རྒྱལ་ཡོངས་སྲིད་གྲོས་ཀྱི་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པ་པེ་ཅིང་དུ་འཚོགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 03-05



        རྒྱལ་ཡོངས་སྲིད་གྲོས་ཀྱི་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པ་པེ་ཅིང་དུ་འཚོགས་འགོ་ཚུགས་པ་དང་། ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲེན་ཧྲུའུ། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅེ། ཧན་ཀྲེང་། ཝང་ཆི་ཧྲན་བཅས་གྲོས་ཚོགས་ལ་ཞུགས་ཏེ་བཀྲ་ཤིས་བདེ་ལེགས་ཞུས་པ་དང་། ཝང་ཡང་གིས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུ་གནང་བ། ཀྲང་ཆིང་ལིས་གཙོ་སྐྱོང་གནང་བ། ཀུའུ་ཧྲེང་ཙུའུ་ཡིས་གྲོས་གཞིའི་ལས་དོན་སྒྲུབ་ཚུལ་སྙན་ཞུ་གནང་བ།

 

     འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་གྲོས་ཚོགས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པ་དེ་སྤྱི་ཟླ་3པའི་ཚེས་4ཉིན་གྱི་ཕྱི་དྲོ་མི་དམངས་ཚོགས་ཁང་ཆེན་མོར་སྐོང་འཚོགས་བྱས་པ་རེད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་2100ལྷག་གིས་ཀྲུང་གུང་ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་ལ་གཞིགས་པ་དང་། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་རྩ་གནད་གཏན་འབེབས་དང་ལག་བསྟར་བྱ་རྒྱུར་གཅིག་སྡུད་བྱས་ཏེ། ལས་སྒྲུབ་འགན་ཁུར་ཏན་ཏིག་བྱེད་པ་དང་། སྲིད་སྐྱོང་ལ་ཐབས་འདོན་ལས་རོགས་ཧུར་ཐག་བྱེད་པ། ཐུན་མོང་ངོས་འཛིན་རྒྱ་ཁྱབ་ཐོག་གཅིག་སྡུད་བྱེད་པ་བཅས་ཀྱི་ཐོག་ནས། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་རྒྱུར་རྒྱལ་ཁ་གསར་པ་ལེན་ཆེད་དུ་བློ་གྲོས་དང་ནུས་ཤུགས་གཅིག་སྡུད་བྱས་ཡོད་པ་རེད།
     ཕྱི་དྲོའི་ཆུ་ཚོད་3པར། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་གྲོས་ཚོགས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པ་མི་དམངས་ཚོགས་ཁང་ཆེན་མོར་འཚོགས་འགོ་ཚུགས་པ་རེད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་2106ཚོགས་ཆེན་ཞུགས་ཡོད་པ་རེད།

     རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཡང་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆིང་ལི་དང་། ལིའུ་ཆི་པའོ། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ཏུང་ཅན་ཧྭ། ཝན་ཀང་། ཧོ་ཧོའུ་ཧྭ། ལུའུ་ཀྲེན་ཀུང་། ཝང་ཀྲེང་ཝེ། མ་པིའོ། ཁྲེན་ཞའོ་ཀོང་། ལེའང་ཀྲེན་དབྱིང་། ཞ་པའོ་ལུང་། ཡང་ཁྲོན་ཐང་། ལི་པིན། པ་ཐེར། ཝང་ཡུང་ཆིང་། ཧོ་ལི་ཧྥེང་། སུའུ་ཧུའེ། ཀྲེང་ཅན་པང་། ཀུའུ་ཧྲེང་ཙུའུ། ལིའུ་ཤིན་ཁྲེང་། ཧོ་ཝེ། ཧྲའོ་ཧུང་། ཀའོ་ཡུན་ལུང་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད་པ་རེད།


     ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲེན་ཧྲུའུ། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅེ། ཧན་ཀྲེང་། ཝང་ཆི་ཧྲན་སོགས་ཀྲུའུ་ཞི་སྟེགས་བུའི་ཐོག་བཞུགས་ཡོད་པ་དང་། ཚོགས་ཆེན་སྐོང་འཚོགས་བྱས་པར་བཀྲ་ཤིས་བདེ་ལེགས་ཞུས་ཡོད།

     ཀྲང་ཆིང་ལིས་ཚོགས་ཆེན་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་རེད། 


     ཚོགས་ཆེན་ཐོག་སྔོན་ལ་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པའི་གྲོས་རིམ་ལ་གྲོས་ཞིབ་བྱས་པ་མ་ཟད་གྲོས་འཆམ་བྱུང་ཡོད།

     ཝང་ཡང་གིས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ལ་ལས་དོན་སྙན་ཞུ་གནང་བ་རེད།


     ཝང་ཡང་གིས། སྤྱི་ལོ་2020ལོ་ནི་ཀྲུང་གོ་གསར་པའི་ལོ་རྒྱུས་ཐོག་སྤྱིར་བཏང་མིན་པའི་ལོ་ཞིག་ཡིན། ཛ་དྲག་རྙོག་འཛིང་ཆེ་བའི་དུས་བབ་ཀྱི་ལས་འགན་དང་སྔར་བྱུང་མྱོང་མེད་པའི་ཉེན་ཁ་དང་འགྲན་རྩོད་ཀྱི་མདུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་གནང་ནས། ཀུན་སེམས་གཅིག་སྒྲིལ་དང་དཀའ་སྤྱད་འབད་འཐབ། ཉེན་ཁ་གོ་སྐབས་སུ་བསྒྱུར་བ་བཅས་ཀྱིས་རིམས་འགོག་འཐབ་རྩོད་ལ་འཐབ་ཇུས་ཀྱི་གྲུབ་འབྲས་གལ་ཆེན་བླངས་ཡོད་པ་དང་། དབུལ་སྒྲོལ་འགག་གཏོར་ལ་ཁྱོན་ཡོངས་ནས་རྒྱལ་ཁ་ཐོབ་པ། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པ་ཐུགས་གྲ་ལེགས་སྒྲིག་ངང་མཇུག་བསྡུས་པ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཚར་བ་བྱེད་པར་ལོ་རྒྱུས་རང་བཞིན་གྱི་རླབས་ཆེན་གྲུབ་འབྲས་ཐོབ་པ་བཅས་ཀྱིས་མི་དམངས་འདོད་བློ་ཚིམས་པ་དང་འཛམ་གླིང་ཀུན་གྱི་དོ་སྣང་བྱེད་པ། ལོ་རྒྱུས་ཀྱི་ཟིན་ཐོར་འགོད་རུང་བ་བཅས་ཀྱི་གཟི་བརྗིད་གསར་པ་གཏོད་ཡོད་ཅེས་གསུངས་པ་རེད།

     ཝང་ཡང་གིས། ཀྲུང་གུང་ཀྲུང་དབྱང་གི་སྟོབས་ཆེའི་འགོ་ཁྲིད་འོག་སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་དང་། དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་། དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་གཅིག་འགྱུར་འཆར་འགོད་བྱ་རྒྱུར་གཞིགས་ཏེ། རང་འགན་ནན་ཏན་ངང་སྒྲུབ་པ་དང་། སྤྱི་ཚོགས་ཐོག་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་ལ་དམ་འཛིན་བྱེད་པ། བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ལམ་ལུགས་འཛུགས་སྐྱོང་ལ་དམ་འཛིན་དང་ལས་ཀའི་ཕན་ནུས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པའི་དམིགས་འབེན་མངོན་འགྱུར་ཡོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་བ་དང་། ཆེད་དོན་གྲོས་མོལ་ལས་ཁུངས་འཛུགས་སྐྱོང་ལ་རྣམ་པ་གསར་པ་མངོན་པ། ལྟེ་བའི་ལས་འགན་ལ་ཞབས་ཞུ་སྒྲུབ་པར་གྲུབ་འབྲས་གསར་པ་ཐོབ་པ། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོས་དམིགས་བསལ་གྱི་ལོ་ཟླ་འདིར་དམིགས་བསལ་གྱི་ལས་དོན་སྒྲུབ་ཡོད་ཅེས་བསྟན་ཡོད།

     ཝང་ཡང་གིས། ཕྱོགས་ལྔའི་ཐད་ནས་འདས་ཟིན་པའི་ལོ་གཅིག་གི་རྒྱལ་ཡོངས་སྲིད་གྲོས་ཀྱི་ལས་དོན་ལ་ཕྱོགས་སྡོམ་གནང་ཡོད་པ་སྟེ། གཅིག་ནས་རིགས་གཞུང་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། ཨུ་ཡོན་གྱི་དཔེ་ཀློག་བྱེད་སྒོ་གཏིང་ཟབ་སྤེལ་ནས་འདུ་ཤེས་བཞི་ཆེ་རུ་གཏོང་བ་དང་། བློ་སྤོབས་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ་བཅས་ཀྱི་བསམ་བློའི་རྨང་གཞི་སྔར་བས་བརྟན་དུ་བཏང་བ་དང་། གཉིས་ནས་གྲོས་མོལ་དང་འགན་སྒྲུབ་ཟབ་ཏུ་བཏང་ནས་གྲོས་མོལ་གྱི་རྣམ་པ་སྣ་ཚོགས་ནུས་ལྡན་ངང་སྤྱད་པ་དང་། དྲ་ཐོག་གི་སྲིད་གླེང་གི་བཟང་ཆ་འདོན་སྤེལ་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་རྒྱུན་རྣམ་ཅན་ལ་འགྱུར་བའི་ཆ་རྐྱེན་འོག འགན་སྒྲུབ་ཀྱི་བྱེད་སྒོ་ལྷུག་ཏུ་མི་གཏོང་བ་དང་། ཟང་ཟིང་དུ་མི་འགྱུར་བ། མཚམས་མི་ཆད་པ་བཅས་ཀྱི་འགན་ལེན་བྱེད་པ། གསུམ་ནས་ཨུ་ཡོན་གྱི་འཆད་ཁྲིད་དང་། གལ་ཆེའི་ཆེད་དོན་ལས་དོན་ཨུ་ཡོན་གྱི་སྒྲོག་འགྲེལ་ཚོགས་པ། སེམས་གཏམ་གླེང་བ་སོགས་ཀྱི་སྟེགས་བུ་མུ་མཐུད་འཐུས་སྒོ་ཚང་དུ་བཏང་བ་དང་། ཏང་ནང་ཁུལ་ནས་ཏང་ཕྱིའི་བར་དང་། ཨུ་ཡོན་ནས་རིགས་ཁོངས་མང་ཚོགས་བར་གྱི་ཐུན་མོང་ངོས་འཛིན་གཅིག་སྡུད་བྱེད་པའི་ལས་ཀའི་རྣམ་པ་འཐུས་སྒོ་ཚང་དུ་བཏང་ནས་མཐུན་སྒྲིལ་མཉམ་ལས་ཀྱི་དྲང་ནུས་གཅིག་སྡུད་བྱས་པ། བཞི་ནས་སྲིད་གྲོས་ཀྱི་ལས་དོན་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་ཀྲུང་དབྱང་གི་སྲིད་གྲོས་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་བྱ་རྒྱུ་དེ་གཏིང་ཟབ་དང་དངོས་སྒྲུབ་ཕྱོགས་སུ་འགྱུར་རྒྱུར་སྐུལ་འདེད་བཏང་བ། ལྔ་ནས་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཆེད་དོན་ཨུ་ཡོན་ལྷན་ཁང་གིས་རིགས་ཁོངས་ལ་འབྲེལ་གཏུག་དང་ཨུ་ཡོན་ལ་ཞབས་ཞུ་སྒྲུབ་པའི་ནུས་པ་འདོན་སྤེལ་བྱས་ཏེ་སྲིད་གྲོས་ལས་ཀའི་སྤུས་ཚད་དང་ཆུ་ཚད་མཐོ་རུ་བཏང་བ་བཅས་ཡིན་པ་རེད།

     ཝང་ཡང་གིས། སྤྱི་ལོ་2021ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་ལོ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་གསར་པ་འགོ་ཚུགས་པའི་ལོ་དང་པོ་ཡིན། མི་དམངས་སྲིད་གྲོས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་གུང་ཚོགས་ཆེན་བཅུ་དགུ་པ་དང་། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། གོང་འཕེལ་གྱི་དུས་མཚམས་གསར་པར་གཞི་ཚུགས་པ། གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བ། གོང་འཕེལ་གྱི་གནས་སྟངས་གསར་པ་གཏོད་པ། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་ཆེན་པོ་གཉིས་རྒྱུན་འཁྱོངས་བྱེད་པ། ཀྲུང་གུང་ཀྲུང་དབྱང་གི་སྲིད་ཇུས་མཛད་ཕྱོགས་དང་བཀོད་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱ་རྒྱུར་གཞིགས་ནས་ཐབས་དང་ཇུས་འདོན་པ་དང་། ཐུན་མོང་ངོས་འཛིན་གཅིག་སྡུད་བྱེད་བའི་ལས་དོན་ཡག་པོ་སྒྲུབ་པ། ཆུ་ཚད་མཐོ་པོས་འགན་སྒྲུབ་དང་སྤུས་ཚད་མཐོ་བའི་གོང་འཕེལ་ལ་ཞབས་ཞུ་སྒྲུབ་ཐོག ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པ་འགོ་ཡག་པོ་འཛུགས་པ་དང་གོམ་པ་བརྟན་པོ་སྤོ་བར་མང་ཚོགས་ཀྱི་བློ་རིག་དང་མང་ཚོགས་ཀྱི་སྟོབས་ཤུགས་གཅིག་སྡུད་ཐུབ་བྱ་དགོས་ཞེས་བསྟན་ཡོད་པ་རེད།

     ཝང་ཡང་གིས་ཕྱོགས་བཞིའི་ཐད་ནས་སྤྱི་ལོ་2021ལོའི་སྲིད་གྲོས་ལས་དོན་བཀོད་སྒྲིག་གནང་ཡོད་པ་སྟེ། གཅིག་ནས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་རྒྱུ་གཙོ་གནད་དུ་བཞག་སྟེ། བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་རྒྱུ་དང་། གཉིས་ནས་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པ་ལག་བསྟར་བྱ་རྒྱུར་ཞབས་ཞུ་སྒྲུབ་རྒྱུ་དེ་གཙོ་ཐིག་ལ་བཞག་ནས་གྲོས་མོལ་དང་། ཇུས་འདོན་གྱི་ཕན་འབྲས་ཆེ་རུ་གཏོང་རྒྱུ། གསུམ་ནས་མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོ་ཤུགས་ཆེར་གཏོང་བའི་དམིགས་ཡུལ་ཐོག་ནས་བློ་རིག་དང་སྟོབས་ཤུགས་གཅིག་སྡུད་ཡོང་བ་བྱ་རྒྱུ། བཞི་ནས་ལམ་ལུགས་དོན་འཁྱོལ་ལ་སྐུལ་འདེད་གཏོང་རྒྱུ་དེ་དམ་འཛིན་བྱེད་སར་བརྩིས་ནས་ལས་ཀའི་ཕན་འབྲས་མཐོ་རུ་གཏོང་དགོས་པ་བཅས་ཡིན་པ་རེད།

     ཝང་ཡང་གིས། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱིས་ཕྱོགས་བསྡུས་ཐོག་ནས་སྲིད་གྲོས་ཀྱི་ངོ་བོའི་ངེས་གནས་མཚོན་གྱི་ཡོད་པ་དང་། དེ་ནི་རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ཀྱི་འགོ་ཁྲིད་དེ་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་གོང་སྤེལ་དང་ཀྲུང་གོའི་བཅོས་སྐྱོང་འགོ་འཛུགས་པའི་ལམ་ལུགས་ཀྱི་ཇུས་འགོད་གལ་ཆེན་དང་དམིགས་བསལ་གྱི་བཅོས་སྐྱོང་སྟེགས་བུ་ཡང་ཡིན། མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུང་དབྱང་སྲིད་གྲོས་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། ཆེད་དོན་གྲོས་མོལ་ལས་ཁུངས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། མི་དམངས་སྲིད་གྲོས་ཀྱི་ལམ་ལུགས་བཟང་ཆ་དེ་སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་ཀྱི་བཅོས་སྐྱོང་ནུས་པར་འགྱུར་བ་བྱེད་དགོས། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ལམ་ལུགས་བཟང་ཆར་དམ་འཛིན་ཡག་པོ་བྱེད་པ་དང་། དོན་དག་ཡོད་ན་གྲོས་མོལ་བྱེད་པ་དང་སྤྱི་དོན་སྤྱི་གྲོས་བྱེད་པའི་ལམ་ལུགས་ཅན་གྱི་ལག་ལེན་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་གཏོང་དགོས། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ལས་ཀའི་ལམ་ལུགས་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་། ལག་ལེན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། གྲོས་མོལ་གྱི་རིག་གནས་སྐྱེད་སྲིང་བྱེད་པ་བཅས་བྱས་ནས། སྲིད་གྲོས་གྲོས་མོལ་དང་གྲོས་མོལ་གྱི་རྣམ་པ་གཞན་དག་བར་འབྲེལ་བ་དང་མཐུན་སྦྱོར་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་འགན་སྒྲུབ་ནུས་པ་ཆེ་རུ་ཤུགས་ཆེན་གཏོང་བ་དང་། ཨུ་ཡོན་གྱིས་གྲོས་མོལ་གྱི་སྒྲིག་སྲོལ་བཀོལ་སྤྱོད་དེ་བས་ཡག་པ་བྱ་རྒྱུ་དང་འབྲེལ་གཏུག་བྱ་ཐབས་ཁོང་དུ་ཆུད་པ་བྱ་རྒྱུར་སྐུལ་འདེད་བཏང་ནས། སེམས་ཀྱིས་འགན་འཁྲི་ཤེས་པ་དང་། ལུས་ཀྱིས་འགན་འཁྲི་འཁུར་བ། བྱ་སྤྱོད་ཀྱིས་འགན་འཁྲི་སྒྲུབ་པ་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་དྲིན་ལན་འཇལ་སེམས་དང་མི་དམངས་ལ་བཅངས་པའི་ཕན་སེམས། འགན་སྒྲུབ་ནུས་པ་བཅས་ཟུང་འབྲེལ་དེ་བས་ཡག་པ་བྱེད་དགོས་པ་དང་། རྒྱང་སྐྱོད་གསར་པའི་ཁྲོད་སྲིད་གྲོས་ཨུ་ཡོན་གྱི་འགན་འཁྲི་གསར་པ་མངོན་པར་བྱ་དགོས་ཞེས་ནན་སྟོན་གནང་ཡོད། 

     མཇུག་ཏུ་ཝང་ཡང་གིས། བཙན་འགག་སྲ་མོ་རེད་ཅེས་མ་སྨྲོས་ཤིག ད་ཆ་གོམ་སྟབས་ཆེན་པོས་ཡང་བསྐྱར་འགོ་ནས་བསྐྱོད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱས་ཐོག ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་བ་དང་། དུས་རབས་གསར་པའི་མི་དམངས་སྲིད་གྲོས་བྱ་གཞག་གོང་འཕེལ་གྱི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱ་རྒྱུར་རྒྱལ་ཁ་གསར་པ་ལེན་པ་དང་། ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་བ་བྱ་རྒྱུའི་ཐད་ལེགས་སྐྱེས་སྔར་ལས་ཆེ་བ་འབུལ་དགོས་ཞེས་གསུངས་ཡོད་པ་རེད།  

     ཀུའུ་ཧྲེང་ཙུའུ་ཡིས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས། གྲོས་གཞིའི་ལས་དོན་གནས་ཚུལ་སྐོར་གྱི་སྙན་ཞུ་གནང་ཡོད་པ་རེད། སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་སྐོང་ཚོགས་བྱས་ཚུན་དུ་སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ཀྱི་ལས་ཁུངས་ཁག་གིས་གྲོས་གཞི་5974བཏོན་པ་དང་། གྲོས་གཞི་5044བདག་གཉེར་བྱས་ཡོད། གྲོས་གཞི་དེ་དག་ནི་དུས་རབས་ཀྱི་དོན་སྙིང་ལ་དམ་པོར་གཞིགས་པ་དང་། ལྟེ་བའི་ལས་དོན་ལ་གཅིག་སྡུད་བྱས་པ། མི་དམངས་ལ་བཅངས་པའི་བརྩེ་བས་ཕྱུག་པ། ཨུ་ཡོན་གྱི་སེམས་ནུས་དང་བློ་རིག་གཅིག་སྡུད་བྱས་པ་ཤ་སྟག་ཡིན་ལ། རྒྱ་ཆེའི་མང་ཚོགས་ཀྱི་བསམ་འདུན་དང་རེ་འདུན་མཚོན་ཡོད། གྲོས་གཞི་འགན་གཉེར་ལས་ཁུངས་ཀྱིས་རིམས་ནད་ཀྱི་ཤུགས་རྐྱེན་ཁྱད་བསད་བྱས་ནས་རིམ་པ་བཞིན་འགན་འཁྲི་ནན་གྱིས་འཁུར་བ་དང་། གྲོས་གཞི་བདག་གཉེར་དང་ལན་ཆ་བྱེད་ཚད་བརྒྱ་ཆ་99.64ཟིན་ཡོད། སྲིད་གྲོས་ཀྱི་གྲོས་གཞིའི་ལས་དོན་གྱིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་འཕེལ་ལ་ཞབས་ཞུ་བསྒྲུབ་རྒྱུའི་ཐད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད།

     ཀྲུང་གུང་ཀྲུང་དབྱང་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན་གདན་ཞུས་ལྟར་འགོ་འཛུགས་ཚོགས་འདུར་ཟུར་ཞུགས་གནང་བ་དང་། ཀྲུང་གོར་བཅའ་སྡོད་ཕྱི་རྒྱལ་གྱི་གཞུང་ཚབ་ཕོ་ཉ་སོགས་གདན་ཞུས་ལྟར་འགོ་འཛུགས་ཚོགས་འདུར་ཞུགས་གནང་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1