོད་འབར་ཁྲུ་ཚད་དོ་ཅན་ལ་རྡོ་རྗེ་ཕ་ལམ་གྱི་ཕྲ་ཡོད་པ་སོགས་བཞུགས་པ་དུས་དབང་གིས་གཏོར་བརླག་ཏུ་སོང་ནས་ད་ལྟ་བཀའ་འགྱུར་དར་ལྟེབ་མ་སྒམ་གཅིག་ཏུ་པོད་བཞི་ཙམ་མཇལ་རྒྱུ་འདུག།ཚེ་བྷྲཱུཾ་བསྟན་གསར་སྤྲུལ་སྐུ་ཉི་མ་འགྱུར་མེད་དམ་ཉི་ལྷ་མཆོག་ནས་གླིང་རྗེ་གེ་སར་རྒྱལ་པོ་དང་འབྲུ་སྒ་སྡེའི་གསོལ་ཁ་མང་པོ་ཕབ་མཛད་འདུག།

          རྗེ་བོ་མདོའི་ཡར་སྣེ་གཡོན་ཕྱོགས་མཁར་ཟུར་ཁུག་ཟེར་ས་ན་མཁར་ཤུལ་ཆེ་བ་ཞིག་ཡོད་པ་གླིང་འབྲིང་རྒྱུད་ཤོག་གི་དཔའ་བརྟུལ་ཆེན་པོ་འབྲུ་མི་དཀར་ལྷ་བུ་བསམ་འགྲུབ་ཀྱི་མཁར་ཤུལ་ཡིན་པར་བཤད་ཅིང་།འདི་ནས་ཚེ་བྷྲཱུཾ་དགོན་པའི་མདུན་རི་བཀྲ་ཤིས་ལྗོངས་རྩེ་དང་ཨོ་རྒྱན་པད་ཞུ་རང་བྱོན་སོགས་མཇལ།དེ་ནས་ཡར་སོང་བའི་ལུང་པའི་ནང་ན་བདེ་མཆོག་ཡབ་ཡུམ་གྱི་གནས་ཆེན་སྔ་དུས་གླིང་གི་དཔའ་ཐུལ་རྣམས་དང་འབྲི་གུང་སྤྱན་སྔ་ཆོས་གྲགས་འབྲུ་འཇམ་དབྱངས་གྲགས་པ་སོགས་ཀྱི་སྒྲུབ་གནས་སྤྱན་སྔ་གནམ་ཕུག་ཏུ་གྲགས་པ་དང་།དགོངས་བཀྲམ་མདའ་ན་སྤྱན་སྔ་ཆོས་གྲགས་ཀྱིས་བཞེངས་པའི་སྤྱན་སྔ་མ་ཎི་ཟེར་བའི་རྡོ་འབུམ་ངོ་མཚར་ཤིན་ཏུ་ཆེ་བ་ཞིག་ཡོད།མཁར་མགོ་དང་ཚེ་བྷྲཱུཾ་དགོན་གཉིས་ཀྱི་བར་ཡོས་འཐག་འཕྲང་གི་ལམ་ཁའི་བྲག་ངོས་ལ་ཚེ་བྷྲུཾ་ཀརྨ་བསྟན་འཕེལ་གྱིས་ཆིབས་གོང་ནས་ལྕག་ཚན་གྱིས་བྲིས་པའི་རིགས་གསུམ་བསྙེན་པ་དང་།མཁར་སྔོན་ཚང་[ཕོ་བྲང་གི་ཕྱི་ལ་རྩི་སྔོན་པོ་གསོལ་བས་མཁར་སྔོན་ཚང་ཞེས་ཟེར།]ཟེར་བ་ཞིག་ཡོད་པ་མཁར་དེ་སྟག་རོང་ཉ་ཚ་ཨ་བརྟན་གྱི་མཁར་ཤུལ་རེད་ཟེར་ཞིང་།ཕྱིས་མཁར་སྔོན་ཚང་ལ་མཁས་དང་གྲུབ་པའི་དབང་ཕྱུག་ཆེན་པོ་འབྲུ་འཇམ་དབྱངས་གྲགས་པ་འཁྲུངས།ཁོང་གི་གསུང་ལས་འབྲུ་ཁོག་ལུང་པར་སྒྲུབ་ཆེན་བཀའ་བརྒྱད་ཀྱི་གནས་ཀྱི་བཀོད་པ་ཚང་བ་དང་།ཁྱད་པར་ཕུར་པ་འཕྲིན་ལས་ཀྱི་གནས་ཡིན་པར་གསུངས་པ་ལྟར་ཚེ་བྷྲཱཾ་དགོན་པའི་མདུན་རི་ལ་ཕུར་པའི་དབལ་རང་གྲུབ་ཏུ་ཡོད་པ་དང་།ལས་ལྡན་རྣམས་ཀྱིས་ཚེ་བྷྲཱཾ་ཆུ་ནང་ནས་ཀཱི་ལི་ཀཱི་ལ་ཡའི་རང་སྒྲ་སྒྲོགས་པ་ཐོས་ཚུལ་འདུག།

འབྲུ་མཁར་མགོ་དགོན་པའི་དགོན་འདབས་ལམ་གསུམ་འདུས་མདོ་ན་སྒ་སྡེའི་མཐུ་ཁང་ཟེར་བའི་རྩིག་རལ་གྲུ་གསུམ་ཞིག་ཕྱིས་ཀྱི་བར་ཡོད་འདུག་པ་ཆུས་རྐྱེན་པས་ད་ལྟ་ཅི་ཡང་མཐོང་རྒྱུ་མི་འདུག་ལ།མཁར་མགོ་དགོན་ཞེས་པའི་ཐ་སྙད་ཀྱང་འབྲུ་སྒ་སྡེའི་མཁར་མགོ་ན་ཆགས་པས་དེ་ལྟར་ཐོགས་ཞེས་ཟེར།མགར་མགོ་དགོན་པའི་རྒྱབ་རི་འབྲུ་དགེ་བསྙེན་ཉེར་གཅིག་གི་ནང་ཚན་ཆུ་རྒྱུད་དགེ་བསྙེན་དུ་གྲགས་པ་དང་།དེའི་འདབས་ན་འབྲུ་འཇམ་དབྱངས་གྲགས་པས་ཕྱག་བཏབ་པའི་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་སྒྲུབ་ཁང་ཡོད།འབྲུ་མདའ་འགུ་ར་ཕྱི་ཐང་ལམ་ཟུར་ན་ཕ་བོང་སྣ་ལུང་ཅན་འགའ་ཡོད་པ་སྒ་སྡེ་དང་འདན་མ་གཉིས་ཀྱིས་འབྲི་ཆུ་ལ་ཟམ་པ་འཛུགས་ཕྱིར་ཁྲིད་ཡོང་བ་ལ།བུད་མེད་གཅིག་གིས་སླེལ་སྟོང་ཞིག་ཁུར་ནས་ཡོང་བ་དང་ཐུག་པས་རྟེན་འབྲེལ་རལ་ཏེ་ཟམ་པ་འཛུག་རྒྱུ་མ་བྱུང་བར་དེར་ལུས་ཟེར་ཞིང་།དེའི་མར་འགྲམ་ན་འབྲུག་མོའི་སྐྲ་གཞོང་ཟེར་བའི་ཕ་བོང་སྟེང་ན་སྐྲ་གཞོང་འདྲ་བའི་ཀོང་ཆེན་པོ་ཡོད་པ་ཞིག་འདུག།འབྲུ་ཐང་ཐང་དཀྱིལ་ལམ་ཟུར་ན་རྡོ་ཞིག་ལ་སྒ་སྡེེ་དང་འདན་མ་གཉིས་ཀྱིས་བྲོ་འཁྲབ་དུས་ཀྱི་ཞབས་རྗེས་རེད་ཟེར་བའི་ཞབས་རྗེས་གཉིས་བཞུགས།འབྲུ་མདའ་ལམ་ཟུར་ན་འབྲུ་སྟག་རྒོད་ཀྱི་མཁར་ཤུལ་མིང་ལ་རྫོང་སྟག་མ་ཟེར་བའི་མཁར་ཤུལ་ཞིག་རོར་སོང་བའི་ས་འབུར་དང་།མཁར་མགོ་དགོན་པའི་མདུན་ཐད་ཀྱི་ལམ་ཆེན་གཡས་ལྟག་ན་སྟག་རྒོད་བྲག་ཟེར་བའི་བྲག་དེལ་རྒྱབ་ན་འབྲུ་སྟག་རྒོད་ཀྱི་མཁར་ཤུལ་བཅས་ཡོད་པས་ཆེ་བཙན་འབྲུ་ཡི་གདུང་རྒྱུད་དེ་འདི་ནས་བྱུང་བ་འདྲ།

     འབྲུ་ཁོག་དང་འབྲི་ཆུ་གཉིས་བར་ན་འབྲུ་ཡི་གསེར་ལ་ཟེར་བའི་ལ་ཆེན་པོ་ཞིག་ཡོད་པ་ལ་འདན་གྱི་ས་བཤད་དུ།འདན་གྱི་གསེར་ལ་གྭ་པ་དེ།།གཡག་གྭ་པས་ཕྱིར་བལྟས་བྱས་འདྲ་ཡོད།།འདན་གྱི་འབར་ལྷ་རྩེ་རྒྱལ་དེ།།རྟ་སྒ་མས་སྒ་མ་ཁྲིད་འདྲ་ཡོད།།ཅེས་བཤད།འབྲུ་ཡི་གསེར་ལ་ནི་འཁྲུངས་གླིང་མེ་ཏོག་ར་བར་སྤྱི་དཔོན་རྒྱལ་པོས་རྨི་ལམ་ལུང་བསྟན་ལ་དྲངས་པའི་གླུ་བླངས་པ་ལས།འབྲུ་ཡི་གསེར་ལ་ལ་ཁ་ནས།།དུང་གི་སྐར་རྒྱན་བཀྲག་ལེ་རྨིས།།ཞེས་པའི་ལ་དེ་ཡིན་ཞིང་།རྨི་ལམ་གྱི་མཚོན་དོན་ཡང་ལ་དེ་འདན་ན་ཡོད་པས་གླིང་རྗེ་གེ་སར་གྱི་བཀའ་བློན་འདན་མས་མཛད་པའི་བརྡ་སྟེ།རྨི་ལམ་ལུང་བསྟན་དགྲོལ་བའི་མགུར་གླུ་ལས།གསེར་གྱི་ལ་ནས་སྐར་རྒྱན་བཀྲག།འཕྲིན་བློན་འདན་མས་བྱེད་པའི་རྟགས།།ཞེས་གསུངས།

        ཡང་ཚེ་བྷྲཱུཾ་བསྟན་གསར་སྤྲུལ་སྐུ་ཉི་ལྷ་ལས་ཐོས་པ་ལྟར་ན་སྐེ་རེ་གོང་ཉ་མཚོ་ཚང་ལ་གཡོག་པོ་སྒྲུང་པ་ཞིག་ཡོད་པ་ནོར་ལ་ཧོན་ནད་བྱུང་དུས་ཡོན་དགེ་གཏེར་ཆེན་མི་འགྱུར་རྡོ་རྗེའི་གཏེར་བཞེས་དཀར་པོ་བླུད་མི་ཡིན་ཞིང་།ཁོང་གིས་རྫོང་ཆེན་བཅོ་བརྒྱད་ཆ་ཚང་ཕབ་མཛད་པ་ཕལ་ཆེར་དུས་འགྱུར་སྐབས་རྩ་འཐོར་དུ་སོང་ཞིང་།ད་ལྟ་ཁོང་ཚང་ལ་ཧོར་ཕར་འདུལ་དང་།རི་ནུབ་དར་རྫོང་།འདན་མའི་ནས་རྫོང་།ཨ་བསེའི་ཁྲབ་རྫོང་།འཕྲུལ་དམར་འཕྲུལ་རྫོང་བཅས་ཡོད་པའི་འདན་མའི་ནས་རྫོང་དུ་འདན་ཁྲི་དཀར་རྒྱལ་པོ་བཏུལ་ས་དང་།འདན་གྱི་གཞི་བདག་འབར་ལྷ་གེ་སར་གྱིས་སྤྲུལ་པའི་རྐྱང་འབྲོང་ལ་ཡེངས་ཚེ་ཞགས་པ་བཏབ་པ་དང་།ད་ལྟ་འདན་མའི་ནས་རྫོང་ཕབ་དུས་ཀྱི་གྲོ་དེལ་ནས་དེལ་སྲན་དེལ་གསུམ་དངོས་སུ་མཐོང་རྒྱུ་ཡོད་ཅེས་གསུངས་པ་ལྟར་འབྲུ་ཚ་རག་གཞུང་ན་གྲོ་དེལ་ནས་དེལ་སྲན་དེལ་ཟེར་བའི་རི་དེལ་གསུམ་དངོས་སུ་ཡོད་པས་མ་ཚད།ལུང་པ་དེར་ནས་རྫོང་ཕབ་དུས་ཇ་མར་བྲག་ལ་གྱུར་སོང་བའི་ཇ་མར་བྲག་ཟེར་བ་དང་།གླིང་གིས་ཚ་འབོག་རྒྱག་དུས་ཀྱི་ཐབ་རྡོ་བཅས་ཡོད་ཅིང་།ས་དེར་མདེའུ་ཆེན་པོ་འགའ་ད་ལྟ་ཡང་རྙེད་རྒྱུ་ཡོད་དོ།།

                                                དྲུག་པ་འདན་དུང་ལུང་ཁོག་ན་སྟོང་དཔོན་ཡ་མི་སོ་ཁྲ་དང་འབྲེལ་བའི་སྐོར་ནི།

      འདན་དྲན་ཐང་དང་ཉེ་བའི་དུང་ལུང་ཁོག་གི་གཡས་རི་སྒང་ཐོག་ཏུ་གྲགས་པའི་སྤང་གདོང་མཐོན་པོ་ཞིག་ན་གླིང་ཆེ་བརྒྱུད་མི་བརྒྱད་ཀྱི་ནང་ཚན་སྟོང་དཔོན་ཡ་མི་སོ་ཁྲའི་[ཡ་མི་སྭ་ཁྲ་ཞེས་ཀྱང་བྲིས་སྣང་།སེར་ཤུལ་རྫོང་དྲན་ཁོག་ཡུལ་ཚོ།]མཁར་བཙན་པོ་གནམ་ལྕགས་ཁྲོ་རྫོང་ཞིག་རལ་དུ་སོང་བའི་ཤུལ་ཆེན་པོ་ཡོད་ལ།ཉི་མ་ཤར་གྲིབ་ཀྱི་སྐབས་ལྟ་བུ་ལ་གནས་འདིར་རྒྱང་བལྟས་བྱས་ཚེ་སྐུ་མཁར་ཕོ་བྲང་ཆེན་པོ་ཞིག་གི་ཤུལ་ཡོད་པ་གསལ་པོར་མཐོང་ཐུབ།སྐུ་མཁར་འདི་ཉིད་འདན་གསེར་རུ་གསེར་ཤོག་གི་གཡོན་ཟུར།འདན་དུང་ལུང་ཆུ་ཡི་གཡས་ཟུར།སྒང་མཐོན་པོ་སྒང་ཐོག་ཏུ་གྲགས་པ་ན་ཡོད་པས་གླིང་སྒྲུང་དུ་སྟོང་དཔོན་གྱིས་གླུ་བླངས་པ་ལས།གསེར་རུ་གསེར་ཤོག་གི་ཚུར་ནང་ནས།།དུང་ཆུ་ཁམ་པའི་གཡས་ཟུར་ནས།།སྒང་མཐོན་པོ་ཉི་མ་ལྡེ་ས་ནས།།མཁར་བཙན་པོ་གནམ་ལྕགས་ཁྲོ་རྫོང་ནས།།ང་སྟོང་དཔོན་ཡ་མི་སོ་ཁྲ་ཟེར།།ཞེས་བྱུང་བ་དང་ཤིན་ཏུ་མཐུན་ལ།དེ་ལྟར་ན་སྟོང་དཔོན་ཡ་མི་སྭ་ཁྲ་དེ་ཉིད་ས་གནས་འདི་ནས་ཡིན་པར་མངོན།

སྔོན་གྱི་སྒྲུང་རྙིང་ཁུངས་ཐུབ་རྣམས་སུ་འབུམ་དཔོན་ཐོག་རྒོད་འབར་བ།ཁྲི་དཔོན་ཨ་ནུ་དཔའ་སེང་།ཁྲི་དཔོན་གཡུ་ཁྲི་གུང་སྔོན།སྟོང་དཔོན་ཡ་མི་སྭ་ཁྲ།བརྒྱ་དཔོན་བནྡྷེ་དམར་ལུ་ཞེས་གསལ་བ་ལྟར་བརྒྱ་དཔོན་དང་སྟོང་དཔོན་དང་ཁྲི་དཔོན་དང་འབུམ་དཔོན་འདི་རྣམས་གླིང་གི་དཔའ་བརྟུལ་བརྒྱད་ཅུའི་ཡ་གྱལ་དུ་གྱུར་པ་ཤ་སྟག་ཡིན་ཞིང་།ཁྲི་དཔོན་ལ་ད་དུང་འབུམ་པའི་ཞལ་ལུ་དང་།དགྲ་ལྷ་རྩེ་རྒྱལ་སོགས་གཞན་ཡང་ཡོད་པར་འདུག།འཇང་སྲས་གཡུ་ཁྲི་གུང་སྔོན་ནི་སྟག་གླིང་གཡུལ་འགྱེད་སྐབས་འོམ་བུའི་ཨ་ནུ་དཔའ་སེང་སྐུ་གཤེགས་པར་བརྟེན་ལྷ་སྲས་དགྲ་ལྷ་རྩེ་རྒྱལ་གྱིས་དཔའ་སེང་གི་དཔོན་ཚབ་ཏུ་བསྐོས་ཤིང་།དེ་སྐབས་བར་གླིང་འོམ་བུའི་ཤོག་ལ་དཔའ་ཐུལ་གོ་ཆོད་མང་པོ་ཡོད་མོད་འཇང་སྲས་ཁོང་རང་ས་དོམ་གྱི་སྲས་ཡིན་པ་དང་དགྲ་ལྷ་རང་དང་ཉེ་དུའི་འབྲེལ་བས་ཡིན་ལ།དོན་རྐྱེན་འདིས་ཆེ་རྒྱུད་སྟག་རོང་དཔོན་པོ་ཁྲོ་རྒྱལ་ནས་གླིང་ཆུང་རྒྱུད་ཤོག་ལ་མི་དགྱེས་པའི་རྣམ་འགྱུར་མང་དུ་སྟོན་པ་བྱུང་བ་ཡིན།གླིང་གི་དཔའ་ཐུལ་བརྒྱད་ཅུ་དེ་འཕགས་ཡུལ་གྱི་གྲུབ་ཆེན་བརྒྱད་ཅུའི་རྣམ་འཕྲུལ་དུ་ངོས་འཛིན་མཛད་པ་ལྟར་སྟོང་དཔོན་ཡ་མི་སོ་ཁྲ་འདི་ཉིད་རྒྱ་གར་གྱི་གྲུབ་ཆེན་བྷཾ་ག་ལའི་རྣམ་སྤྲུལ་ཡིན་པར་གསུངས་ཤིིང་།སྟོང་དཔོན་འདི་ཉིད་སྒ་སྐྱུར་ལྡན་གསུམ་དུ་ཕྱེ་བའི་ནང་གི་སྒ་ཡུལ་དང་ཉེ་ས་ན་ཡོད་པས་ར་སྐོར་པདྨ་བཛྲའི་རྟ་ཡང་རྒྱུག་གི་མཚར་གླུ་ལས་སྒ་སྟོང་དཔོན་ཡ་མི་སོ་ཁྲ་ཞེས་བྱུང་བ་ཡིན།

          སྟོང་དཔོན་གྱི་མཁར་ཤུལ་ཡོད་པའི་སྒང་ཐོག་གི་སྒང་བརྒྱུད་དེད་ནས་ཡར་སོང་བའི་ལ་ཁ་ན་སྟོང་དཔོན་ཡ་མི་སོ་ཁྲས་གསོལ་མཆོད་བྱེད་སའི་གཞི་བདག་ཁྲ་ཡ་ལབ་རྩེ་ཟེར་བ་ཞིག་ཡོད་ལ།ལ་དེའི་ལབ་རྩེ་ནི་ཕ་བོང་མང་པོ་བརྩིགས་པ་ཞིག་ཡིན།སྒང་ཐོག་དང་ཁྲ་ཡ་ལབ་རྩེ་གཉིས་ཀྱི་བར་ན་སྟོང་དཔོན་ཡ་མི་སོ་ཁྲས་དམག་མི་རྣམས་ཀྱི་གོ་རྩིས་ལེན་ས་རུ་གྲགས་པའི་གོ་རྩིས་གཞུང་ཟེར་བའི་ཐང་རིང་བ་ཞིག་ཀྱང་ཡོད་དོ།།

འདན་གྱི་ཁྲ་བོ་ལ་ནས་དཔལ་ཐང་ཁྲ་མོའི་སྟོད་དག་ན་སྐྱ་ལོའི་སེང་ལྕམ་འབྲུག་མོ་རྟས་དྲུད་དེ་སྨན་ཁུག་འཐོར་བས་རེད་ཟེར་ནས་སྤང་སྤོས་ཤིན་ཏུ་མང་པོ་སྐྱེ་བ་དང་།དཔལ་ཐང་སྨད་བྲག་རྩི་སྣ་ནས་རི་དེལ་ཆུ་མགོ་བར་གྱི་ལམ་འགྲམ་ཕར་ཚུར་གྱིི་སྤང་ལ་དྲུད་ཤུལ་མང་པོ་འདུག་པ་འབྲུག་མོས་རྟ་ཁ་མ་ཐུབ་པར་ཕར་ཚུར་དྲུད་དུས་བྱུང་བ་ཡིན་ཞེས་ཟེར།དཔལ་ཐང་སྨད་ན་བོ་རོགས་གཞུང་དང་ཐང་མཐའ་ཟད་ས་ན་བོ་རོགས་བཀལ་ལ་ཟེར་བའི་ལ་ཞིག་ཡོད་ཅིང་།དེ་ནི་ཀོང་ཇོ་འདི་ནས་ཕེབས་དུས་དཔལ་ཐང་སྡེ་པའི་བུད་མེད་རྣམས་ཀྱིས་སྐྱེལ་མ་བྱས་ཏེ་སོང་བས་ས་མིང་དེ་ལྟར་ཐོགས་ཞེས་ཟེར།དཔལ་ཐང་ཁྲ་མོའི་གཡོན་ཕྱོགས་འདན་གྱི་སྒྲོལ་མ་བྲག་རྩའི་མདུན་ཕྱོགས་ཀྱི་སྒ་སྡེའི་འཕྲང་མགོ་ན་སྒ་སྡེེའི་ཡར་འབེན་ནམ་སྒྱོགས་རྡོ་ཟེར་བའི་བྲག་རྡོ་ཞིག་ཡོད་པ་ལམ་ཆེན་གསར་བཟོ་སྐབས་གཏོར་ཚར་སོང་ཞིང་།འཕྲང་མདའ་ཆུ་རྩ་ན་སྒ་སྡེའི་མར་འབེན་ཟེར་བའི་བྲག་རྡོ་ཞིག་ཡོད་པ་ལམ་ཆེན་ལས་སྐབས་གཏོར་ཡང་ད་ལྟ་ཕལ་ཆེར་ལུས་ནས་ཡོད།སྒ་སྡེེའི་འཕྲང་ན་ཕ་བོང་ཆེ་བ་ཞིག་གི་ངོས་ལ་མདའ་བཞག་རྗེས་འདྲ་བ་འགའ་ཡོད་པར་སྒ་སྡེའི་མདའ་བཞག་རྗེས་ཟེར་ཞིང་ད་ལྟ་ཆུ་འོག་ཏུ་སོང་ནས་མཐོང་རྒྱུ་མི་འདུག་གོ།

         འདན་སྟོད་རྩེ་པ་ལ་སྔར་དུས་གསེར་པ་ཟེར་ཞིང་སྟོད་གླིང་གསེར་པའི་སྡེ་ཡིན་པར་བཤད།རྩེ་པ་ན་གསེར་པའི་ཉི་འབུམ་དར་ཡག་གི་མཁར་དམར་གྱི་ཤུལ་ཡིན་པར་གྲགས་པའི་རྩིག་རྨང་དང་གྱང་རོ་བཅས་ཡོད་སྐད་འདུག།སྒ་ཁྲི་རྒྱ་ཨ་རྟོགས་བཀྲ་ཤིས་དགོན་ན་གསེར་པའི་ཉི་འབུམ་དར་ཡག་གི་སྐུ་སྐལ་ཡིན་ཟེར་བའི་གསེར་པོད་པུསྟི་བཅུ་ཡོད་པ་མཐིང་ཤོག་ལ་གསེར་གྱི་འབུར་དོད་ཅན་རུ་སྤོ་སྐབས་འགེལ་ཐིག་ལེན་སར་ཕྱི་གླེགས་ཤིང་དང་ནང་ཡི་གེ་གཉིས་ཀའི་དཀྱིལ་ཐད་ཁུང་བུ་ཡོད་པ།པུསྟི་རེ་མི་གཞོན་སྟོབས་ཅན་རེས་པང་དུ་ལོན་དཀའ་བ།དུས་འགྱུར་ཆེན་མོའི་སྐབས་མེར་བསྲེགས་ཏེ་གསེར་བླངས་པས་གསེར་སྲང་བརྒྱ་ལྷག་བྱུང་ནས་མཉམ་ལས་ཚོང་ཁང་ལ་བཙོང་ཡང་།གསེར་ཡིན་མིན་གཡོ་གཏམ་གྱིས་རིན་ཡང་མ་ལོན་པར་མངོན་ནོ།།

                                                          བདུན་པ་སེང་པ་ནང་ན་དཔའ་ལྷ་སེང་སྟག་དང་འབྲེལ་བའི་སྐོར་ནི།

         འདན་ཆོས་སྡེ་དང་དྲན་ཐང་གཉིས་བར་གྱི་ཉིན་རྫོང་དགོན་འདབས་སེང་པ་ནང་[ད་ལྟ་སྐད་ཟུར་ཆགས་ནས་སྲིན་པ་ནང་ཞེས་ཟེར།སེར་ཤུལ་རྫོང་དྲན་ཁོག་ཡུལ་ཚོ།]མཁར་ཅོག་སྒང་ཞེས་པ་ན་ཡང་ཐུལ་དམ་པའི་མི་བདུན་ལས་གཏམ་གྱི་ཡང་ཐུལ་སློབ་དཔོན་འཕགས་པ་ལྷའི་རྣམ་སྤྲུལ་དཔའ་ལྷ་སེང་སྟག་ཨ་དོམ་གྱི་སྐུ་མཁར་ཕོ་བྲང་ཆེན་པོ་ཞིག་ཡོད་པ་ལ་གཞིར་བྱས་ནས་གླིང་དཔོན་འོད་ཟེར་རྒྱལ་མཚན་གྱི་དབོན་པོ་རྒྱལ་ལུ་ཞེས་བྱ་བས་སེང་གི་མཁར་ནག་པོ་དགྲ་འདུལ་ཞེས་བྱ་བ་ཐོག་བརྩེགས་བདུན་ཅན་ཞིག་བརྩིགས་ཡོད་པ་ས་གཡོའི་སྐབས་འགྱེལ་ནས་གྱང་བརྩེགས་གཉིས་ལས་མ་ལུས་ཟེར་ཞིང་།ས་གཡོ་བྱུང་དུས་གླིང་དཔོན་ཚང་གི་མ་རྒན་ཞིག་ཁང་སྟེང་ན་ཡོད་པ་ཆུ་ཕར་ཀའི་སྤེན་ཕུང་སྟེང་ལྷུང་ནས་གནོད་སྐྱོན་མ་བྱུང་ཚུལ་བཤད་པ་ལ་བལྟས་ནའང་མཁར་ཤིན་ཏུ་མཐོ་བ་ཞིག་ཡོད་ཐག་ཆོད།ད་ལྟ་ཡང་ཕྱོགས་ངོས་གཅིག་ནས་གྱང་རོ་ཐོག་བརྩེགས་གཅིག་ཙམ་ལུས་འདུག་ཅིང་།མཁར་ཤུལ་ཡོད་ཕྱོགས་ལ་བལྟས་དུས་མཁར་གྱི་གཞི་རྒྱ་ཆེ་བ་ཞིག་ཡོད་ཚོད་འདུག།

      གླིང་དཔོན་རྒྱལ་ལུ་ལ་ཨ་འཕྲག་དང་འབྲུག་རྒྱལ་ཞེས་པའི་རིགས་ཀྱི་སྲས་གཉིས་བྱུང་བའི་ཨ་འཕྲག་ལ་རིགས་སྲས་ལྡན་ཤོད་ཀྱི་དཔོན་ཚེ་དབང་འཕྲག་དང་།དྲན་ཐང་དྲུང་རྒོད་མ་ཞེས་པ་ཀརྨ་པའི་ཆོས་བརྒྱུད་འཛིན་པ་ཞིག་དང་།འགུ་ཟིའི་ཁང་དམར་གྱི་བདག་པོ་ནང་སོ་སངས་རྒྱས་ལེགས་སྤུན་གཉིས་ཏེ་སྲས་སྐུ་མཆེད་བཞི་བྱུང་།དེ་དུས་ཤིག་ལ་གླིང་དྲུང་པ་ཏིང་འཛིན་བཟང་པོ་དབས་པའི་ཕྲུ་མར་བཀྲོངས་སོང་བར་ནང་སོ་སངས་རྒྱས་ལེགས་པ་ཤ་འཁོན་ལེན་སར་སོང་ནས་ཤ་ལེན་བླངས་མོད་སངས་རྒྱས་ལེགས་པ་རང་ཡང་དེར་བཀུམས་སོང་།རྒྱལ་ལུའི་སྲས་གཉིས་པ་འབྲུག་རྒྱལ་ལ་གླིང་ཆོས་འཕེན་རྒྱལ་དང་གླིང་དྲུང་པ་ཀུན་དགའ་འཕགས་པ་སྟེ་རིགས་སྲས་གཉིས་བྱུང་བའི་ཕྱི་མ་ནི།ངོར་ཆེན་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་པ་[༡༤༩༧།༡༥༥༧]ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོར་བསྒྲུབས་ནས་ཐུགས་སྲས་ཀྱི་ཐུ་བོར་གྱུར།འཇམ་མགོན་དཀོན་མཆོག་ལྷུན་གྲུབ་ཀྱིས་བཀའ་གནང་བ་ལྟར་རབ་བྱུང་དགུ་པའི་ལྕགས་ཕག་[༡༥༥༡]ལོར་འདན་གྱི་ཆོས་སྡེ་དགོན་པ་ཆག་བཏབ།དུས་དེར་ཆོས་སྡེ་དྲུང་ཆེན་ཀུན་དགའ་འཕགས་པ་དང་རབ་བཀྲམ་དྲུང་ཆུང་ནམ་མཁའ་རིན་ཆེན་ཏེ་དྲུང་པ་རྣམ་གཉིས་ཞེས་མངའ་ཐང་དང་འཕྲིན་ལས་ཤིན་ཏུ་རྒྱས་པ་བྱུང་།གླིང་ཆོས་འཕེན་རྒྱལ་ལ་སྲས་ཆོས་སྡེ་དྲུང་པ་བསྟན་འཛིན་ལྷུན་འགྲུབ།ཆོས་སྐྱོང་གཡུལ་རྒྱལ།ཆོས་ཕྱུག་ཅེས་བྱ་བ་སྟེ་གསུམ་བྱོན་པས་ས་སྐྱ་པ་འཇམ་དབྱངས་རིན་ཆེན་རྒྱལ་མཚན་སོགས་འདན་ཡུལ་དུ་བྱོན་པ་ལ་ཞབས་འདེགས་གང་ཆེར་ཞུས་ཚུལ་བཅས་ཡིག་རྙིང་ལས་བྱུང་།གནས་འདིར་གླིང་དཔོན་ཚང་དང་།གསོལ་དཔོན་ཚང་ཟེར་བའི་དུད་ཚང་གཉིས་ཡོད་པ་དཔའ་ལྷའི་དཔོན་ཚབ་དང་དཔའ་ལྷའི་གསོལ་དཔོན་ཚང་ཡིན་ཚུལ་བཤད་པར་མ་ཟད།ས་ཡོམ་མ་བྱུང་སྔོན་གླིང་གི་སྐུ་མཁར་ནག་པོ་དགྲ་འདུལ་དེ་གླིང་དཔོན་ཚང་གིས་བདག་བཟུང་བྱས་ཡོད་པར་འདུག།

         དཔའ་ལྷའི་མཁར་རྫོང་གི་སྟེང་ཐོག་ན་དཔའ་ལྷའི་མཆོད་ཁང་ཟེར་བའི་ལྷ་ཁང་ཀ་བཞི་གདུང་བརྒྱད་ཅིག་ཡོད་པ་གླིང་དཔོན་ཚང་གིས་ཉིན་རྫོང་དགོན་ལ་ཕུལ་ཞིང་།ཕྱིས་ཉིན་རྫོང་དགོན་ས་སྤོས་ནས་མགོན་ཁང་དུ་སྔར་གྱི་དཔའ་ལྷའི་མཆོད་ཁང་གི་ཀ་བ་གཉིས་བརྒྱབ་པ་ད་ལྟ་ཡོད།མཁར་ཅོག་སྒང་ནས་མར་བལྟ་སའི་ལམ་ཟུར་ཐང་ལྟེམ་ན་འདོ་བ་སྟོང་རི་དར་དཀར་རྟོད་ས་ཟེར་བའི་སྤང་ཐང་བཟང་བ་དང་།དེའི་གཡས་ཕྱོགས་ལམ་ཞབས་ན་སྟོང་རི་དར་དཀར་ཆུ་བླུད་ས་ཟེར་བའི་མཚོ་འཁྱིལ་ལེགས་པོ་ཞིག་ཡོད།

       དྲན་འཁོར་དང་སེང་པ་གཉིས་ཀྱི་བར་གྱི་ཨ་མྱེ་འབུམ་རྫོང་གི་མདུན་གྱི་ཆ་ལ་ལོ་ཙཱ་བ་ཆེན་པོ་ལྡན་མ་རྩེ་མང་གི་སྒྲུབ་གནས་ལོ་ལྡན་སྒྲུབ་ཕུག་ཅེས་གྲགས་པ་ཞིག་བཞུགས་ཤིང་།ཕུག་པའི་ཀློང་དུ་རང་བྱུང་བྲག་གི་ཀ་བ་ལག་པ་ཟུང་གིས་ཁྱུད་ཙམ་ལ་ཚེ་བུམ་དང་ཚེ་རིལ་འདྲ་བའི་ངོ་མཚར་གྱི་བཀོད་པ་དུ་མ་དང་།སྒྲུབ་གནས་ཀྱི་ཕུག་ནས་བདུད་རྩིིའི་ཆུ་རྒྱུན་འཛད་མེད་དུ་འབབ་པ་སློབ་དཔོན་པདྨ་འབྱུང་གནས་ཀྱི་ཚེ་ཆུ་ཡིན་པར་གྲགས།དགུན་ཟླ་ར་བའི་[ཁ་ཅིག་འབྲིང་པོའང་ཟེར།]ཚེས་བཅུ་ཉི་ཟེར་ཐང་ལ་ཕོག་པ་དང་ཕུག་པ་དེའི་ཁོར་ཡུག་ནས་བལྟ་ན་སྡུག་པའི་མེ་ཏོག་སྣ་ཚོགས་གློ་བུར་དུ་འཁྲུངས་ཤིང་།མེ་ཏོག་གི་ཁ་དོག་དང་དབྱིབས་སོགས་ཀྱང་ལོ་ལྟར་མི་འདྲ་བ་ཡོང་བའི་ཤིན་ཏུ་ངོ་མཚར་ཅན་ཞིག་ཡོད།དེ་ཉིན་གྱི་མེ་ཏོག་འཁྲུངས་ཚུལ་ལ་བརྟགས་ཏེ་ལོ་གཅིག་གི་ལྟས་རྟོགས་པས་ལོ་ལྟས་སྒྲུབ་ཕུག་ཀྱང་ཟེར།སྒྲུབ་ཕུག་དེའི་ཉེ་འགྲམ་སྐུ་འབུམ་ཁོག་ན་འབྲུག་མོའི་སྦྲ་མལ་ཟེར་བའི་སྦྲ་ཕུབ་ཤུལ་ཞིག་དང་།ཉིན་རྫོང་དགོན་ལྟག་འཇའ་བ་ནང་ན་འབྲུག་མོའི་སྐྲ་བཀྲུ་ས་ཟེར་བའི་རྡོ་ལེབ་ཐོག་ཁུང་བུ་མང་པོ་ཡོད་པ་ཞིག་འདུག་གོ།།

                                                        བརྒྱད་པ་ལྡན་མའི་ཡུལ་དུ་གླིང་སེང་ཆེན་མི་ཡི་ཉི་མས་འདན་མའི་ནས་རྫོང་ཕབ་པའི་སྐོར་ནི།

འཕགས་པ་འཇམ་དཔལ་གྱི་རྣམ་སྤྲུལ་མངའ་བདག་ཚངས་པ་ལྷའི་མེ་ཏོག་དེ་ཉིད་བོད་ཁམས་བདེ་ལ་འགོད་པའི་ཕྱིར་དུ་སྙིགས་མའི་དུས་འདིར་དྲག་པོ་དམག་གི་རྒྱལ་པོ་ཆེན་པོའི་སྐུར་བཞེངས་པ་འཛམ་གླིང་གེ་སར་རྒྱལ་པོ་དེ་ཉིད་དགུང་གྲངས་དགུ་ལ་ཕེབས་སྐབས།སྟག་རོང་དཔོན་པོ་ཁྲོ་ཐུང་དང་མཉམ་དུ་འདན་ཡུལ་དུ་ཕེབས།དེའི་དུས་སུ་ཤར་སྒྲོལ་མ་དཀར་མོའི་རྣམ་སྤྲུལ་སྲས་མོ་མེ་ཏོག་ལུ་གུ་མཚོ་སྒྲོན་བྱ་བ་དགུང་ལོ་བཅུ་གཉིས་ལོན་པའི་དུས་ཡིན་ཞིང་།དེ་ཉིད་ཐོ་རེངས་གཟིམས་པའི་མནལ་ལམ་དུ།མཁའ་འགྲོ་མ་དཀར་མོ་རུས་རྒྱན་ཅན་ཞིག་གིས།བུ་མོ་མ་འདུག་བུ་མོ་སོང་།བུ་མོ་ཞིང་རིའི་ནང་ལ་སོང་།བྱིས་པ་སྐྱ་སྐེ་བ་རྒྱང་བལྟས་མདོག་བཙོག་བཙོག་འདྲ་བ་ལ།འགྲམ་དུ་བཅར་ཚེ་བུ་ཆུང་ཡིད་དུ་འོང་བ་ཞིག།ཡང་བལྟས་བྱས་ན་འདོད་པ་ཆེ་བ་ཞིག་ལ་འཕྲད་ཡོང་བས།དེས་ཅི་ཟེར་ཐམས་ཅད་ལ་ཁྱོད་ཀྱིས་གྲོགས་བྱོས་དང་།འདི་ཕྱི་གཉིས་ཀའི་དོན་འགྲུབ།མ་ཚད་ཁྱོད་ཀྱི་གྲོགས་ཀྱང་ཡིན་པས་དེ་ལྟར་བྱེད་པར་གྱིས་ཤིག་ཟེར།ཕྱི་ཉིན་གཉིད་ལས་སད་དུས་མདང་གི་རྨི་ལམ་དེ་ཡ་མཚན་ཆེ།ང་ལ་ཇོ་མོའི་བརྟགས་བབ་ལ་ཤར་ཕྱོགས་ན་བདག་པོ་ཡོད་ཟེར་བ་དེ་ཨེ་ཡིན་སྙམ་ནས།ཉི་མ་ཤར་བ་དང་བུ་མོ་མེ་ཏོག་ཐང་དུ་རྩེད་མོ་ལ་སོང་བས་ཇོ་སྐྱིད་དམ་པ་མིའི་ཉི་མ་བཞུགས་པ་དང་འཕྲད་ནས་གསུང་གླེང་ཞིབ་པར་མཛད་པ་དང་།སྤྲུལ་པའི་སྐྱེས་བུ་ཆེན་པོ་ཡིན་པར་ཐག་ཆོད་དེ་ལྷག་པར་དགའ་ནས་ཁོང་གཉིས་དེར་བཞུགས་ཤིང་།ཡོང་དོན་ནས་རྫོང་ཕབ་པ་ལ་བུ་མོས་གྲོགས་བྱེད་དགོས་ཚུལ་སོགས་ཀྱི་གསུང་གླེང་ཞིབ་པར་མཛད་པས།བུ་མོས་ཅི་དགོས་ཐམས་ཅད་གྲོགས་བྱེད་པའི་ཞུ་བ་ཕུལ།དེ་ནས་ཇོ་རུས་འདན་ཁྲི་དཀར་རྒྱལ་པོའི་བཙུན་མོ་ལ་འཕྲུལ་གྱིས་སྤྲུལ་པའི་སྤྲེའུ་ཡིད་དུ་འོང་བ་ཞིག་གནང་ནས།ཡོན་དུ་སྔོན་མོ་ནས་ཀྱི་འབྱུང་ཁུངས།འཛམ་བུ་གླིང་གི་ཁྱད་ནོར།འདན་མའི་ཡུལ་གྱི་ནང་རྟེན།ཨ་འབྲུ་གཡང་གི་ནོར་བུའམ་དགོས་འདོད་ཀྱི་ནས་གཡང་བདུན་པོ་ཐབས་ཀྱིས་བླངས།རིམ་བཞིན་སྤྲུལ་པའི་བཀོད་པ་སྣ་ཚོགས་བསྟན་ནས་འབྲུ་རིན་ཆེན་གཏེར་གྱི་མངའ་བདག།སྡེ་ཁྲི་ཚོ་གསུམ་གྱི་བདག་པོ།ལྷ་ཇོ་བོ་ཞལ་དཀར་གྱི་སྤྲུལ་པ་འདན་ཡར་ལུང་ཁྲི་དཀར་རྒྱལ་པོ་སོགས་འདན་ཡུལ་ཕུ་མདའ་ཐམས་ཅད་དབང་དུ་བསྡུས།འབྲུ་སྔོན་མོའི་གཏེར་ཁ་ཕྱེས་ཤིང་།འགྲོ་དོན་མཐར་ཕྱིན་པའི་རྟེན་འབྲེལ་འགྲིག།ཟླ་བ་གཅིག་ལྷག་ལ་དེར་བཞུགས་ནས།གནས་རི་པདྨའི་ནས་རྫོང་ཕབ།འབར་གྱི་ལྷ་ཆེན་རྩེ་རྒྱལ་གྱི་ཟས་ནོར་འགུགས་པའི་ལྕགས་ཀྱུ།སྡང་དགྲ་འདུལ་བའི་ཐོ་ཆེན།གདོན་བགེགས་འདུལ་བའི་རལ་གྲི་སོགས་གཏེར་ནས་བཞེས་ཤིང་།རེ་ཞིག་རྒྱལ་པོ་ལ་བཅོལ་དམ་བྱས་ནས་བཞག་གོ།

དེ་ནས་བླ་རིའི་ནགས་ཀྱི་སྲིན་མོ་སྤུན་དགུ།རོང་ཆུ་ཁ་ཡི་དམ་སྲི་སྤུན་གཉིས།བྱེ་མ་ཉག་གི་ཐེའུ་རང་རྐང་གཅིག།གཡུ་རི་ཐང་གི་གྲོང་རྒྱུག་འདྲེ་མོ།ཕ་རོལ་མཆོད་རྟེན་རྒྱུད་ཀྱི་རྒྱལ་འདྲེ་སོགས་ཐམས་ཅད་དམ་ལ་བཏགས།ཡུལ་ཕྱོགས་དེའི་མི་རྣམས་ལ་དབང་དང་ཁྲིད་གནང་།རི་ལ་ཇོ་དར་དང་ས་ལ་སཱཙྪ།རྡོ་ལ་མ་ཎི།མར་མེ་ཕྱག་བསྐོར་སོགས་སྔར་ལས་དགུ་འགྱུར་གྱིས་ཡར་རྒྱས་བྱས་ཏེ།བདེ་སྐྱིད་ཕུན་སུམ་ཚོགས་ཤིང་།ནས་གཡང་གླིང་དཀར་སྟོད་ལ་དྲངས་ཀྱང་གཡང་མ་ཉམས་པར་ད་ལྟའི་བར་བདེ་སྐྱིད་ཕུན་སུམ་ཚོགས་པར་གྱུར་ཏོ།།

            མདོ་ཁམས་འདན་མའི་ཡུལ་འདིར་འདན་གྱི་གསེར་ལ་དང་།ཡུལ་ལྷ་གིང་གིང་རྒྱལ་པོ།གཉན་ཆེན་ཨ་མྱེ་སྤོམ་ཐི།འདན་གྱི་ཡུལ་བདག་འབར་ལྷ་རྩེ་རྒྱལ།གནས་རི་པདྨ་རི་མཐོའམ་གནས་པདྨ་ལྷ་རི།འདན་གྱི་གཡུ་ཐང་སྔོན་མོ།འདན་གྱི་གཡུ་མཚོ་སྔོན་མོ།འདན་གྱི་ནས་རིའམ་བྱེ་རི་སྨུག་པོ།ལུང་ཆུང་ཨ་བྲའི་ན་ཐང་སོགས་དང་།ཁྱད་པར་ནས་རྫོང་འབྲུ་སྔོན་གཡང་གི་གཏེར་སྒོ་འབྱེད་པ་ལས།ས་མཚན་ངན་སྲིན་མོའི་བྷ་ག།འདྲེ་མཚན་ངན་སྲིན་མོ་དུད་ར།ལམ་མཚན་ངན་བྱེ་མ་གཞུང་རིང་།མཚན་ངན་གསུམ་གྱི་ས་ཆ།ཞེས་བྱུང་བའི་ས་མཚན་ངན་སྲིན་མོའི་བྷ་ག་ཞེས་པ་ཀ་ཆུ་དང་འབྲི་ཆུ་འདུས་མཚམས་ཐད་ཀྱི་ས་ན་སྲིན་མོ་སྟེགས་ཟེར་བའི་རི་དེའུ་ཞིག་ཡོད་པ་དེ་དང་།འདྲེ་མཚན་ངན་སྲིན་མོའི་འདུ་ར་ཟེར་བ་སྲིན་མོའི་སྟེགས་རྩ་ན་ནམ་རྒྱུན་འདྲེ་མང་པོ་མཐོང་རྒྱུ་ཡོད་པ་དང་།ལམ་མཚན་ངན་བྱེ་མའི་གཞུང་ལམ་ཟེར་བ་དེལ་མགོ་བྱེ་ཐང་ཟེར་བའི་ལ་རྩ་འབྲི་ཆུའི་རྒྱུད་ཀྱི་བྱེ་ཐང་ཆེན་པོ་དེ་ཡིན་པ་བཅས་འདན་མའི་ནས་རྫོང་ལས་གསལ་བ་རྣམས་དང་བདེན་པ་ར་སྤྲོད་ཐུབ་པ་ཤ་སྟག་ཡོད་པར་མ་ཟད།གཞན་ཡང་གླིང་གི་རྒྱལ་མཚན་ཐོགས་པའི་མི་བཞིའི་ནང་ཚན་འདན་མ་གུ་རུ་རྒྱལ་མཚན་གྱི་སྐུ་མཁར་དང་།ཨ་གྲགས་གཟི་རྫོང་དུ་འདན་གྱི་གོང་ནེ་གཡུ་འབུམ་ལ་ཞེས་བྱུང་བ།ཨ་མྱེ་སྤོ་ཐིའི་མགོ་ན་གེ་སར་གྱིི་རྟ་བཏགས་ས་ཟེར་བ།གནས་མཆོག་སེང་གེ་གནམ་རྫོང་གི་རིའི་དབུ་གཙུག་ན་འདན་ཟ་ཧོར་རྒྱལ་པོའི་ཕོ་བྲང་སྣང་བ་འོད་ལྡན་མཐའ་རྟེན་ལྕགས་རི་དང་བཅས་པའི་ལོ་རྒྱུས་དང་།གནས་ཀྱི་རི་ལྡེབས་ན་གླིང་རྗེ་གེ་སར་གྱིས་འདན་མའི་ནས་རྫོང་ཕབ་ས་ཡོད།འདི་དག་གི་དོན་རྒྱས་པར་གླིང་གེ་སར་རྒྱལ་པོའི་སྒྲུང་ལས་འདན་མའི་ནས་རྫོང་འབྲུ་སྔོན་གཡང་གི་གཏེར་སྒོ་འབྱེད་པ་དང་།ཆོས་ཀྱི་རྒྱལ་པོ་སེང་ཆེན་ནོར་བུ་དགྲ་འདུལ་གྱི་རྣམ་པར་ཐར་པ་ནོར་བུའི་དྲྭ་བ་ལས་འདན་གྱི་ནས་རྫོང་ཕབ་པའི་གཏམ་རྒྱུད་བཻ་ཌཱུཪྻའི་རྒྱུད་མང་ཞེས་བྱ་བ་སོགས་གཞན་ལས་ཤེས་པར་བྱའོ།།

                                                                         དགུ་པ་འདན་མའི་ས་ཡི་རྒྱ་ཁྱོན་སྤྱིར་བསྟན་པ་ནི། 

འདན་མའི་སའི་རྒྱ་ཁྱོན་ལ།ཁ་ཅིག་གིས་འདན་ཁྲ་བོ་ལ་མན་ཆད་ནས།འདན་ཀ་ཕུ་ལ་ཡན་ཆད་འདན་མ་ཡིན་ཞེས་དང་།ཡང་འགའ་རེས་འདན་གྱི་སྒྲོལ་མ་བྲག་རྩ་ནས་འདན་མའི་ལ་རྩེ་དཀར་རིལ་ཡན་ཆད་འདན་མ་ཡིན་ཟེར་བ་དང་།འགའ་རེས་སྟོད་ཀྱི་འདན་མ་བྲག་རྩ་ནས་འདན་ཆུ་སྙིལ་ལ་ཡན་ཆད་འདན་མའི་མངའ་འོག་ཡིན་ཟེར་བ་སོགས་བཤད་ཚུལ་མང་ཡང་།མདོ་ཁམས་སྒ་ལྡན་སྐྱུར་གསུམ་གྱི་བྱུང་ཚུལ་ཉུང་བསྡུས་གཏམ་གྱི་ས་བོན་ཞེས་པ་ལས།སྒ་པ་དེ་ལའང་སྒ་འདན་སྐྱུར་གསུམ་དུ་ཕྱེ་དགོས་ཏེ།སྒ་ཇོ་བོ་རི་ནས།འབའ་རེས་ཤུག་པ་གཡག་རྔ་ཙམ་སྐྱེ་བ་ཡན་ཆད་ལ་སྒ་པ།དེ་ནས་འདན་ཁྲ་བོ་ལ་ཡན་ལ་སྐྱུ་ར།དེ་ནས་ལྡན་ཀ་ཕུ་ལ་ཡན་ལ་ལྡན་མ་ཞེས་ཟེར།དེའང་།སྔོན་གྱི་ཡི་གེར།སྒ་པ་ནམ་མཁའི་གདུགས་ཆེན་ལྟར་ཁེབས་ཆེ།སྐྱུ་ར་ཤེལ་གྱི་མཆོད་རྟེན་ལྟར་དཔང་མཐོ།ལྡན་ཀློང་ཐང་གཡུའི་མཎྜལ་ལྟར་བཀོད་ལེགས།ཞེས་གསལ།

       སྔོན་གྱི་དབུས་གཙང་གི་བླ་མ་གོང་མའི་རྣམ་ཐར་དག་ལས།སྒ་འདན་སྐྱུར་གསུམ་ཞེས་སོ་སོར་མ་ཕྱེས་པ་ཐུན་མོང་དུ།འདན་མ་ཞེས་ཡོད་དེ།རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་གི་རྣམ་ཐར་དུའང་།སྒ་ལབ་རག་ཉག།འབམ་ཆུ་དགོན་གྱི་སྤྲུལ་སྐུ་རྣམས་ལ།ལྡན་མ་སྤྲུལ་སྐུ་ཁོ་ནར་གསུངས་པ་སོགས་མང་།དེའི་རྐྱེན་གྱིས་གྲྭ་ས་འབྲས་སྤུངས་དང་།ངོར་ཨེ་ཝཾ་ཆོས་ལྡན་དག་ཏུ།ལྡན་མ་ཁང་ཚན་ནང་དུ་སྒ་པའི་གྲྭ་རྒྱུན་རྣམས་འགྲོ་བ་ལས།སྒ་པ་ཁང་ཚན་བྱ་བ་ཟུར་དུ་མེད་དོ།།ཞེས་བྱུང་བ་ལྟར་སྒ་སྐྱུར་ལྡན་གསུམ་གྱི་ཟླས་ཕྱེ་བའི་འདན་མའི་ས་ཡུལ་དང་།སྤྱིར་བཏང་གི་འདན་མའི་ས་ཡུལ་བཅས་སོ་སོར་ཕྱེ་ནས་བཤད་དགོས་པར་འདུག་ལ།སྒ་སྐྱུར་ལྡན་གསུམ་གྱི་ཟླས་ཕྱེ་བའི་འདན་མའི་ས་ཡུལ་ཀ་ཕུ་ལ་ཡན་ཟེར་བའང་བརྟག་པར་བྱ་སྟེ།ལྡན་གྱི་བྲག་ར་གླིང་ཆེན་ཞེས་བྱུང་བ་ལྟ་བུ་འདན་མའི་སྨོན་ལམ་ལ་ཡན་ཆད་ལ་འདན་མ་ཞེས་པའི་ཐ་སྙད་ཡོངས་གྲགས་ཡིན་པའི་ཕྱིར།

             དེས་ན་སྤྱིར་བཏང་གི་འདན་མ་ལ།མ་ཎི་བཀའ་འབུམ་ལས།ལྡན་མ་བྲག་རྩ་བྲག་ལ་དགྱེས་པའི་དབུ་དུང་བརྐོས་མ་བཞེངས།།ཞེས་དང་།རྒྱལ་རབས་གསལ་བའི་མེ་ལོང་ལས།དེའི་བར་ལ་རྒྱ་མོ་བཟའ་ལ་སོགས་པ་བོད་བློན་རྣམས་ཀྱིས་འདན་མ་བྲག་རྩར་ཕེབས་ནས།བྲག་ལ་བྱམས་པ་ཁྲུ་བདུན་པ་གཅིག་དང་།བཟང་སྤྱོད་གཉིས་བརྐོས་མར་བཞེངས།དེར་ཟླ་བ་གཅིག་བསྒུག་དེར་ཡང་བློན་པོ་མ་བྱོན།ཞེས་དང་།གཞན་ཡང་།འབྲུ་མི་འགྱུར་ཐར་པའི་གནས་བརྒྱད་ལས།འདན་སྟོད་བྲག་རྩ་སྐྱུ་རས་བཟུང་།སྐྱུ་ར་མི་འགྱུར་གནས་གཅིག་ཡིན།ཞེས་གྲགས་པ་ལྟར་འདན་སྟོད་སྐྱུ་ར་སྒྲོལ་མ་བྲག་སོགས་སྐྱུ་རའི་ས་ཆ་རྣམས་དང་།སྡེ་དགེའི་རྒྱལ་རབས་ལས།སྐུ་ཚེའི་སྨད་ལ་ཁམས་ཀྱི་ལྡན་བྲག་ར།།གླིང་ཆེན་ཞེས་པར་ཕེབས་ནས་སྒྲུབ་པ་མཛད།།ཅེས་དང་།སྔོན་གྱི་ཡིག་རྙིང་ལས་གླིང་རག་སྟག་ལ་འདན་རག་སྟག་ཅེས་བྱུང་བ་ལྟར་རྫོགས་ཆེན་ལ་རྩེ་དཀར་རིལ་ཚུན་ཆད་འདན་གྱི་ས་ཡུལ་ཡིན་པ་འདྲ་ཞིང་།འདན་མ་ལ་ས་སྡེ་ཆེན་པོ་ཡོད་པའི་ཚུལ་གཞན་ཡང་།འདན་མ་ཆུ་ལ་ཉིན་སྲིབ།འདན་སྡེ་ཁྲི་སྐོར་བཅུ་གཉིས།ཚ་ཞང་རུ་བ་དགུ་བརྒྱ།ཞེས་ཡོངས་སུ་གྲགས་པ་དང་།ཤན་འདན་ནང་འཁྲུག་ལས།འབུམ་པའི་ཞལ་ལུའི་དོན་དུ་འདན་མ་གླིང་ལ་ངོ་ལོག་ནས་ཕྱིར་ཕེབས་སྐབས་གླིང་སྒར་ཁ་གཉིས་སུ་སོང་སྟེ་གླིང་དང་འདན་མའི་དམག་ལ་དམག་གྲངས་མང་ཉུང་མཚུངས་པར་བཤད་པ་སོགས་ཀྱིས་ཤེས་སོ།།

                                                    བཅུ་པ་འདན་མའི་ཡུལ་གྱི་བྱུང་བ་འགའ་ཞིག་བརྗོད་པས་མཇུག་བསྡུ་བ་ནི།

འདན་མའི་གནས་ཀྱི་ལྟེ་བ་འདན་ཀློང་ཐང་ན་ཡིན་པར་གསལ་བས་ཀློང་ཐང་གི་ས་ཡུལ་གྱི་བཀོད་པ་ནི།འབར་ཨ་ཏི་ཡེ་ཤེས་ཚེ་རིང་གི་གླུ་ལས།ཤར་རི་རྒྱ་སྟག་ཁྲ་བོ་ལ།།འདན་གྱི་ཀ་ཕུ་རི་བོ་དེ།།སྟག་དམར་ཡག་འཛུམ་དྲུག་ངོམ་འདྲ་ཡོད།།བློན་དཔའ་རྩལ་རྒོད་ལེ་དེ་ནས་བྱུང་།།ལྷོ་ཡི་གཡུ་འབྲུག་སྔོན་མོ་ལ།།འབྲི་ཆུ་གླང་ཆེན་སྣ་འབབ་དེ།།གཡུ་འབྲུག་དགུང་ལ་འཁྱུག་པ་འདྲ།།དཔོན་ལས་དབང་བཙན་ལེ་དེ་ནས་བྱུང་།།ནུབ་ཀྱི་རྨ་བྱ་མཛེས་ལྡན་ལ།།འདན་གྱི་འབར་ལྷ་རྩེ་རྒྱལ་དེ།།བྱ་རྨ་བྱས་སྒྲོ་གུར་ཕུབ་པ་འདྲ།།སྨན་མཛེས་སྡུག་བཀྲག་ལེ་དེ་ནས་བྱུང་།།བྱང་གི་རུས་སྦལ་རྒྱ་བོ་ལ།།འདན་སྟོད་རྫ་རྒྱལ་འཕན་པོ་དེ།།རུས་སྦལ་སྒང་ནས་མཆོང་འདྲ་ཡོད།།ཆོས་བསྟན་པ་དར་དོན་དེ་ནས་བྱུང་།།རྒྱབ་རི་པདྨ་ཤེལ་ཕུག་དེ།།སློབ་དཔོན་པདྨའི་སྒྲུབ་ཕུག་རེད།།སེང་གེ་གནམ་རྫོང་ཕྱུག་མོ་དེ།།ལྷ་ལུང་དཔལ་རྡོའི་སྒྲུབ་ཕུག་རེད།།མདུན་རི་ལས་མགོན་དཀར་པོ་དེ།།མགོན་པོ་དཀར་པོའི་གནས་རི་རེད།།གཡས་རི་ཁམས་གསུམ་དབང་ཕྱུག་དེ།།རྣམ་ཐོས་སྲས་ཀྱི་བང་མཛོད་རེད།།གཡོན་རི་ཤར་ལུང་རི་དྲུག་དེ།།ཚ་ཞང་འདན་མའི་བཞུགས་གནས་རེད།།ཅེས་བྱུང་བ་ལྟར་ཕྱོགས་བཞི་ལ་ས་ཡི་སྲུང་བཞི་དང་།ཤིན་ཏུ་ངོ་མཚར་ཆེ་བའི་གནས་ཆེན་དང་གནས་ཕྲན་མང་པོས་ཕྱོགས་མཐའ་ནས་བསྐོར་བ་ཡིན་ལ།གཞན་ཡང་ཕུ་ན་འབྲོག་པའི་མཚེར་ས།མདའ་ན་ཞིང་གི་རེའུ་མིག།བར་ན་འབངས་མི་སྡེ་སྐར་ཚོགས་བཀྲ་འདྲ་སོགས་ངོ་མཚར་ཆེ་བ་ཡོད།

                གནས་རི་ཡོངས་སུ་གྲགས་ཆེ་བ་བཞུགས་པ་ལ།མདོ་ཁམས་གནས་ཆེན་ཉེར་ལྔའི་ནང་ཚན་སྐུའི་ཐུགས་ཀྱི་གནས་མཆོག་འདན་གྱི་པདྨ་རི་བོ་དང་།འཕྲིན་ལས་འགྲོ་འདུལ་གྱི་སྤྲུལ་པའི་གནས་བརྒྱད་ལས་དྲག་པོས་འདུལ་མཛད་གནས་མཆོག་སེང་གེ་གནམ་རྫོང་གཉིས་བཞུགས་ཤིང་།གནས་ཀྱི་དཀར་ཆག་མདོ་མང་གཏེར་སྟོན་རྡོ་རྗེ་བདེ་ཆེན་གླིང་པ་དང་།གླིང་ཞིག་བླ་མ་ཚེ་དབང་གཡུང་དྲུང་སོགས་ཀྱིས་མཛད་པ་ཡོད།འདན་སྟོད་སྐྱུ་རའི་ས་ཆ་ན་ལྷ་གཅིག་ཀོང་ཇོས་བྱིན་གྱིས་བརླབས་པའི་འབིས་ཀྱི་རྣམ་པར་སྣང་མཛད་དང་།སྐྱུ་ར་གནམ་སྦྱིན་དཀར་པོ་ནས་བཟུང་ལྷ་བབ་སྐྱུ་རའི་གདུང་གིས་དབང་བསྒྱུར་བས་མི་མིང་ས་ལ་ཐོགས་པས་སྐྱུ་རར་གྲགས་ཞེས་བྱུང་བའི་གནས་མཆོག་འདན་གྱི་སྒྲོལ་མ་བྲག་རྩ་གཉིས་བཞུགས་ཤིང་།འབིས་ཀྱི་རྣམ་པར་སྣང་མཛད་ལ་རྡོ་བརྐོས་དཀར་ཆག་དང་སངས་རྒྱས་རྒྱ་མཚོས་མཛད་པའི་དཀར་ཆག་ཡོད།སྐྱུ་རའི་གནས་ཀྱི་ལོ་རྒྱུས་འབྲི་གུང་ཆོས་འབྱུང་དང་གནས་ཀྱི་དཀར་ཆག་ལས་གསལ།

             འདན་སྟོད་འབྲུ་ཁོག་ན་འབྲི་གུང་སྤྱན་སྔ་ཆོས་གྲགས་གཙོས་སྤྱན་སྔའི་མཚན་ཅན་བདུན་དང་།དྲུང་རབས་བཅུ་གསུམ།འབྲུའི་གཅོད་པ་མི་བདུན་སོགས་ཀྱིས་སྒྲུབ་གནས་རི་ཁྲོད་མཛད་དེ་བྱིན་གྱིས་བརླབས་པའི་མཁའ་སྤྱོད་དག་པ་ཤྲཱིའི་གནས་ཀྱི་ཡན་ལག་སྤྱན་སྔ་གནམ་རྫོང་དང་།འདན་སྨད་རྣམ་རྒྱལ་གླིང་གི་ས་ན་འདན་གྱི་བྲག་ར་གླིང་ཆེན་ནམ་འོག་མིན་དཔལ་གྱི་ཡང་དབེན་གནས་མཆོག་བྲག་དཀར་ལྷུན་པོ་དང་།རྟོགས་ལྡན་སེང་གེ་འབར་བའི་སྒྲུབ་གནས་ར་བཀྲམ།འདམ་ཐོག་གི་ས་ན་པདྨའི་སྒྲུབ་གནས་ཆེན་པོ་འཛམ་གླིང་བྲག་དཀར།ཀློང་ཐང་ན་ཀློང་ཐང་སྒྲོལ་མ་རང་བྱོན་སོགས་གནས་ཆེན་དང་གནས་ཕྲན་དུ་མ་བཞུགས་ཤིང་།དེ་ལས་འདན་གྱི་བྲག་ར་གླིང་ཆེན་ན་མདོ་ཁམས་སྡེ་དགེ་ཆོས་རྒྱལ་ཆེན་པོའི་གདུང་གི་མེས་པོ་ལྷ་རྗེ་བྱམས་པའི་དཔལ་ནས་མགར་དཔལ་གྱི་ཡོན་ཏན་དང་དཔལ་གྱི་ཕུར་བུ་སོགས་གདུང་རབས་རིམ་བྱོན་མང་པོས་གདན་ས་མཛད་དེ་གྲུབ་པའི་རིག་འཛིན་དངོས་སུ་བརྙེས་པ་བྱུང་བའི་ཚུལ་སྡེ་དགེའི་རྒྱལ་རབས་ལས་གསལ་ལ།བྲག་དཀར་ལྷུན་པོའི་གནས་ཡིག་དགོངས་གསལ་སྤྲུལ་སྐུ་ཀརྨ་ལུང་རྟོགས་ཉི་མས་མཛད་པ་དང་།གནས་མཆོག་འཛམ་གླིང་བྲག་དཀར་གྱི་དཀར་ཆག་ཨོ་རྒྱན་འགྲོ་འདུལ་ཀུན་འདུས་གླིང་པས་གཏན་ལ་ཕབ་པ་ཡོད།

             གཙུག་ལག་ཁང་དང་རྟེན་གྱི་རིགས་ལ།རྒྱལ་རབས་གསལ་བའི་མེ་ལོང་ལས།རུ་གནོན་གྱིི་ལྷ་ཁང་བཞི་བཞེངས་ཏེ།ལག་མཐིལ་གཡས་གནོན་པའི་ཕྱིར།ཁམས་ཀྱི་ཀློང་ཐང་སྒྲོན་མའི་ལྷ་ཁང་མི་ཉག་གིས་ལག་དཔོན་བྱས་ནས་བཞེངས།ཞེས་དང་།སྔོན་གྱི་གཏམ་མེ་ཏོག་ཕྲེང་བ་ལས།སྙིང་གཟེར་ཆེན་པོ་གཅིག་ཐོབ་ཅིག་ཟེར་ནས།ཁམས་སུ་ཀློང་ཐང་སྒྲོལ་མའི་གཙུག་ལག་ཁང་།ཕྱི་མཆོད་རྟེན།ནང་ལྷ་ཁང་།རྩ་བ་གཟེར་མགོ།རྩེ་མོ་རྒྱ་ཕིབས་ཀྱི་ཚུལ་དུ་བཞེངས་སོ།།ཞེས་བྱུང་བ་ལྟར།བོད་ཀྱི་རྒྱལ་པོ་ཆེན་པོ་ཆོས་རྒྱལ་སྲོང་བཙན་སྒམ་པོས་བོད་ཀྱི་ས་ཆ་སྲིན་མོ་གན་རྐྱལ་དུ་སྒྱེལ་བ་འདྲ་བ་གནོན་པའི་ཆེད་དུ་མི་འགྱུར་བའི་གཟེར་བཅུ་གཉིས་བཏབ་པའི་ནང་ཚན།འདན་ཀློང་ཐང་སེང་གེ་གནམ་རྫོང་གི་རི་མགུལ་ན་སྲིན་མོའི་ལག་མཐིལ་གཡས་པ་གནོན་པ་ལ་ཁམས་ཀྱི་ཀློང་ཐང་སྒྲོལ་མའི་གཙུག་ལག་ཁང་།ཕྱི་མཆོད་རྟེན།ནང་ལྷ་ཁང་།རྩ་བ་གཟེར་མགོ།རྩེ་མོ་རྒྱ་ཕིབས་ཀྱི་རྣམ་པར་བཞེངས།ཨོ་རྒྱན་ཆེན་པོས།འདི་ནས་རིང་འདས་དུས་ཀྱི་ཐ་མ་ལ༔ཉེར་བཞིའི་གནས་ཀྱི་མཆོག་གྱུར་ཀོ་ས་ལ༔རུ་ཏྲའི་མིག་འབྲས་མིག་ཆུ་དཀར་ནག་ལ༔སྒྲོལ་མ་མཆེད་གཉིས་རང་བྱོན་ལྡན་པའི་ལུང་༔བོད་ཁམས་སྲིན་མོ་གན་རྐྱལ་སྒྱེལ་འདྲ་ཡི༔ལག་མཐིལ་གཡས་པ་ཁམས་ཀྱི་ཀློང་ཐང་སྒྲོལ༔ཞིག་རལ་གསུངས་པའི་གནས་མཆོག་དམ་པ་འདི༔དར་ན་བོད་ཁམས་འགྲོ་བ་ཡོངས་ལ་ཕན༔གུད་ན་དེ་བཞིན་སྤྱི་ཡི་བསོད་ནམས་ཉམས༔བདུད་དཔུང་བཙན་པས་ཞིག་རལ་མང་དུ་འབྱུང་༔འོན་ཀྱང་ས་ལ་གནས་པའི་བྱང་སེམས་ཀྱིས༔གཏེར་འདི་རྡོལ་དུས་ཞིག་རལ་བསྲུབས་ཀྱང་འབྱུང་༔བོད་ཁམས་ཡོངས་ལ་སྐྱིད་ཐེངས་ཐེངས་གཅིག་འབྱུང་༔ཞེས་པ་ལྟར་ཕྱིས་འབྱུང་དགོན་འདི་ལ་བདུད་དཔུང་བཙན་པས་ཞིག་རལ་མང་དུ་བྱུང་བ་དང་།ཁྱད་པར་རབ་བྱུང་བཅུ་གཅིག་པའི་ནང་དུ་ཡུལ་སྤྱི་ལ་ས་ཡོམ་གྱི་འཇིག་པ་ཆེན་པོ་བྱུང་ནས་དགོན་པའི་ནང་རྟེན་དང་བཅས་པ་ས་འོག་ཏུ་ནུབ།སྒྲོལ་སྐུ་ས་འོག་སོང་བའི་ཚུལ་གྱིས་མ་རྙེད་པ་ན་རྒྱལ་དབང་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོས་རྟེན་ཚབ་ཏུ་སྒྲོལ་མ་ང་འགྲོ་གསུང་འབྱོན་མ་བྱ་བ་གནང་ནས་ལོ་ཆུང་མཐིལ་དུ་སྒྲོལ་མའི་ལྷ་ཁང་གསར་དུ་བཞེངས།རབ་བྱུང་བཅུ་གཉིས་པའི་ནང་དུ་གཏེར་སྟོན་ཉི་མ་གྲགས་པ་འདན་ཡུལ་དུ་ཕེབས་ནས་སྔར་གྱི་སྒྲོལ་སྐུ་གསུང་འབྱོན་མ་གཏེར་གྱི་ཚུལ་དུ་སྤྱན་དྲངས་ནས།ཆོ་འཕྲུལ་ཟླ་བའི་ཚེས་བཅོ་ལྔའི་ཉིན་སྐྱེ་འགྲོ་ཤིན་ཏུ་མང་བ་ལ་དབང་དང་བྱིན་རླབས་བསྩལ་བས་སྒྲོལ་མའི་གཏེར་དབང་ཞེས་པའི་མཚན་སྙན་ཁྱབ།ད་ལྟ་ཡང་རྒྱ་བཟའ་ཀོང་ཇོས་བསྣམས་པའི་ཀློང་ཐང་སྒྲོལ་མ་གསུང་འབྱོན་མ་དང་།རྒྱལ་དབང་ལྔ་པས་གནང་བའི་སྒྲོལ་མ་ང་འགྲོ་གསུང་འབྱོན་མ།ཕོ་ལྷ་བ་མི་དབང་བསོད་ནམས་སྟོབས་རྒྱལ་གྱིས་གནང་བའི་སྒྲོལ་མའི་སྐུ་བརྙན་བཅས་གསུམ་ཀ་ད་ལྟ་དངོས་སུ་བཞུགས།

         པཎ་ཆེན་སྨྲྀ་ཏི་ཛྙཱ་ན་ཀིརྟིས་སྐུ་ཚེའི་མཇུག་ཏུ་འདན་ཡུལ་དུ་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པར་མ་ཟད།ཀློང་ཐང་དུ་མངོན་པ་མཛོད་ཀྱི་བཤད་པ་རྒྱ་ཆེར་མཛད་པས་མཁས་པ་ཆེན་པོ་ཤེས་རབ་གྲགས་སོགས་མཁས་བཙུན་གྱི་སློབ་མ་མང་དུ་འདུས་ཤིང་།དེ་དག་གིས་བཤད་ཉན་གྱི་རྒྱུན་བསྲིངས་པས་མངོན་པ་འོག་མའི་བསྟན་པ་གཞིར་བཞེངས་སུ་བཏང་།གསང་བ་འདུས་པ་དང་།ཡེ་ཤེས་ཞབས་ལུགས་འཆད་སྤེལ་མཛད་པས་འདུས་པ་ཁམས་ལུགས་སུ་གྲགས་པ་བྱུང་།མཐར་དྲན་ཐང་དུ་ཞིང་བརྗེས་པའི་སྐུ་གདུང་རིང་བསྲེལ་གྱི་སྙིང་པོ་ཅན་ད་ལྟ་ཡང་བཞུགས།གཞན་ཡང་གནས་མཆོག་སེང་གེ་གནམ་རྫོང་གི་གཡོན་ཟུར་ལྷ་ལུང་ཕུག་པ་ན་ལྷ་ལུང་དཔལ་གྱི་རྡོ་རྗེ་དེར་སྐུ་གཤེགས་པའི་གདུང་འབུམ་དང་།ས་དཀར་དགོན་ན་འཇམ་དབྱངས་རིན་ཆེན་རྒྱལ་མཚན་གྱི་གདུང་འབུམ་བཞུགས།

          འབའ་ག་ལ་ལ་རྒྱ་བཟའ་ཀོང་ཇོས་བཞེངས་པའི་ཆུ་ཁུར་ཐོག་མཆོད་རྟེན་དཀར་ཆུང་ཟེར་བ་ཞིག་ཡོད་པ་ཞིག་རལ་དུ་སོང་འདུག་ཅིང་།དེའི་ཉེ་འགྲམ་ནས་མཆོད་རྟེན་ཞིག་གསར་བཞེངས་བྱས་ཡོད།འདམ་ཐོག་དགོན་གྱི་གཡོན་ཟུར་སྒང་མགོ་ན་རྒྱ་བཟས་བཞེངས་པའི་མཆོད་རྟེན་ཐོག་བརྩེགས་བཅུ་གསུམ་ཅན་རྒྱལ་རྩེ་དཔལ་འཁོར་མཆོད་རྟེན་དང་མཚུངས་པ་མིང་ལ་གཡག་སྒང་མཆོད་རྟེན་ཟེར་བ་ཞིག་ཡོད་པ་ས་གཡོས་ཞིག་རལ་དུ་སོང་བ་དང་།གཤམ་འགུལ་དགོན་གྱི་མདུན་ཕྱོགས་ན་རྒྱ་བཟས་བཞེངས་པའི་རྒོད་བརྩེགས་མཆོད་རྟེན་ཟེར་བ་ཐོག་བརྩེགས་གསུམ་ཙམ་ཡོད་པ་བཅས་ཡོད།

        སྐྱུ་ར་ཁུལ་དུ་སྐྱུ་རའི་རྟེན་གཙོ་རྣམ་གསུམ་དུ་གྲགས་པ་སྔོན་རྒྱ་བཟའ་ཇིམ་ཤིང་ཀོས་ཇོའི་དུས་བྲག་ལ་བརྐོས་པའིི་འབིས་ཀྱི་རྣམ་པར་སྣང་མཛད་དང་།ཉེ་བའི་སྲས་ཆེན་བརྒྱད་ཀྱི་སྐུ་བརྙན།སྐྱུ་ར་རང་གི་སྟོབས་འབྱོར་གྱིས་བཞེངས་པའི་སྐྱུ་རའི་མཆོད་རྟེན་དམར་ཆུང་།སྐྱུ་རའི་སྟོབས་པོ་ཆེ་གནམ་སྦྱིན་དཀར་པོའི་རྟེན་སྐལ་དུ་ལྷ་རྣམས་ཀྱིས་གནང་བར་གྲགས་པའི་སྐྱུ་རའི་མཆོད་རྟེན་ཞེས་རྡོ་ལ་རང་བྱོན་དུ་བཞུགས་པ།གཞན་ཡང་ཕྱོགས་དེར་རྒྱ་བཟས་བྲག་ལ་བརྐོས་པའི་བྱམས་པ་ཁྲུ་བདུན་པ་དང་།བཟང་པོ་སྤྱོད་པའི་སྨོན་ལམ།རྡོ་རྗེ་གཅོད་པ་སོགས་ཀྱང་བཞུགས།འདན་གྱི་ཀློང་རོང་ཕུག་ཏུ་ད་ལྟ་བྲག་ལྷ་མོ་ཞེས་རྒྱ་བཟས་བྲག་ལ་བརྐོས་པའི་འོད་དཔག་གཙོ་འཁོར་གསུམ་པ་སོགས་ངོ་མཚར་ཆེ་བའི་རྟེན་གྱི་རྣམ་གྲངས་ཤིན་ཏུ་མང་བ་ཞིག་བཞུགས་པ་དེ་དག་སོ་སོ་ནས་སྨོས་ཀྱིས་ག་ལ་ལངས།

           ལྗོངས་འདིར་བསྟན་འགྲོའི་དོན་རླབས་པོ་ཆེ་མཛད་པ་ལ་མངའ་དབང་འབྱོར་པའི་དམ་པ་དག་གི་སྐུ་ཡི་སྐྱེ་བ་བཞེས་པ་ལ།རྗེ་འབངས་ཉེར་ལྔའི་ནང་ཚན་མི་བརྗེད་གཟུངས་ཐོབ་འདན་མ་རྩེ་མང་དང་།འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱི་བླ་མ་སེ་བཙུན།འབྲོམ་སྟོན་པའི་སློབ་མ་རྣལ་འབྱོར་གྱི་དབང་ཕྱུག་དཔལ་ལྡན་དགོན་པ་བའམ་མཚན་དངོས་དབང་ཕྱུག་རྒྱལ་མཚན།རྫོགས་ཆེན་གྱི་རྣལ་འབྱོར་པ་ཆེན་པོ་ཨ་གྲོ་ཡེ་ཤེས་འབྱུང་གནས།ས་ཆེན་ཀུན་དགའ་སྙིང་པོའི་བླ་མ་སྐྱུ་ར་ཨ་སྐྱབས།ས་ཆེན་གྱི་སློབ་མ་ཁམས་པ་ཨ་སེང་ངམ་ཨ་སེང་རྡོ་རྗེ་བསྟན་པ།ཨ་མེས་ཚུལ་ཁྲིམས་རྒྱ་མཚོ་དང་གཡུང་དྲུང་རྒྱ་མཚོ་མཆེད་གཉིས།ཨ་མེས་དང་ཨ་ཕྱི་ཆོས་ཀྱི་སྒྲོལ་མ་གཉིས་ཀྱི་སྲས་ནམ་མཁའ་དབང་ཕྱུག།དཔེ་ཀ་དབང་རྒྱལ།ནང་འགག་པ་བསོད་ནམས་དཔལ།དཀར་གདུང་གྲུ་བཞི་མཆེད་བཞི།ཧེ་རུ་ཀ་རྣལ་འབྱོར་པ་རྡོ་རྗེ།དེའི་སྲས་འབྲི་གུང་སྐྱོབས་པ་འཇིག་རྟེན་གསུམ་གྱི་མགོན་པོ།སྐྱོབས་པའི་དངོས་སློབ་འབྲི་གུང་སྤྱན་སྔ་ཆོས་གྲགས།གླིང་པ་ཤེས་རབ་འབྱུང་གནས།སྤྱན་སྔ་བསོད་སྙོམས་པ་རིན་ཆེན་བྱང་ཆུབ།སྤོས་བྱང་ཆུབ་གླིང་པ།རྒྱལ་སྲས་ཐོག་ཁ་བ་རིན་ཆེན་སེང་གེ།སྤྱན་སྔ་མཚམས་བཅད་པ་གྲགས་པ་བསོད་ནམས།སངས་རྒྱས་མཉན་པ་གྲུབ་ཆེན་བཀྲ་ཤིས་དཔལ་འབྱོར།ས་ཆེན་ཀུན་དགའ་སྙིང་པོའི་སློབ་མ་འདན་མ་རྡོར་རྒྱལ།ཆོས་རྒྱལ་འཕགས་པའི་ཞལ་སློབ་འདན་གྲུབ་ཐོབ་ནམ་མཁའ་ལེགས་པ།ནམ་མཁའ་ལེགས་པའི་སྐུ་དབོན་ནམ་མཁའ་བཀྲ་ཤིས་དང་།ནམ་མཁའ་དགེ་ལེགས་གཉིས།ངོར་ཆེན་ཀུན་དགའ་བཟང་པོའི་སློབ་མ་འདན་མ་དྲུང་ཀུན་དགའ་རིན་ཆེན།གོ་རམས་དངོས་སློབ་ལྡན་མ་ཤེས་རབ་སེང་གེ་དང་།འདན་མ་ཚེ་རྒྱལ་སྐྱབས་གཉིས།ངོར་དཀོན་མཆོག་ལྷུན་གྲུབ་ཀྱི་སློབ་མ་གླིང་དྲུང་པ་ཀུན་དགའ་འཕགས་པ།འཇའ་ལུས་མཁའ་སྤྱོད་པ་མཁན་ཆེན་དཔལ་ལྡན་དོན་ཡོད།ཞུ་ཆེན་མ་ཧཱ་པཎྜི་ཏ་ཚུལ་ཁྲིམས་རིན་ཆེན།རྟགས་འཕེལ་སྐུ་སྐྱེ་བཞི་པ་བཀའ་བརྒྱུད་བསྟན་འཛིན།རྫོགས་ཆེན་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ།[འདི་གཉིས་འདན་ར་ཁོ་དཔོན་ཚང་སར་འཁྲུངས།]རྗེ་ཙོང་ཁ་པའི་དངོས་སློབ་འདན་མ་ཡོན་ཏན་དཔལ།རྒྱལ་དབང་སྐུ་ཕྲེང་དགུ་པ་ངག་དབང་ལུང་རྟོགས་རྒྱ་མཚོ།རྒྱལ་བའི་ཡོངས་འཛིན་གླིང་རིན་པོ་ཆེ།དབེན་ཐོག་སྟོང་དཔོན་བླ་མ་རསྨི་དྷྭ་ཛ།འདན་མ་ཤ་ཁྲིད་གྲུབ་ཆེན།ཚེ་བྷྲཱུཾ་ཀརྨ་བསྟན་འཕེལ།འབྲུ་མཁན་ཆེན་འཇམ་དབྱངས་གྲགས་པ།མཉན་པ་སྐུ་རབས་དགུ་པ་ཀརྨ་བཤད་སྒྲུབ་བསྟན་པའི་ཉི་མ།དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་རབ་གསལ་ཟླ་བ།ཀརྨ་པ་བཅུ་དྲུག་པ་རང་བྱུང་རིག་པའི་རྡོ་རྗེ།གདོང་ཚང་ཞབས་དྲུང་རིན་པོ་ཆེ།རྫོགས་ཆེན་དཔོན་སློབ་དྲུག་པ་ཐུབ་བསྟན་འཇིགས་བྲལ་ཚེ་དབང་རྡོ་རྗེ།རྫ་དྲེལ་དཀར་སྐུ་ཕྲེང་ལྔ་པ་ཕྲིན་ལས་རྣམ་རྒྱལ།ཞྭ་དམར་ཅོད་ཅན་འཛིན་པ་བཅུ་གཉིས་པ་ཀརྨ་གྲགས་པ་ཕྱོགས་ལས་རྣམ་རྒྱལ།ཨ་ཐུབ་སྤྲུལ་སྐུ་ཐེག་མཆོག།ཁྲ་ལེགས་སྐྱབས་མགོན་བརྒྱད་པ་ཀརྨ་བཤད་སྒྲུབ་ཆོས་ཀྱི་ཉི་མ།ཚབ་ཚ་སྒྲུབ་རྒན་བདུན་པ་བདུད་འདུལ་ཉི་མ།པད་སྙིང་སྐུ་རབས་ལྔ་པ་བསྟན་འཛིན་ཀརྨ་ངག་དབང་རྒྱ་མཚོ།རི་འགུལ་སྐུ་རབས་གསུམ་པ་ཀརྨ་བསྟན་འཛིན་འགྱུར་མེད།སྟག་རིན་ཆེན་དཔལ།ཇ་ཆུ་གྲུབ་ཚ་བཞི་པ་ཀརྨ་བསྟན་འཛིན་རྣམ་རྒྱལ་ཕུན་ཚོགས།སྤོ་བོ་ཆོས་རྫོང་སྤྲུལ་སྐུ།གད་ཐོག་སྤྲུལ་སྐུ་འཇིགས་མེད་དབང་པོ།རབ་བཀྲམ་བླ་མ་དམ་ཆོས་འོད་ཟེར།གླིང་བློན་འགྱུར་མེད་ཐུབ་བསྟན་གྲགས་པ།གཏེར་སྟོན་ཆེན་པོ་རིག་འཛིན་ཆོས་ཀྱི་དབང་ཕྱུག།འདན་གཏེར་ཛྙཱ་ན་གླིང་པ།དེའི་སྲས་འཇམ་རྒྱལ་མཆོག་སྤྲུལ་ཀུན་དགའ་ཚུལ་ཁྲིམས་སོགས་བསྟན་པ་ལ་འཛིན་སྐྱོང་སྤེལ་གསུམ་གྱིས་བྱ་བ་བྱེད་པའི་མཁས་གྲུབ་སྐྱེས་ཆེན་ཤིན་ཏུ་མང་པོ་ཞིག་འཁྲུངས་ནའང་སོ་སོ་ནས་བརྗོད་པར་ག་ལ་ལངས།

           བསྟན་པའི་གཞི་མ་དགེ་འདུན་འདུ་བའི་ཆོས་སྡེ་ཇི་ལྟར་བཞུགས་པ་ལ།འབྲུ་ཚེ་བྷྲཱུཾ་བསྟན་གཉིས་དར་རྒྱས་གླིང་།[འབྲི་གུང་བཀའ་བརྒྱུད།]མཁར་མགོ་བཤད་སྒྲུབ་དར་རྒྱས་གླིང་།[འབྲུག་པ་བཀའ་བརྒྱུད།]བན་ཆེན་ཕུན་ཚོགས་དར་རྒྱས་གླིང་།ཁྲ་འགུ་བཀྲ་ཤིས་བཤད་སྒྲུབ་དར་རྒྱས་གླིང་།འབིས་ཁོག་རྣམ་པར་སྣང་མཛད།སྐྱུ་ར་བྱང་ཆུབ་གླིང་།[འབྲི་གུང་བཀའ་བརྒྱུད།]ཀླུ་དཀྱིལ་བསམ་འགྲུབ་གླིང་།[འབྲི་གུང་བཀའ་བརྒྱུད།]བཀྲ་ཤིས་ཉི་ཤར་མེ་རི་དགོན།རྩེ་རེ་དགོན་བཀྲ་ཤིས་ཆོས་གླིང་།[འབྲི་གུང་བཀའ་བརྒྱུད།]གའུ་བསམ་གཏན་ཆོས་གླིང་།[འབྲི་གུང་བཀའ་བརྒྱུད།]གཤམ་འགུལ་བཀྲ་ཤིས་ཆོས་འཁོར་གླིང་།དྲན་ཐང་ཆོས་འཁོར་གླིང་།བཀྲ་ཤིས་རྣམ་རྒྱལ་དགོན།འབར་ནང་རྡོ་བཏེག་བཀྲ་ཤིས་ཉི་ཤར་དགོན་[འབྲུག་པ་བཀའ་བརྒྱུད།]བཅས་འགྲོ་མགོན་བཀའ་བརྒྱུད་པའི་དགོན་སྡེ་ཁག་བཅུ་བཞི་དང་།འདན་སྟོད་རིན་ཆེན་གླིང་དང་།འདམ་ཐོག་བདེ་ལྡན་བསམ་འགྲུབ་གླིང་།འབུར་ལེགས་ཐུབ་བསྟན་དར་རྒྱས་གླིང་།ཆོས་སྡེ་འོད་གསལ་དགོན།ཤུག་ར་བསམ་གཏན་གླིང་།ས་དཀར་བསམ་འགྲུབ་གླིང་བཅས་དཔལ་ལྡན་ས་སྐྱ་པའི་དགོན་སྡེ་ཁག་དྲུག་དང་།ཀློང་ཐང་སྒྲོལ་མ་ལྷ་ཁང་།ཀ་ཕུ་བསམ་འགྲུབ་གླིང་།ཁྲི་ཐོག་ཐུབ་བསྟན་དར་རྒྱས་གླིང་།ཐུབ་བསྟན་ཆོས་འཁོར་གླིང་།གདོང་རྫོང་དགོན།[ཆོས་འཁོར་དགོན་པའི་དགོན་ལག།]དབོན་ཐོག་སྡེ་དགོན་དགོན།[ས་དགེ་གཉིས་འདྲེས་ཀྱི་དགོན་པ་ཞིག།]ཀ་བཞི་ཉིན་རྫོང་དགོན།རྨ་མགྲིན་ཐུབ་བསྟན་བྱང་ཆུབ་གླིང་།གྲུ་པ་དགོན་བཀྲ་ཤིས་ཆོས་འཁོར་གླིང་།འབར་དྷ་དགོན་བསམ་འགྲུབ་གླིང་སྟེེ་རི་བོ་དགའ་ལྡན་པའི་དགོན་སྡེ་ཁག་བརྒྱད་བཅས་སྡོམ་དགོན་སྡེ་ཁག་ཉི་ཤུ་རྩ་བརྒྱད་ཙམ་བཞུགས།

              མདོ་ཁམས་འདན་མའི་ཡུལ་འདིར་སྟོབས་ཀྱིས་མངའ་དབང་བསྒྱུར་བའི་དཔོན་ཁག་གི་རིགས་ཇི་ལྟར་བྱུང་བ་ནི།དཔལ་ས་སྐྱ་པ་དང་།གླིང་ཚང་དཔོན།སྒ་ཨ་གཉན་དམ་པ།ཨ་གྲོ་དཔོན།དགེ་རྒྱས་དཔོན།བེ་རི་དཔོན།ཆོས་སྡེ་དྲུང་པ།ཆོས་འཁོར་དཔོན།ཀ་བཞི་བ།མཁར་དམར་བ།ཚེ་བྷྲཱུྂ་པ།རབ་བཀྲམ་དྲུང་པ།མགོ་ཟི་ཁྲ་ལེབ་དབོན་པོ།སོག་པོ་རྟ་ཁྲབ་ཅན།སོག་པོ་ཁོ་ཤུས་ཆི་དང་མཁའ་འགྲོ་ཅན་སོགས་དཔོན་ཆེན་དང་དཔོན་ཕྲན་མང་པོས་བདག་གིར་བྱས་པའི་ཚུལ་གྱི་ལོ་རྒྱུས་ཞིབ་པ་ཞུ་ཆེན་མ་ཧཱ་པཎྜི་ཏ་ཚུལ་ཁྲིམས་རིན་ཆེན་གྱིས་མཛད་པའི་ཆོས་སྡེའི་གཙུག་ལག་ཁང་གཞན་འཕྲུལ་མངོན་པར་དགའ་བ་ཞེས་བྱ་བ་བསྐྲུན་པ་ལས་འཕྲོས་པའི་གླེང་བ་ཀུན་དགའི་འཛུམ་ཟེར་འཛག་པའི་ཟླ་གཞོན་ཞེས་བྱ་བ་ལས་ལེགས་པར་བཤད་ཡོད་པ་ལྟར་ལ།

ཕྱིས་འདིར་བོད་གཞུང་དང་སྡེ་དགེ་གླིང་ཚང་གསུམ་གྱི་དཔོན་ཚང་ཇི་ལྟར་ཡོད་པ་ནི།འདན་ཆོས་འཁོར་ཕྱོགས་ན་མཉན་ཆོས་འཁོར་དཔོན་ཚང་།ར་ཁོ་ཐང་ན་ར་ཁོ་དཔོན་ཚང་བཅས་དང་།སྡེ་དགེའི་མདུན་སྐོར་ལ་འདན་ལོ་ཆུང་ནང་ན་ཨ་ཐུབ་ཚང་དང་།ཆུ་རྡོ་ཚང་གཉིས་དང་།རྟ་མདའ་གྲོང་ན་གཟིམས་དཔོན་ཡར་ལོག་ཚང་།དགོན་གསར་རམ་ཤིང་འཛེར་ནང་ན་གཟིམས་དཔོན་མར་ལོག་ཚང་།དབོན་ཐོག་གྲོང་ན་དབོན་ཐོག་ཚང་།ཆོས་སྡེ་སྲིབ་ཉ་མཁར་ནང་ན་དྲན་འཁོར་ཚང་བཅས་དྲུག་དང་།འདན་ཁོག་ཕར་རི་ས་དཀར་གྲོང་ན་འདན་དིལ་མགོ་ཚང་བཅས་འདན་མའི་གཟིམས་ཁག་བདུན་ཞེས་གྲགས་པ་དང་།ཆོས་སྡེ་དགོན་ཞབས་ཆོས་སྡེ་གྲོང་ན་སྡེ་དགེའི་ཧོར་འདྲ་འགབ་པ་ཚང་བཅས་ཡོད།གླིང་ཚང་གི་ཇའི་ཚང་ལ་འབྲུ་ཁོ་ན་འབྲུ་ཁོ་ཚང་།ར་རུ་ནང་ན་ར་རུ་ཚང་།འབའ་ག་ན་འབའ་ག་ཚང་།ཁྲི་ཐོག་ན་དགོན་གསར་ཚང་།ཉག་རོང་སྟེགས་ན་ཉག་རོང་ཚང་།ལ་རྩ་ན་ལ་རྩ་ཚང་དང་།དིལ་མགོ་ཚང་།འོ་ལུ་ཚང་གསུམ།ཀློང་ཆུ་ཁ་ན་བོད་མོ་ཚང་བཅས་ཡོད་པར་སྣང་ངོ་།།

འདི་ནི་མདོ་ཁམས་འདན་མའི་ཡུལ་གྱི་གླིང་དཀར་ཕུ་ནུ་དག་གི་གནའ་ཤུལ་གྱི་སྐོར་རྣམས་ཅུང་ཟད་སྨྲས་པའི་ཞོར་ལ་འདན་མའི་ཡུལ་གྱི་བྱུང་བ་མདོ་ཙམ་ཞིག་བསྟན་པ་ཡིན་ཞིང་།སྒ་སྐྱུར་ལྡན་གསུམ་གྱི་བྱུང་བ་རྒྱས་པ་ནི་སྡེ་གཞུང་ལུང་རིགས་སྤྲུལ་སྐུ་བྱམས་པ་ཀུན་དགའ་བསྟན་པའི་ཉི་མས་མཛད་པའི་བོད་ལྗོངས་མདོ་ཁམས་སྒ་ལྡན་སྐྱུར་གསུམ་གྱི་བྱུང་ཚུལ་ཉུང་བསྡུས་གཏམ་གྱི་ས་བོན་དང་།སྒ་འདན་སྐྱུར་གསུམ་དུ་བྱོན་པའི་དམ་པ་སོ་སོའི་རྣམ་ཐར།འདན་གྱི་དགོན་སྡེ་ཉེར་བརྒྱད་ཀྱི་ལོ་རྒྱུས་སོགས་གཞན་ལས་ཤེས་པར་བྱའོ།།

སྔོན་རབས་འདས་པའི་དུས་ནས་གསལ་བ་ཡི།།

ཡོད་རབས་གླེང་བའི་གཏམ་གྱི་ཕྲེང་བ་འདི།།

དུས་རབས་འདི་ལ་བསམ་ན་དགོས་པ་དང་།།

ཕྱི་རབས་པ་ལ་བསམ་ན་གསེར་ལས་ཕོངས།།

      ཞེས་བོད་ཆུ་སྦྲུལ་ལོའི་དབྱར་ཟླ་ར་བའི་གཞུང་ནས་སློབ་མཚམས་དང་བསྟུན་ཟླ་བ་ཕྱེད་གཉིས་ཙམ་གྱི་རིང་ལ་གླིང་རག་སྟག་ཁོག་དང་།སྒ་སྐྱུར་འདན་གསུམ།སྒོམ་སྡེ་ནང་ཆེན།བོད་ལྗོངས་འཇོ་མདའི་ཕྱོགས་བཅས་ཀྱི་ས་གནས་ཁག་མང་པོར་ཆེད་དུ་མཇལ་སྐོར་ལ་སོང་བའི་སྐབས།ལོ་རྒྱུས་སྨྲ་བའི་སྤོབས་པ་ཅུང་ཟད་ཐོབ་པའི་རབ་བརྟན་པ་དགེ་ལེགས་ཕུན་ཚོགས་པས་མདོ་ཁམས་འདན་མའི་ཡུལ་གྱི་ཁྲ་མོ་གླིང་དང་འབྲེལ་བའི་གནའ་ཤུལ་ཇི་ལྟར་མཐོང་ཞིང་ཐོས་པ་རྣམས་ཕྱོགས་གཅིག་ཏུ་བཀོད་པ་སྣོད་བཅུད་ཕན་བདེའི་པདྨོ་རྟག་ཏུ་འཛུམ་པའི་རྒྱུར་གྱུར་ཅིག།།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1