ཞིང་ལས་ཞིང་སྡེ་པུའུ་ཡིས་བྱེད་ཐབས་ལྔ་སྤྱད་དེ་དེང་རབས་ཞིང་སྡེའི་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་དགོས་པར་བསྟན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 03-04


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཞིང་ལས་ཞིང་སྡེ་པུའུ་ཡིས་ཉེ་སྔོན་ཆེད་དམིགས་ཚོགས་འདུ་བསྡུས་ཏེ་ཞིང་སྡེའི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་བར་ཞིབ་འཇུག་བྱས། ཚོགས་འདུའི་སྟེང་བྱེད་ཐབས་ཆེན་པོ་ལྔ་ལ་བརྟེན་ནས་ཕྱོགས་ཡོངས་ནས་དེང་རབས་ཞིང་སྡེའི་ཐོན་ལས་མ་ལག་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་སྟེ། ཞིང་སྡེའི་ཐོན་ལས་ཕྲེང་འབྲེལ་དང་མཁོ་འདོན་ཕྲེང་འབྲེལ་གྱི་དེང་རབས་ཅན་ཆུ་ཚད་ཇེ་མཐོར་གཏོང་དགོས་པར་བསྟན།
        ཞིང་ལས་ཞིང་སྡེ་པུའུ་ཡིས་བསྟན་དོན། དེང་རབས་ཞིང་སྡེའི་ཐོན་ལས་མ་ལག་སྐྲུན་པར་ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་ཀྱི་མཉམ་འདྲེས་འཕེལ་རྒྱས་ཐབས་ལམ་དུ་བྱས་ནས། འཆར་འགོད་དང་སྟེགས་བུ། ཁེ་ལས། རྒྱུ་ཆ། ལམ་ལུགས་བཅས་ཕྱོགས་ཆེན་པོ་ལྔ་ནས་ནུས་ཤུགས་འདོན་དགོས། བྱེ་བྲག་གི་ནང་དོན་ལ་ས་གནས་སོ་སོས་ལོ་ལྔའི་འཆར་གཞི་བཅུ་བཞི་པའི་ཞིང་སྡེའི་ཐོན་ལས་འཕེལ་རྒྱས་འཆར་འགོད་དང་བཟོ་འགོད་ལེགས་པོ་བྱ་རྒྱུ་དང་། སྡེ་བ་རེར་ཐོན་རྫས་རེའི་དཔེ་སྟོན་ཞིང་གྲོང་དང་། ཞིང་ལས་ཐོན་ལས་སྟོབས་ལྡན་གྲོང་རྡལ། དེང་རབས་ཞིང་ལས་ཐོན་ལས་གླིང་། སྤུས་ལེགས་ཁྱད་ལྡན་ཐོན་ལས་ཁྱུ་ཚོགས་དང་ཞིང་ལས་ཐོན་རྫས་ལས་སྣོན་གླིང་དང་རང་ཡུལ་དུ་ལོག་པའི་ལས་སྐྲུན་གླིང་བཅས་འཛུགས་སྐྲུན་བྱེད་པ། སྣེ་འདྲེན་ཁེ་ལས་འཕེལ་རྒྱས་སུ་གཏོང་བ་དང་ཞིང་ལས་ཐོན་ལས་ཅན་གྱི་མཉམ་འབྲེལ་ཚོགས་པ་སྐྱེད་སྲིང་བྱས་ཏེ། ཞིང་སྡེ་ཐོན་ལས་འཕེལ་རྒྱས་ཀྱི་ས་ཞིང་སྤྱོད་དཀའ་བ་དང་དངུལ་བུན་བསྐྱི་དཀའ་བའི་གནད་དོན་ཐག་གཅོད་བྱས་ཏེ། གན་རྒྱའི་རྣམ་པ་དང་ཁེ་སྤོག་བགོ་བའི་རྣམ་པ། མ་རྐང་རྣམ་པའི་ཁེ་ཕན་ཟུང་འབྲེལ་བྱེད་ཐབས་ཁྱབ་གདལ་དུ་བཏང་སྟེ། ཞིང་བར་ལས་ཀ་ལས་རྒྱུ་ཡོད་པ་དང་ཡོང་སྒོ་སྐྲུན་ཐུབ་པར་བྱེད་པ་བཅས་འདུས།
        ཞིང་ལས་ཞིང་སྡེ་པུའུ་ཡིས་བསྟན་དོན། 《རྒྱལ་ཡོངས་ཀྱི་ཞིང་སྡེ་ཐོན་ལས་འཕེལ་རྒྱས་འཆར་འགོད(2020-2025ལོ)》ལག་བསྟར་ཡག་པོ་བྱས་ཏེ། ཞིང་སྡེའི་བྱེད་ནུས་རིན་ཐང་རྒྱ་བསྐྱེད་པ་དང་། ཐོན་ལས་རིན་ཐང་འཕར་བ་དང་ཕན་འབྲས་ལྡན་པའི་བར་སྟོང་རྒྱ་བསྐྱེད་དགོས། 2025ལོར་བསླེབ་དུས་ཞིང་ལས་ཐོན་རྫས་ཀྱི་ལས་སྣོན་ལས་རིགས་ཀྱི་ཚོང་གཉེར་ཡོང་སྒོ་སྒོར་དུང་ཕྱུར་ཁྲི32ལ་བསླེབ་རྒྱུ་དང་། ཞིང་ལས་ཐོན་རྫས་ཀྱི་ལས་སྣོན་འགྱུར་ལྡོག་གཏོང་ཚད80%བསླེབ་རྒྱུའི་འཆར་གཞི་ཡོད། དེ་མིན་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་བརྒྱ་ལས་བརྒལ་བ་དང་དུང་ཕྱུར་སྟོང་ལས་བརྒལ་བའི་སྤུས་ལེགས་ཁྱད་ལྡན་ཐོན་ལས་ཁྱུ་ཚོགས་སྐོར་ཞིག་སྐྱེད་སྲིང་བྱས་ཏེ། ཞིང་སྡེའི་ཁམས་གསེང་ཡུལ་སྐོར་གྱི་ལོ་རེར་ཡུལ་སྐོར་བ་སྣེ་ལེན་བྱེད་ཚད་མི་ཐེངས་དུང་ཕྱུར40གས་བརྒལ་རྒྱུ་དང་ཚོང་གཉེར་ཡོང་སྒོ་སྒོར་དུང་ཕྱུར་ཁྲི1.2ལས་བརྒལ་བར་བརྩོན་ལེན་བྱེད་དགོས།  །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1