གཙོ་ངོས།>> གསར་འགྱུར།>>སི་ཁྲོན་བོད་ཁུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྐྱིད་ལ་རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་གཏོར་གྱི་བྱ་དགའ་ཐོབ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༣ཚེས་༠༣ཉིན།

མཚོ་སྐྱིད་ལ་རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་གཏོར་གྱི་བྱ་དགའ་ཐོབ།


     སྤྱི་ཟླ་2ཚེས་25ཉིན་གྱི་སྔ་དྲོ་དབུལ་སྒྲོལ་འགག་གཏོར་གྱི་ཕྱོགས་སྡོམ་གཟེངས་བསྟོད་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་གཟབ་རྒྱས་ངང་འཚོགས་པ་དང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་གཏོར་བྱ་གཞག་ཐད་ཕྱོགས་སྡོམ་གནང་ཡོད།

       ཐེངས་འདིར་རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་གཏོར་གྱི་ཕྱོགས་སྡོམ་གཟེངས་བསྟོད་ཚོགས་ཆེན་ཐོག སི་ཁྲོན་ཞིང་ཆེན་རྔ་པ་ཁུལ་ནས་ཡོང་བའི་གཞི་རིམ་གྱི་ཁ་གཏད་རོགས་སྐྱོར་ལས་བྱེད་པ་མཚོ་སྐྱིད་ལ་རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་གཏོར་གྱི་སྔོན་ཐོན་མི་སྒེར་གྱི་བྱ་དགའ་ཐོབ་འདུག


       མཚོ་སྐྱིད་ནི་སི་ཁྲོན་ཞིང་ཆེན་རྔ་པ་ཁུལ་ཛམ་ཐང་རྫོང་ནས་ཡིན་ཞིང་། སྤྱི་ལོ་2012ལོར། ཁོང་མོས་ཐོག་མར་རྔ་པ་ཁུལ་རྔ་པ་རྫོང་སྤྲོ་ཚིགས་ཤང་མི་དམངས་སྲིད་གཞུང་དུ་ལས་ཀ་བྱེད་འགོ་ཚུགས་པ་དང་། སྔ་རྗེས་སུ་གཅའ་གྲོང་རྡལ་མི་དམངས་སྲིད་གཞུང་དང་། རྔ་པ་རྫོང་ཨུད་གཞུང་ལས་ཁང་བཅས་སུ་ལས་ཀ་སྒྲུབ་མྱོང་ཡོད་ལ། སྤྱི་ལོ་2017ལོ་ནས་ད་ལྟའི་བར་ཀྲུང་གུང་རྔ་པ་རྫོང་ཨུད་གཞུང་ལས་ཁང་དུ་ལས་གཉེར་བྱེད་བཞིན་ཡོད།
       སྤྱི་ལོ་2018ལོའི་དགུན་དུས་སུ། མཚོ་སྐྱིད་ཁོང་ཉིད་ལོ་རྟ་ཤང་ཤོག་དགུ་སྡེ་བའི་གཞི་རིམ་གྱི་འབྲེལ་གཏུག་དུད་ཁྱིམ་དུ་བསྐྱོད་དེ་འཚོ་བའི་ཐད་འཚམས་འདྲི་དང་ཁ་གཏད་རོགས་སྐྱོར་བྱེད་སྐབས། ཁོང་མོའི་ཁ་གཏད་དབུལ་སྐྱོར་བྱ་ཡུལ་གྱི་བུ་མོ་ཆུང་ཆུང་སངས་སྒྲོན་གྱི་ཁར་སྐྱོན་ཡོད་པ་མཐོང་བས། ཁོང་མོའི་སེམས་ལ་བུ་མོ་དེར་ངེས་པར་དུ་རོགས་སྐྱོར་བྱ་རྒྱུའི་སེམས་ཤུགས་དང་རེ་འདུན་ཞིག་སྐྱེས། དེ་རྗེས། མཚོ་སྐྱིད་ཀྱིས་བྱ་ཐབས་སྣ་ཚོགས་བརྒྱུད་ནས་མི་སྣ་མང་པོའི་རོགས་སྐྱོར་འོག སངས་སྒྲོན་ལ་སྨན་བཅོས་བྱས་པ་དང་སྔ་རྗེས་སུ་ཁོང་མོར་བཤགས་བཅོས་ཐེངས་གཉིས་བྱས་ཟིན་པ་དང་། སངས་སྒྲོན་ལོ་དགུར་སླེབས་དུས་ད་དུང་བཤགས་བཅོས་ཐེངས་གཅིག་བྱ་དགོས་ཀྱི་ཡོད་པ་རེད།

       ལོ་བརྒྱད་རིང་རྔ་པ་རྫོང་གི་གཞི་རིམ་དུ་དབུལ་སྐྱོར་བྱ་གཞག་ཐད་འབད་པ་ལྷོད་མེད་བྱས་པ་དང་། ཁོང་མོས་རང་གི་རྒྱུན་ལྡན་གྱི་ལས་ཀ་ལེགས་སྒྲུབ་བྱེད་པ་དང་ཆབས་ཅིག་རང་འགུལ་ངང་མི་ཧྲེང་རྒན་རྒོན་དང་གཞིས་ལུས་བྱིས་པ་སོགས་དམིགས་བསལ་ཅན་གྱི་མི་ཚོགས་ལ་སེམས་ཁུར་བྱས་ཏེ། ཁོང་ཚོའི་སྐྲ་བཀྲུ་བ་དང་གཟུགས་པོ་བཀྲུ་བ། ཁ་ལག་བཟོ་བ་བཅས་རྒྱུན་ལྡན་གྱི་འཚོ་བ་དང་འཕྲོད་བསྟེན་སོགས་ཐད་རོགས་སྐྱོར་མཐའ་འཁྱོངས་བྱས་པས་གྲོང་མི་ཚོས་"རང་གི་བུ་མོ་ལས་ཀྱང་སྙིང་ཉེ་བའི་ལས་བྱེད་པ་"ཞེས་བརྗོད་ཀྱི་ཡོད།


       མཚོ་སྐྱིད་རྒྱུན་དུ་འགྲོ་དགོས་པའི་ས་ཁུལ་དེ་དག་ནི་ཐག་རིང་འབྲོག་ཁུལ་ཤང་གྲོང་དག་ཡིན་ཞིང་། ས་ཁུལ་དེ་དག་ལ་རྒྱུན་ཏུ་གངས་གསོག་ཐེབས་པ་སོགས་ཀྱི་རྐྱེན་པས་འགྲོ་ལམ་བདེ་པོ་མེད་མོད། འོན་ཀྱང་ཁོང་ནས་ཆུང་དུས་སུ་འབྲོག་ཁུལ་དུ་འཚོ་བ་བསྐྱལ་བའི་ཉམས་མྱོང་ལ་བརྟེན་ནས། རྒྱུན་པར་རྟ་བཞོན་ནས་ཐག་རིང་འབྲོག་རར་བསྐྱོད་དགོས་པས། ལས་འགན་ལྕི་བའི་དུས་སུ་ཟླ་བ་གཉིས་དང་གསུམ་ནང་ཁྱིམ་དུ་ཐེངས་གཅིག་ཀྱང་ལོག་ཐུབ་ཀྱི་མེད། མིག་སྔར་ཁོང་མོས་མུ་མཐུད་བློ་བརྟན་འགྱུར་མེད་ཀྱིས་ལས་གནས་བརྟན་སྲུང་བྱེད་པ་དང་། མུ་མཐའ་མེད་པའི་རྩྭ་ཐང་ཐོག་ཁོང་མོའི་རྟ་ཕོའི་རྨིག་སྒྲ་བར་མི་ཆད་པར་གྲགས་ཀྱི་ཡོད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1