མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་ཡེ་མིན་གྱི་ཞལ་འདེབས་ཁས་ལེན་ཚོགས་འདུའི་དངུལ་བསྡུའི་མཇུག་འབྲས་ལ་ཡིད་ཕངས་པའི་ཚུལ་བསྟན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 03-03



        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་ཡིས་ཚེས་གཅིག་ཉིན་གསལ་སྒྲོག་སྤེལ་ཏེ། ཡེ་མིན་མི་ཆོས་ཉམས་ཉེན་གྱི་མཐོ་རིམ་བརྙན་རིས་རྣམ་པའི་ཞལ་འདེབས་ཁས་ལེན་ཚོགས་འདུ་ཡིས་ཉིན་དེར་མེ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་བདུན་ཙམ་གྱི་མ་དངུལ་བསྡུས་ཡོད་པ་དང་། མཇུག་འབྲས་དེ་ནི་ཡིད་ཕངས་པ་ཞིག་རེད་ཟེར། 
        མཉམ་འབྲེལ་རྒྱལ་ཚོགས་དང་སུའེ་ཏེན། སུའེ་ཙེར་བཅས་ཀྱིས་ཚེས་གཅིག་ཉིན་མཉམ་དུ་ཉིས་སྟོང་ཉེར་གཅིག་ལོའི་ཡེ་མིན་མི་ཆོས་ཉམས་ཉེན་གྱི་རིམ་པ་མཐོ་བའི་ཞལ་འདེབས་ཁས་ལེན་ཚོགས་འདུ་བསྡུས། ཚོགས་ཞུགས་མཁན་གྱིས་མེ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་དྲུག་བྱེ་བ་བདུན་ཞལ་འདེབས་སུ་འབུལ་རྒྱུ་ཁས་ལེན་བྱས་པ་དང་། དེ་ད་ལོར་ཡེ་མིན་གྱི་མི་ཆོས་ཉམས་ཉེན་ཐག་གཅོད་བྱེད་པར་མཁོ་བའི་མེ་སྒོར་ཐེར་འབུམ་གསུམ་དང་དུང་ཕྱུར་བརྒྱད་བྱེ་བ་ལྔར་བསླེབ་པར་བར་ཐག་ཆེན་པོ་ཡོད། 
        ཀུའུ་ཐི་ལེ་སི་ཡིས་ཞལ་འདེབས་ཁས་ལེན་ཚོགས་འདུའི་རྗེས་སུ་གསལ་སྒྲོག་སྤེལ་ཏེ། ཡེ་མིན་གྱི་མང་ཚོགས་མང་བོར་བྲེལ་མྱུར་རོགས་སྐྱོར་ཐོབ་ན་ད་གཟོད་འཚོ་སྡོད་ཐུབ་པ་དང་། རོགས་སྐྱོར་ལ་ཚོད་འཛིན་བྱས་ན་ཁོ་ཚོར་སྲོག་ཁྲིམས་བཅད་པ་དང་གཅིག་འདྲ་ཡིན་ཟེར། ཁོས་བཤད་རྒྱུར། གཏོང་ཕོད་ཆེན་པོས་ཞལ་འདེབས་འབུལ་མཁན་ལ་བཀའ་དྲིན་ཞུ་བཞིན་ཡོད་ལ། ཕྱོགས་ཁག་གཞན་པས་ཀྱང་ཡང་བསྐྱར་འགུལ་སྐྱོད་གང་འདྲ་སྤྱོད་པར་བསམ་བློ་བཏང་སྟེ། ལོ་ངོ་བཅུ་ཕྲག་འགའི་རིང་གི་འཛམ་གླིང་སྟེང་ཆེས་ཚབས་ཆེ་བའི་ལྟོགས་སྡུག་ཡེ་མིན་ནས་འབྱུང་བར་སྔོན་འགོག་བྱེད་དགོས་ཟེར། 
        མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་རིང་ལུགས་ལས་དོན་གྱི་འགན་ཁུར་བའི་དྲུང་ཡིག་ཆེན་མོ་གཞོན་པ་ལོ་ཁི་ཁི་ཡིས་ཞལ་འདེབས་ཁས་ལེན་ཚོགས་འདུའི་རྗེས་ཀྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། མ་དངུལ་སྔར་ལས་མང་བོ་བསྡུ་མ་ཐུབ་ན་ཡེ་མིན་གྱི་ལྟོགས་སྡུག་སྔོན་འགོག་བྱེད་ཐབས་མེད། མཉམ་འབྲེལ་རྒྱལ་ཚོགས་དང་སུའེ་ཏེན། སུའེ་ཙེར་བཅས་ཀྱིས་ཟླ་འགའི་རྗེས་སུ་ཡང་བསྐྱར་ཡེ་མིན་མི་ཆོས་ཉམས་ཉེན་གྱི་ཞལ་འདེབས་ཁས་ལེན་ཚོགས་འདུ་སྤེལ་ངེས་ཡིན་ཟེར། 
        མཉམ་འབྲེལ་རྒྱལ་ཚོགས་ཕྱོགས་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། ཡེ་མིན་དུ་མི་བྱེ་བ་གཉིས་ལྷག་ལ་མི་ཆོས་རོགས་སྐྱོར་མཁོ་བ་དང་། དེའི་ནང་མི་བྱེ་བ་གཅིག་དང་ས་ཡ་དྲུག་ལྷག་ལ་ད་ལོར་ཟས་རིགས་ཆད་པའི་ཉེན་ཁ་ཡོད་པར་མ་ཟད། མི་ཁྲི་ལྔ་ཙམ་ཤི་གསོན་གྱི་གནས་སུ་འཕག་འཚག་བྱེད་བཞིན་ཡོད། ཡེ་མིན་གྱི་ལྟོགས་སྡུག་སྔོན་འགོག་བྱེད་པ་ཁོ་ནར་ད་ལོར་མེ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་དགུ་མཁོ་བ་རེད་ཟེར། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1